༄ ༅། །སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ཐུན་མོང་ལ། ཆེད་དོན། ཀུན་གྱིས་ཤེས་གསལ་ལྟར་ཡོངས་གྲགས་སུ་ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པའི་ནང་ བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་དབུ་ཚུགས་ཏེ་ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་མངའ་བདག་ཁྲི་རལ་པ་ཅན་གྱི་བར་ལོ་གྲངས་ཆིག་སྟོང་བརྒལ་བའི་རིང་བོད་རྒྱལ་གདུང་རབས་ཞེ་གཉིས་ཀྱིས་རིམ་པས་ཆོལ་གསུམ་བོད་ལྗོངས་ཡོངས་ལ་མངའ་དབང་བསྒྱུར་ཏེ་པུར་ རྒྱལ་བོད་ཅེས་བྱ་བ་ཤར་གླིང་དབུས་མའི་ནང་དཔུང་སྟོབས་དང་མངའ་ཐང་ཆེ་གྲས་སུ་གྱུར་ཏེ་རྒྱ་ཧོར་བོད་གསུམ་ཞེས་འདྲ་མཚུངས་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཅིང༌། བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་རང་བཙན་པ་འབུར་དོད་བྱུང་བ་ནས་བཟུང་ཆོས་དང༌། རིག་གནས། སྤྱི་ཚོགས་ཀྱི་དཔལ་ཡོན་གང་ས་ནས་འཕགས་ཡུལ་གཉིས་པ་ལྟ་བུར་གྱུར། ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་བོད་སིལ་བུར་ཐོར་བ་ནས་ཆིག་བསྒྲིལ་གྱི་ནུས་པ་ཉམས་ཏེ་ལུང་ཚན་སོ་སོའི་སྒེར་བཙན་ཙམ་ལས་བོད་སྤྱི་ལ་དབང་བའི་ཆབ་སྲིད་ཚགས་ཚུད་མ་བྱུང་བའི་ཐོག ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་འགོ་འཛུགས་ནས་ཇིང་གེ་སི་ཁཱན་གྱི་ཧོར་དམག་འོག་རྒྱ་ནག་ཙམ་མ་ཟད་བོད་ཁམས་ཡོངས་རྫོགས་ཀྱང་ཚུད། ཕྱི་ལོ་ ༡༢༦༠ ནང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆོལ་གསུམ་ཡོངས་ལ་ཁྱབ་པའི་སྲིད་དབང་སླར་གསོ་མཛད་ཀྱང༌། རིང་པོར་མ་ཐོགས་པར་མཐའ་མཚམས་ཇི་བཞིན་སྐྱོང་མ་ཐུབ་ཁར། ལོ་ ༣༨༠ སྐོར་གྱི་ནང་ཕག་གྲུ་དང༌། རིན་སྤུངས། གཙང་པ་བཅས་བོད་ཀྱི་སྲིད་སྐྱོང་ལ་འགྱུར་བ་ཡང་ཡང་བྱུང་སྟེ་སོ་སོའི་རྒྱལ་སའི་ཉེ་འདབས་ས་ཁུལ་ཙམ་ལས་བོད་ལྗོངས་ཡོངས་ལ་ཁྲིམས་དང་དབང་ལུང་གིས་མ་ཁྱབ་ཅིང༌། ནང་ཁུལ་བདེ་གཟར་མང་བས་བོད་སྤྱིའི་ཆབ་སྲིད་ཀྱི་ནུས་པ་ཧ་ཅང་ཉམས་དམས་སུ་གྱུར།
ཕྱི་ ལོ་ ༡༦༤༢ ལོར་ྋགོང་ས་ལྔ་པ་ཆེན་པོའི་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་བཟུང་ྋརྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་གནང་སྲོལ་ ཚུགས་ཤིང༌། བོད་ཁྲི་སྐོར་བཅུ་གསུམ་ཀྱི་ཆབ་སྲིད་གང་ཙམ་སྲ་བརྟན་དང༌། རིས་མེད་རྒྱལ་བསྟན་དར་རྒྱས། བོད་འབངས་རྣམས་རང་དབང་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པ་བྱུང་ཞིང༌། ྋརྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་དགུང་ན་སོན་མཚམས་ཆབ་སྲིད་ཀྱི་མཛད་ཁུར་རིམ་བཞེས་མཛད་ལམ་ཆགས། ཕྱི་ལོ་བརྒྱ་ཕྲག་བཅུ་དགུ་པའི་མཇུག་དང་ཉི་ཤུ་པའི་འགོ་ཙམ་ནས་སྲིད་ཕྱོགས་ཀྱི་ལས་དོན་སྤྱི་དང༌། ཁྱད་པར་རྒྱལ་སྤྱིའི་ནང་ཕྱི་འབྲེལ་ཇི་བཞིན་མ་བྱུང་ཁར། ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་ཆབ་སྲིད་ཀྱི་མངའ་དབང་བཞེས་པ་ནས་རིང་པོར་མ་སོང་བར་འགལ་རྐྱེན་དབང་གིས་སོག་ཡུལ་དང༌། རྒྱ་ནག རྒྱ་གར་བཅས་སུ་ཕེབས་དགོས་བྱུང་སྟེ་སླར་རྒྱལ་ཁབ་ཏུ་ྋཞབས་སོར་འཁོད་བསྟུན་བོད་ཀྱི་མངའ་དབང་གི་གནས་བབ་བསྐྱར་ནན་གསལ་བསྒྲགས་དང་འབྲེལ་བར་སྐབས་རྒྱལ་སྤྱིའི་གནས་ཚུལ་གཟིགས་རྟོག་ཇི་བྱུང་བཞིན་བོད་འབངས་བདེ་ཐབས་དང༌། ཆབ་སྲིད་ཕྲ་ཚུགས་ཐབས་སུ་དེང་རབས་ཀྱི་སློབ་གསོ་དང༌། ལམ་ལུགས་ལེགས་བཅོས་སོགས་ལ་ཐུགས་བརྩོན་གནང་སྟེ་རླབས་ཆེན་གྱི་གྲུབ་འབྲས་བྱུང་ནའང༌། ཐུགས་བཞེད་ཡོངས་རྫོགས་ཇི་བཞིན་མ་འགྲུབ་པའི་གནས་ཚུལ་ཆུ་སྤྲེལ་ཞལ་གདམས་ལས་དཔོག་ནུས། ཕྱོགས་མཚུངས་དགའ་ལྡན་ཕོ་བྲང་གི་རྒྱལ་ཚབ་དང་སྲི་ཞུ་བ་ན་རིམ་གྱིས་ནོར་འཁྲུལ་དང་འཐུས་ཤོར་སྣ་ཚོགས་བྱུང་ཡོད་མོད། མདོ་དོན་བོད་སྤྱིའི་ཆབ་སྲིད་ཀྱི་མངའ་དབང་མི་དམན་ཙམ་ལོ་བཞི་བརྒྱར་ཉེ་བའི་ རིང་སྲ་བརྟན་འཛིན་སྐྱོང་ཐུབ་པ་བྱུང་ཡོད།
ངོས་རང་ྋརྒྱལ་བའི་ཡང་སྲིད་དུ་ངོས་འཛིན་ཁྲི་འདོན་བྱུང་རྗེས་ཆུང་ངུའི་དུས་ནས་འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་དེང་རབས་ཅན་དུ་བསྒྱུར་གལ་ཆེ་བའི་བསམ་ཚུལ་ཡོད་མུས་སུ། རང་ལོ་བཅུ་དྲུག་ལས་མ་སོན་ཞིང༌། རྒྱལ་སྤྱིའི་ལམ་སྲོལ་ལྟ་ཅི། བོད་རང་གི་སྲོལ་རྒྱུན་ལམ་ལུགས་ཁག་ཀྱང་ཆ་ཚང་རྒྱུས་མྱོང་མེད་སྐབས་ནས་ཆབ་སྲིད་ཀྱི་འགན་ཁུར་སྔ་བསྣུར་གྱིས་མ་ལེན་མཐུ་མེད་བྱུང་སྐབས། གནས་བབ་ཛ་དྲག་དང་རྐྱེན་ངན་རྣམ་མང་རུ་འཛིངས་སུ་ཡོད་ནའང༌། བོད་ཀྱི་ཆབ་སྲིད་ལམ་སྲོལ་སྔར་ལམ་དེབ་གསལ་ལྟ་བུ་མིན་པར་གནས་དུས་དང་འཚམས་པའི་བསྒྱུར་བཅོས་བྱེད་རྒྱུའི་འདུན་པ་ཆེ་བསྐྱེད་ཡོད་ཁོངས་ནས། བསྒྱུར་བཅོས་ཚོགས་པ་གསར་འཛུགས་སོགས་ཐབས་ཤེས་རྣམ་གྲངས་མི་ཉུང་བ་ཞིག་བྱས་རུང༌། ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་དབང་གིས་འདོད་བློ་ཁེངས་པའི་ལེགས་བཅོས་བྱེད་མ་ ཐུབ།
