རག་རྡོ་བློ་བཟང་བསྟན་འཛིན།
རི་མཐོ་ས་གཙང་གངས་རིས་བརྗིད། །ཆུ་ཀླུང་མ་ལུས་འབྱུང་བའི་གཞི། །
ཤར་ཕྱོགས་ཟ་འོག་འཐག་ས་ནས། །ནུབ་ཀྱི་ཏ་ཟིག་ནོར་རྒྱལ་བར། །
དྲག་པོའི་སྟོབས་དང་འབྱོར་བ་ཡི།། །དར་ཡུག་གཅིག་གིས་མངའ་ཐང་བསྐྱངས། །
སྤུར་རྒྱལ་བཙན་པོའི་སྟོབས་འབྱོར་ལ། །དཔེར་འོས་རྒྱལ་པོ་མྱ་ངན་མེད། །
ཐང་ཁྲོ་ཟུང་ལས་འཇིག་རྟེན་འདིར། །རང་བཞིན་བརྗོད་ན་སུ་ཡང་མེད། །
དེ་འདྲའི་རིགས་རྫས་མ་འཕྲུལ་ལས། །འོང་ཞེས་མོ་བོན་ལུང་བསྟན་གྱིས། །
བསྒྲུབ་པར་མི་དགོས་ང་འོ་ཞེས། །ཉིད་ཀྱི་མཛད་པ་ཁོ་ནས་བསྒྲགས། །
སྐྱེ་བརྟགས་མངོན་རློམས་ཚངས་པ་དང་། །ཁེངས་འབྱོར་གྱིས་མཐོ་འདོད་ལྷ་རྣམས། །
ཐུབ་དབང་རང་གི་བློ་གྲོས་སར། །མི་སྨྲ་རྡོ་རྗེའི་གནས་སུ་བཀོད། །
བློ་གྲོས་ལྷ་ལམ་རབ་ཡངས་པར། །ཤེས་བྱའི་ཉི་ཟླ་བགྲོད་པ་ཡིས། །
དོགས་པར་གྱུར་པའི་གནས་མེད་པར། །རིགས་གསར་རྒྱུ་སྐར་ཅི་ཡང་བཀྲ། །
ཁྱོད་བློ་གཉིས་འཐུང་དབང་པོ་དེས། །མཁས་རྒུའི་ཐུགས་བཅུད་ཕོན་པོ་ཀུན། །
ཁམས་ཀྱི་ལྷག་མར་གྱུར་པ་ན། །རང་གི་འགྲམ་ཆང་ཁོ་ནས་མྱོས། །
བོད་ཀྱི་གསོ་རིག་རིག་བྱེད་རི། །བསྐལ་དམན་རྒྱ་མཚོར་བྱིང་བ་ན། །
ཉིད་ཀྱི་རྣམ་དཔྱོད་རུས་སྦལ་གྱི། །སྒལ་པ་ཁོ་ནས་འདེགས་པར་བྱས། །
གཡོ་ཅན་ཉ་པའི་འབྱོར་བ་ཡི། །ཟས་ལ་བཀོན་པའི་ཀྱོ་བ་ཡིས། །
འཚོ་བྱེད་ལྟོ་དཀར་ཕལ་ཆེར་དྲངས། །ཁྱོད་བློ་མཁའ་ལྡིང་ག་ལ་ཞིག །
གསོ་རིག་འཛམ་བུའི་ལྗོན་ཤིང་གི །དཔལ་ལ་རྩོད་པའི་ལྷ་མིན་རྣམས། །
ཤེས་རབ་འདྲེན་བྱེད་སྟོང་ལྡན་གྱི། །བདེན་པའི་རྡོ་རྗེས་མགོ་བོ་བཀས། །
འདྲེན་བྱེད་དབེན་འགས་གཉིས་འཐུང་ལ། ། དཔྱོད་པའི་རྗེས་འགྲོ་རྒྱུད་བཞི་ལ། །
སྨྲ་བྱེད་རྣམས་ལ་འདྲེན་བྱེད་དང་། །སྣང་བྱེད་སྦྱིན་ལ་ཁྱོད་ལས་གང་། །
བོད་ཀྱི་གསོ་རིག་ཁ་འབབ་བཞི། །འབྱུང་གནས་གནའ་གཞུང་མ་དྲོས་མཚོར། །
མི་ཤེས་འབབ་ལྡན་དཔྱོད་པ་དག །ཟླ་བ་མཛུབ་རྩེར་འཚོལ་འདྲར་རྟོགས། །
ཁྱོད་ཐུགས་ནམ་མཁའ་ཡངས་པ་ལས། །བཤེས་གཉེན་རྟ་བདུན་དབང་པོ་ཡི། །
མུན་པ་གཏན་བཅོམ་སྣང་བའི་འོད། །རེས་འཇོག་མེད་པར་རྟག་ཏུ་འཆར། །
ནད་དང་དབུལ་བ་ཟུང་འཇུག་གི །ཟུག་རྔུས་མནར་བའི་ཉམས་ཐག་ལ། །
ཟུག་རྔུ་འབྱིན་པ་བླ་ན་མེད། །དབུགས་དབྱུང་དབྱིགས་ཀྱི་བདག་པོ་ཉིད། །
ཡོལ་གོ་གཙང་ཞིང་མ་རྡོལ་བ། །ཐོགས་གང་བློ་གྲོས་ཆུ་འདོད་པ། །
ཁྱེད་ཀྱི་སྙིང་རྗེ་ཆུ་འཛིན་ལས། །འོང་བའི་གདམས་ངག་ཉལ་འགྲོས་འགེངས། །