ཕྱི་ ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་མ་ཐག་མང་གཙོའི་ལམ་སྲོལ་ལག་བསྟར་བྱ་རྒྱུ་གལ་གནད་ཆེ་ཤོས་གྲས་སུ་བརྩིས་ཏེ་བཀའ་བློན་ལས་ཁུངས་ཁག་ཆ་བགོས་གསར་འཛུགས་དང༌། མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་སོགས་རིམ་འཛུགས་བྱ་ རྒྱུའི་གྲ་སྒྲིག་བྱེད་འགོ་ཚུགས།
རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་ཡུལ་མི་ཡོངས་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་འགན་ཁུར་བའི་ཐོག་ནས་གནས་དུས་དང༌། མང་ཚོགས་ཀྱི་མངོན་འདོད་ལ་བསྟུན་ནས་ཆབ་སྲིད་འཛིན་སྐྱོང་མ་བྱས་པར། རྒྱུད་འཛིན་ལྟ་བུའི་འགོ་ཁྲིད་མི་གཅིག་ལ་བློས་འགེལ་གྱིས་མང་ཚོགས་འགན་ཁུར་ མེད་པར་བསྡད་ན་རྒྱལ་ཁབ་དང་མི་རིགས་སྲ་བརྟན་གནས་མི་ཐུབ་པ་དང༌། ཡུལ་ལུང་གི་ཡར་རྒྱས་ཚུལ་བཞིན་ཡོང་མི་ཐུབ་པ་དངོས་མཐོང་ཁར། མི་གཅིག་དབང་འཛིན་གྱི་ལམ་སྲོལ་ནི་དུས་ཚོད་ཡོལ་ཟིན་པ་དང༌། དེང་རབས་ཆབ་སྲིད་ཀྱི་ལམ་སྲོལ་ཐམས་ཅད་ཀྱི་ནང་ནས་གུ་ཡངས་མང་གཙོའི་རིང་ལུགས་བཟང་ཤོས་ཡིན་པ་བཅས་ལ་བརྟེན་གཞན་གྱི་ལད་མོ་དང་མཛེས་ཆོས་ཙམ་མ་ཡིན་པར་བོད་མི་ས་ཡ་དྲུག་གི་འཕྲལ་ཕུགས་ཀྱི་བདེ་དོན་རང་ལ་དམིགས་ཏེ་མང་གཙོའི་ལམ་སྲོལ་ལ་ཡིད་ཆེས་ཀྱིས་བསྒྱུར་བཅོས་ལག་ལེན་སྒོ་དུ་མ་ནས་བརྩམས་ཏེ། ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང༌། དེ་རྗེས་མ་འོངས་བོད་ཀྱི་རྩ་ཁྲིམས་འཆར་ཟིན་གསལ་བསྒྲགས། ཕྱི་ལོ་ ༡༩༩༠ ལོར་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཆེད་བཙུགས་དང༌། སྤྱི་འཐུས་གྲངས་སྤར་གྱིས་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་དུ་གནས་རིང་ལག་བསྟར་ཐུབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་ཏེ་ཁྲིམས་ཀྱི་དབང་བསྒྱུར་མིང་དོན་མཚུངས་པ་དང༌། སྤྱི་ལྷན་དབང་ལུང་ལྡན་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་ཐུབ་པ་སོགས་བཙན་བྱོལ་བའི་གནས་བབ་ལ་གཞིགས་པའི་གྲུབ་འབྲས་མི་དམན་པ་ཐོན་ཡོད། ཕྱི་ལོ་ ༢༠༠༡ ལོར་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་བཀའ་བློན་ཁྲི་པ་མང་ཚོགས་ནས་ཐད་ཀར་འོས་འདེམས་དགོས་པའི་ལམ་སྟོན་ལག་བསྟར་བྱས་པ་ནས་བཟུང་ངོས་རང་རྒྱུན་ལྡན་འཛིན་སྐྱོང་གི་ལས་དོན་ཐོག་ཐེ་བྱུས་མི་དགོས་པར་ཕྱེད་རྒས་ཡོལ་ལྟ་བུས་འཇིག་རྟེན་སྤྱི་ཡོངས་ལ་སྨན་པའི་བྱེད་སྒོ་གཞན་གྱི་ཐོག་དུས་ཚོད་ཇེ་མང་གཏོང་རྒྱུའི་གོ་སྐབས་བླངས་པ་ཡིན།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་སུ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཆོས་ལུགས་རིས་མེད་དང༌། ཡུལ་མིའི་རྒྱལ་ཁབ་ཀྱི་བརྗོད་ཚིག་བཀོད་པ་དེ་ཡང་མཐར་ཐུག་ཆབ་སྲིད་ཀྱི་དབུ་ཁྲིད་མཚན་གནས་རྗེས་འབྲེལ་མ་ཡིན་པར་འོས་བསྡུའི་ལམ་ནས་ཡོང་རྒྱུའི་ཆ་རྐྱེན་དུ་ཕུགས་དམིགས་བཟུང་བ་ཞིག་ཡིན།
མདོ་དོན་མང་གཙོའི་ལམ་སྲོལ་གྱི་ངོ་བོའམ་སྙིང་དོན་མཐར་ཐུག་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གང་ཡང་མི་བྱེ་བྲག་པ་གཅིག་ལ་བརྟེན་མི་དགོས་པར། མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་འགོ་ཁྲིད་རིམ་པས་མི་མང་གི་འགན་ཁུར་ཆ་ཚང་ཐུབ་པ་བྱེད་རྒྱུ་དེ་ཡིན་སྟབས། ད་ཆ་རང་རེའི་མང་གཙོའི་ འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་ སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད།
དེ་འདྲའི་བསམ་ཚུལ་དེ་ཉེ་དུས་གསར་བྱུང་ཞིག་མིན་པར་མང་གཙོའི་ལམ་སྲོལ་དུ་བསྐྱོད་རྒྱུའི་ལས་རིམ་འགོ་འཛུགས་བྱེད་སྐབས་ནས་ཡོད་ཀྱང་ཕྱི་ནང་གི་གནས་ཚུལ་སྤྱི་དང༌། ཁྱད་པར་མང་ཚོགས་དང་འོས་འདེམས་བྱས་པའི་འཐུས་མི་རྣམས་ཀྱི་ཤེས་འཇོན་དང༌། བསམ་སྤྱོད་མྱོང་གོམས་བཅས་ཚད་ལོང་ཡོང་རེས་ངང་སྒུག་བྱས།
མི་ ལོ་བཞི་བརྒྱར་ཉེ་བའི་རིང་ྋརྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་དངོས་བརྒྱུད་ཅི་རིགས་ནས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་པའི་སྲོལ་རྒྱུན་ལ་གོམས་ཤུགས་ཆེ་བའི་བོད་མི་སྤྱི་དང༌། ཁྱད་པར་གཞིས་བཞུགས་བོད་མི་རྣམས་ཀྱིས་ྋརྒྱལ་བ་རིན་པོ་ཆེ་མེད་པའི་བོད་མིའི་ཆབ་སྲིད་ཀྱི་སྒྲིག་འཛུགས་ཤིག་བསམ་བློར་འཆར་དཀའ་བའི་སྔོན་གོམས་བག་ཆགས་ཀྱི་དབང་གིས་གནས་ཚུལ་འདི་རིགས་མང་ཚོགས་ནས་འཕྲལ་མར་ངོས་ལེན་ཡོང་ཐབས་དཀའ་བ་ཤེས་རྟོགས་ཡོད་པ་ལྟར་འདས་པའི་ལོ་ ༥༠ ཙམ་གྱི་རིང་གཞིས་བྱེས་མང་ཚོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་དང༌། འགན་ཁུར་གྱི་སེམས་སྟོབས་གོང་མཐོར་སྤེལ་ཐབས་སྒོ་དུ་མ་ནས་བྱས་དང་བྱེད་བཞིན་པ་དཔེར་ན། ཕྱི་ལོ་ ༡༩༦༩ ལོར་གསུམ་དུས་གསུང་འཕྲིན་དུ་”བོད་འཛིན་སྐྱོང་བྱེད་པའི་གོ་སྐབས་བོད་མི་ཚོར་བྱུང་བའི་ཉིན་བོད་ཀྱི་སྲིད་གཞུང་ཇི་འདྲ་ཞིག་འཛུགས་མིན་ནི་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་མ་ཟད། ཏཱ་ལའི་བླ་མས་འཛིན་སྐྱོང་བྱེད་པའི་གཞུང་གི་སྲོལ་ལུགས་འདི་ཡང་ཡོང་གི་ཡོད་མེད་ངེས་པ་མེད། མ་འོངས་པའི་བོད་ཀྱི་ཐག་གཅོད་ནི་བོད་མི་མང་རང་གིས་བྱེད་ངེས་ཡིན་ཞིང༌། ལྷག་པར་དེང་དུས་ཤེས་ཡོན་སྦྱང་བརྩོན་བྱས་པའི་གཞོན་སྐྱེས་ཡར་ཐོན་ཅན་ཚོའི་བསམ་ ཚུལ་གྱི་ནུས་ཤུགས་འདོན་ངེས་ཡིན།” ཞེས་དང༌། དེ་བཞིན་ ༡༩༨༨ ལོའི་གསུམ་དུས་གསུང་འཕྲིན་ནང་ “ངས་དེ་སྔོན་ནས་ཐེངས་མང་ཤོད་མྱོང་བ་ལྟར། ཏཱ་ལའི་བླ་མའི་ལམ་སྲོལ་འདི་ཡང་མུ་མཐུད་གནས་དགོས་མིན་ནི་བོད་མི་མང་གིས་ཐག་གཅོད་བྱེད་ངེས་ཡིན།” ཞེས་དང༌། དེ་བཞིན་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་ནས་བཟུང་བཀའ་ཤག་དང༌། སྤྱི་འཐུས། ལས་བསྡོམས་ཚོགས་འདུ་སོགས་སུ་ད་ཕྱིན་རྒྱལ་བ་རིན་པོ་ཆེ་མེད་པ་ལྟ་བུར་བརྩིས་ཏེ་གཞུང་དང་མང་ཚོགས་ཀྱི་ལས་འགན་ཆ་ཚང་འཁུར་དགོས་ཞེས་ཡང་ཡང་བཤད་ཡོད། དེ་བཞིན་སྤྱི་འཐུས་སྐབས་ ༡༣ པའི་ཚོགས་གཙོ་དང༌། སྐབས་དེའི་ཁྲིམས་ཞིབ་པ་ཆེ་བ་བཅས་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་འཆར་ཁག་གི་ཐོག་ངོས་ནས་མིང་རྟགས་འགོད་རྒྱུས་མཚོན་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་ཁྲིད་ཀྱི་མཚན་གནས་རྗེས་འབྲེལ་གྱི་བྱེད་སྒོ་དེ་རིགས་མེད་པ་བཟོ་འགབ་བརྗོད་ཡོད་ཀྱང༌། སྐབས་དེར་རྒྱུ་མཚན་རྣམ་མང་བགྲངས་ཏེ་གནས་སྐབས་ངང་འཐེན་དགོས་པའི་ཨུ་ནན་བྱུང་བ་ལྟར་དེ་མུས་སུ་ལུས། དེ་བཞིན་སྔ་ལོ་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྐབས་སུའང་ཞིབ་ཕྲ་བརྗོད་རྒྱུ་བྱུང་བ་ལྟར། ད་ཆ་གལ་ཆེའི་གནད་དོན་འདི་ཉིན་འགྱངས་ཞག་འཕུལ་དུ་མ་བཞག་པར་ད་རེས་གྲོས་ཚོགས་ཀྱི་ཚོགས་དུས་འདིའི་ཐོག་བཅའ་ཁྲིམས་གཙོ་བོར་གྱུར་པའི་ཁྲིམས་སྒྲིག་ཁག་ལ་ བསྐྱར་བཅོས་དགོས་ངེས་རྣམས་བསྐྱར་བཅོས་ཀྱིས་ངོས་ནས་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་གང་ཡང་མ་དགོས་པ་ཞིག་ངེས་ པར་བྱེད་དགོས།
སྐབས་ འདིར་ནན་བརྗོད་བྱ་རྒྱུ་ཞིག་ལ། བར་སྐབས་དེར་བཙན་བྱོལ་བོད་མིའི་སྡོད་སྒར་ཁག་གིས་མཚོན་བོད་ཕྱི་ནང་གི་མང་ཚོགས་དང༌། མི་སྒེར་མང་པོས་ལྷག་བསམ་ཟོལ་མེད་ཀྱིས་ངོས་ལ་སྔར་བཞིན་ཆབ་སྲིད་ཀྱི་འགན་ཁུར་མུ་མཐུད་བྱ་དགོས་རེ་བསྐུལ་བྱུང་ཡང༌། ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད། ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང༌། བོད་མི་རིགས་དང་རྒྱལ་དབང་སྐུ་ཕྲེང་དབར་ལས་སྨོན་གྱི་འབྲེལ་བའི་དབང་གིས་རྒྱ་ཆེའི་མང་ཚོགས་ཚང་མའི་ཡིད་ཆེས་བློ་གཏད་ཡོད་པ་དེ་སྲིད་དུ་ངོས་ནས་བསྟན་སྲིད་སྤྱི་དོན་ཡལ་བར་འདོར་མི་སྲིད་ཅིང༌། བོད་ཀྱི་རྩ་དོན་སྒྲུབ་ཐབས་དང༌། ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་རྒྱུན་འཁྱོངས་ངེས་པར་བྱེད་རྒྱུར་ཚང་མས་བློ་ གཡེང་མི་དགོས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༡ པའི་ནང་སྡེ་སྲིད་ལྷན་ཚོགས་ཀྱི་ཆ་རྐྱེན་ཞིག་ཡོད་ཀྱང་དེ་ནི་སྔོན་སྲོལ་རྒྱུན་སྐྱོང་ལྟ་བུ་དང་བར་བརྒལ་གྱི་ཆ་རྐྱེན་ཙམ་ལས་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་མི་དགོས་པའི་ཆ་རྐྱེན་ཞིག་ཏུ་གྱུར་མེད། དེར་བརྟེན་ད་ལམ་བཅའ་ཁྲིམས་བསྐྱར་བཅོས་སྐབས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་ཤིང༌། དེའི་འོག་རྗེས་འབྲེལ་དོན་ཚན་གཞན་དག་དང༌། ཁྲིམས་སྒྲིག་གཞན་ཁག་བསྐྱར་བཅོས་བྱ་རྒྱུའི་ཆེད་ཚོགས་ཆུང་ཟུར་འཛུགས་སམ་ལས་རིམ་ཇི་དགོས་ཚོགས་དུས་འདི་རང་དུ་གཏན་འབེབས་ལག་བསྟར་ངེས་པར་དུ་ཐུབ་པ་དགོས་རྒྱུ། དེ་ལྟར་བྱུང་མཚམས་མ་འོངས་བོད་ཀྱི་རྩ་ཁྲིམས་འཆར་ཟིན་དང་ཆབ་སྲིད་ལམ་སྟོན་སོགས་ངོས་ཀྱིས་སྤེལ་བའི་སྲིད་དོན་གྱི་ཡིག་ཆ་འགའ་ཤས་རང་བཞིན་ནུས་མེད་དུ་འགྲོ་རྒྱུ་དང༌། དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་ཡང་སྐབས་བསྟུན་འགྱུར་བ་གཏོང་དགོས་དེ་དོན་ ཡིད་འཇགས་འཚལ། གྲོས་ཚོགས་ཀྱི་བྱེད་སྒོ་ཁག་ལམ་ལྷོང་ཡོང་བའི་སྨོན་འདུན་བཅས་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ཆོས་སྨྲ་བ་བསྟན་འཛིན་རྒྱ་མཚོས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༡ དགེ་བར་བྲིས།། །།
༸གོང་ས་མཆོག་གི་དགོངས་གཞི་རྟོགས་སོང་། ཕྱོག་ལས་མ་གནང་ཡང་མཚན་གནས་འདི་ངེས་པར་དུ་བཞེས་རོགས་གནང་། ཉིད་ཀྱི་མཚན་གནས་འདིས་མི་དམངས་ཀྱིས་ལས་དོན་བསྒྲུབ་པར་འགལ་རྐྱེན་གང་ཡང་བཟོ་གི་མི་འདུག དེ་འདྲ་སོང་ཙང་བོད་མིའི་དད་དམ་ལ་དགོངས་བཞེས་གནང་རོགས།
༧རྒྱལ་བ་རིན་པོ་ཆེའི་གསུང་འཕྲིན་ལ་མཇལ་རྗེས།