གང་ལ་ཐོས་དང་བག་ཡོད་ཀྱི། །བཅུད་ཀྱིས་བལྟམས་པའི་སྙེ་མ་བཞིན། །
ཆོས་མིན་སྤྱོད་པའི་ཐལ་སྙེ་ཡི། །ངང་ཚུལ་ཁྱོད་ནི་ཀུན་ནས་སྟོང། །
གཞུང་ལུགས་འདབ་བརྒྱའི་སྙིང་པོའི་བཅུད། །རྣམ་པར་དཔྱོད་པའི་མཆུས་འབྱིན་པའི། །
ལག་ལེན་སྦྲང་རྩི་མངར་བའི་རོས། །གཏམས་པའི་རྐང་པ་དྲུག་པ་ཁྱེད། །
ཚུལ་བཞིན་མིན་དང་ལོག་པའི་ལྕེས། །ཡང་དག་མིན་པར་སྨྲ་བའི་ལྕེ། །
གཅོད་པའི་རིགས་པའི་རལ་གྲིའི་རྔོ། །གཞན་ལས་རྣོ་བ་ཁྱེད་ཉིད་དོ། །
ཀྱེ་མ་མེས་པོའི་ཟུངས་ཁྲག་ལས། །གྲུབ་པའི་བོད་ཀྱི་རིག་གཞུང་ཟོངས། །
དོན་མེད་དག་ཀྱང་ངའི་འོ་ཞེས། །རྫུན་གྱིས་ཧམ་པས་ཐོབ་ཤ་བྱེད། །
འདི་ན་འགའ་ཞིག་རང་གི་ལུས། །སྒྲུབ་པའི་ཟས་ཀྱི་སྙོད་པའི་དྲིན། །
བརྙས་དང་སྨད་དང་བཀུར་བ་ཡི། །ཐལ་བའི་ཕུང་པོ་སྤུངས་ལ་བྲེལ། །
ལ་ལ་རང་གི་ཁ་ཕོར་གྱི། །མཐིལ་རྟོལ་མི་གཙང་འདོར་བ་ལ། །
སྤྱང་དང་གྲུང་དང་རྒོད་པོ་ཞེས། །རང་གིས་རློམ་ཞིང་གཞན་ལ་ངོམས། །།
མེས་པོ་སྲོག་དང་ཟུངས་ཁྲག་ལས། །གྲུབ་པའི་བོད་ཀྱི་རིག་གཞུང་དེ། །
བདག་པོས་སྟོང་བའི་རྫས་བཞིན་དུ། །དོན་མེད་བདག་པོར་རློམ་ནས་རྩོད། །
འགའ་ཞིག་ཕ་རྒན་མ་སྐྱེས་སྔོན། །ཚ་བོ་སྐྱེས་ཞེས་སྲིད་མིན་གྱི། །
ལོ་རྒྱུས་རྫུན་གྱི་འཁོར་ལོ་ཡིས། །གཞན་མགོ་གདུག་བཞིན་འཁོར་བར་བྱེད། །
དེང་ནི་སྟོབས་འབྱོར་མངའ་ཐང་གིས། །རྒུད་པའི་མཐར་ལྷུང་གངས་ཅན་པ། །
ཀྱེ་ཧུད་ཤི་བའི་ལྟོ་འགྲོ་ལ། །ཁྭ་ཡང་ཁྱུང་བཞིན་ལྡིང་སྐོར་བྱེད། །
གནས་སྐབས་འདི་འདྲར་གྱུར་བ་ཡི། །རང་རིགས་རྣམས་ཀྱི་ངང་ཚུལ་ལ། །
གཟིགས་ཤིག་དབྱིངས་ན་བཞུགས་པ་ཡི། །མེས་པོའི་འཚུན་ལྷ་མ་གཡེལ་ཅིག །
རྒུད་པས་མནར་བའི་བྱིས་པ་ནི། །ཕ་རྒན་ལྷག་པར་དྲན་པ་བཞིན། །
རང་རིགས་རིག་གཞུང་ངང་ཚུལ་ལ། །བསམས་ནས་ཁྱོད་ཉིད་ལྷག་པར་དྲན། །
བོད་ཀྱི་གསོ་རིག་སློབ་དཔོན་ཞིག།
གློ་བུར་འདི་ལྟར་གཤེགས་ན་ཡང་།།
བདག་གི་ཡིད་ལ་འཚོ་ཞིང་གཞེས།།
བརྩམས་ཆོས་དེ་དག་ཁོང་ཉིད་ལགས།།
ག
མཁས་པ་རྣམས་ནི་བང་འགྲན་ནས།
གཅིག་ལས་གཅིག་མགྱོགས་ཕྱི་མིའི་ཡུལ་དུ་ཕེབས།
པོ་ཏི་རྣམས་གཅིག་ལས་གཅིག་རྒས་ཏེ།
ཀ་ཁ་སུམ་ཅུའི་སོ་ཕྲེང་འཐོར་ནས་སོང་།
བོད་མི་རྣམས་ནི་ཆུ་ཡི་ཐིག་པ་བཞིན།
ལ་ལུང་ཀུན་ཀྱི་ཕྱེ་མའི་ནང་དུ་འཐིམ།
ང་ཚོ་བོད་ཀྱི་མཁས་པ་ཞིག་མི་ཡུལ་ནས་ཕེབས་པར་བློ་ཕམ་ཚད་མེད་དང་། ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་གསོན་ཤུག་གི་མེ་རྩ་སླར་ཡང་འབར་ཞིང་དམ་པ་ཁོང་གི་ཤུལ་ལམ་སྙེག་མཁན་གང་མང་ཞིག་ཡོང་སྨོན་ཞུ།།