ཐད་ཀར་དུ་བཤད་ཐུབ་པ་ཞིག་ནི་ང་ཚོའི་བཀུར་འོས་སྤྱི་འཐུས་རྣམ་པ་ཚོར་རྣམ་དཔྱོད་མེད་ན་མ་གཏོགས། ཡོད་ཚད་ཕྱིར་བཏོན་དགོས་པའི་གསུང་འཕྲིན་རིའི་རྒྱལ་བོ་རི་རབ་འདྲ་བ་ཞིག་བསྩལ་འདུག་པས། ད་གལ་གནད་ཅན་དང་། ལོ་རྒྱུས་རང་བཞིན་ལྡན་པའི་གནད་དོན་འདིར་ཅི་ལྟར་ཐག་གིས་གཅོད་མིན་ལྟ་ཡི་ཡིན། དེ་རིང་ཉིན་རྒྱབ་གསང་བའི་ངང་ཚོགས་འདུ་ཚོགས་སོང་། གྲུབ་འབྲས་རླབས་ཆེན་ཞིག་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད། ད་རེའི་སྤྱི་འཐུས་ཚོར་རྔུལ་ནག་ཤམས་སེ། གང་བྱུང་མང་བྱུང་རྐུབ་སྟེགས་འདི་ནོན་མི་ཉན་པའི་ཚོར་བ་སླེབས་ཡོད་ཤག་ལ། ཡང་རེ་ཤོས་ཀྱིས་ལས་སྨོན་དུས་སུ་སྨིན་པར་ངོས་བཟུང་སྟེ། འདི་འདྲའི་ཉག་ཕྲ་བའི་སྐབས་སུ་བོད་མི་རིགས་ཀྱི་རྩ་དོན་སྒྲུབ་རྒྱུའི་སྨོན་ལམ་ཐེབས་འདུག་བསམ་ནས། མི་ཚེའི་སྙིང་དོན་ལ་ངོས་བཟུང་ནས་དགའ་སྐྱོའི ཚོར་བ་མཉམ་ཏུ་ཡོང་གི་ཡོད་ཤག་རེད།
ད་ལྟོས་བསྡད་ཡོད། བཀུར་འོས་སྤྱི་འཐུས་རྣམ་པ་ཚོ། ད་རྔུལ་ནག་མ་རྒྱག་པར་གྲོས་བསྡུར་ཡག་པོ་བྱོས།
སྐྱབས་སུ་མཆི། ད་བོད་ཁ་བ་ཅན་ལ་ཤེས་འཇོན་གཉིས་ལྡན་དང། རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་བརྩེ་སེམས་དང་སྙིང་སྟོབས་ཅན་ཡོད་ན་ཁ་རྒྱབ་དང་ཁྱིམ་ཚང་གོ་ར་གང་གི་ཆེད་དུ་མི་ཚེ་མི་གཏོང་བར་མི་ཚེ་ལ་རིན་ཐང་སྐྲུན་པའི་གོ་སྐབས་སྤྲད་འདུག་ལ། ནམ་རྒྱུན་བཤད་སྲོལ་ལྟར་“ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་”ཟེར་བ་ལྟར། ཤར་ནུབ་ཀྱི་རྒྱལ་ཁབ་བཞིན་ཟུངས་ཁྲག་གིས་འགྲོ་གྲོན་བཏང་སྟེ་རྩོད་ལེན་བྱེད་མ་དགོས་པར་གསོལ་རས་བསྩལ་འདུག་ན་འགན་ཕྲག་ཏུ་ལེན་པའི་དུས་ལ་སླེབས་འདུག་ལགས།
རྒྱལ་བ་རིན་པོ་ཆེ་ཡི་དགོངས་གཞི་འབབ་ས་གཙོ་བོ་ནི༼བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད༽ཅེས་པ་འདི་རང་རེད།
དགོངས་གཞི་འདི་བཞིན་ལེགས་ལམ་དུ་མ་སོང་ན་འདོད་ཀྱིན་པའི་དཔུང་ཁག་གཉིས་ཡོད་པ་རེད།
༡ པེ་ཅིན་སྲིད་གཞུང་རེད་ལ། དམིགས་ཡུལ་གཙོ་བོ་ནི་རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་ཕྱི་ཉིན་བོད་ཀྱི་གནད་དོན་ཚར་ཟིན་པར་བཟོ་རྩིས་ཀྱི་འཆར་གཞི་བཏིངས་ཡོད་པ་རེད།
༢ ཁེ་བཟང་ལེན་མཁན་ཕྱོགས་ཁག་རེད་ལ། སྐུ་བཞུགས་ཐོག་མི་ལས་དགུ་ལས་ཀྱིས་ལེགས་འགྲུབ་མ་བྱུང་ན་ཡད་ཚད་དབུ་ལ་གཡུགས་རྐྱང་བྱེད་ཀྱིན་པ་རེད།
མདོ་དོན་མང་གཙོའི་ལམ་སྲོལ་གྱི་ངོ་བོའམ་སྙིང་དོན་མཐར་ཐུག་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གང་ཡང་མི་བྱེ་བྲག་པ་གཅིག་ལ་བརྟེན་མི་དགོས་པར། མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་འགོ་ཁྲིད་རིམ་པས་མི་མང་གི་འགན་ཁུར་ཆ་ཚང་ཐུབ་པ་བྱེད་རྒྱུ་དེ་ཡིན་སྟབས། ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད། ལགས་སོ་བཀའ་གསུངས་དང་ལེན་བྱ། སྐུ་ཉིད་བགྲེས་ཡོལ་དུ་ཕེབས་པར་རྒྱབ་སྐྱོར་གཙང་མ་ཞུ། གྲོས་ཚོགས་འདི་ལ་རེ་བ་རྒྱག་རྒྱུ་ཡོད་པ་མ་རེད།
༼མདོ་དོན་མང་གཙོའི་ལམ་སྲོལ་གྱི་ངོ་བོའམ་སྙིང་དོན་མཐར་ཐུག་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གང་ཡང་མི་བྱེ་བྲག་པ་གཅིག་ལ་བརྟེན་མི་དགོས་པར། མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་འགོ་ཁྲིད་རིམ་པས་མི་མང་གི་འགན་ཁུར་ཆ་ཚང་ཐུབ་པ་བྱེད་རྒྱུ་དེ་ཡིན་སྟབས། ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད།༽ལགས་སོ་བཀའ་གསུངས་དང་ལེན་བྱ། སྐུ་ཉིད་བགྲེས་ཡོལ་དུ་ཕེབས་པར་རྒྱབ་སྐྱོར་གཙང་མ་ཞུ། གྲོས་ཚོགས་འདི་ལ་རེ་བ་རྒྱག་རྒྱུ་ཡོད་པ་མ་རེད།
བཙན་བྱོལ་གཞུང་གི་སྲིད་བློན་གཞོན་པ་ཞིག་ཀྱང་འདམ་དགོས་ཐུག་ཡོད ། བཀའ་བློན་ཞེས་པའི་མང་བྱང་འདི་བརླག་སྟེ་སྲིད་འཛིན་སྲིད་བློན་ཞེས་འདོགས་བྱུང་།
ད་ལྟའི་བར་དུ་ཨ་ཕའི་བཀའ་དྲིན་གྱི་འོག་ཏུ་བུ་ཕྲུག་རྣམས་རྣམ་གཡེང་དང་ལེ་ལོའི་དབང་དུ་བསྡད་ནས་ཁྱིམ་ཚང་གི་ལས་དོན་ལ་དོ་སྣང་རྩ་བ་ནས་བྱས་མེད། ད་ལྟ་ཨ་ཕས་བུ་ཕྲུག་རྣམས་ལ་ཁྱིམ་ཚང་གི་འགན་ཡོངས་རྫོགས་རྩིས་སྤྲད་པའི་རྗེས་སུ་བུ་ཕྲུག་རྣམས་བདེ་བར་སྡོད་ཐུབ་མིན་ལ་བལྟའོ། །
དེ་རིང་སྒྲུང་ཞིག་བཤད་འདོད་སྐྱེས་བྱུང་། མནའ་སྔར་སྔར་མོ་ཞིག་ལ་དར་རྩེ་མདོ་ནས་ལྷ་ས་བར་དུ་ཚོང་བརྒྱབས་མཁན་ཚོང་དཔོན་ཞིག་ཡོད་པ་རེད། ཚོང་དཔོན་ཁོང་ལ་གཡོག་པོ་ཡོད་པ་རྣམས་ཀྱིས་གླུ་ལེན་པ་དང་སྣང་བ་ཧ་ཅང་སྐྱིད་པོ་ཡོད་པ་རེད། ཚོང་དཔོན་ཁོང་རང་ནི་འགན་ཁུར་མང་བ་དང་བསམ་བློ་མང་པོ་བཏང་དགོས་པའི་རྐྱེན་གྱིས་གླུ་ལེན་འདོད་མེད་ལ་སྣང་བ་སྐྱིད་པོ་ཡང་མེད།
ཉིན་གཅིག་ཚོང་དཔོན་དེས་ཇ་ཇ་སྒམ་གསུམ་གཡོག་པོ་ལ་སྤྲད་ནས་ཁྱོད་རང་གིས་ཇ་སྒམ་གསུམ་གྱི་མ་རྩ་ཐོག་ནས་ཚོས་རྒྱབ་དང་ཡག་པོ་འདུག ཁེ་ག་ཚོད་ཡོད་ན་ཁྱོད་རང་གི་ཡིན་ཞེས་གསུངས་པ་རེད། དེའི་ཕྱི་ཉིན་ནས་གཡོག་པོ་ལ་ཡང་གླུ་ལེན་གྱི་མེད་པ་དང་སྣང་བ་མི་སྐྱིད་པ་རེད།
སྐྱབས་སུ་མཆི་ སྐུ་ཉིད་བགྲེས་ཡོལ་ཕེབས་པར་རྒྱབ་སྐྱོར་གཙང་མ་ཞུ། ཡིད་ཆེས་བྱེད་མི་ཐུབ་ས་དེ་སྤྱི་མཐུས་མགོ་རིལ་དེ་ཚོ་དང་ཕྱོགས་རིས་མཐུན་ཁྱེར་ཁོ་ན་བྱེད་སྡད་མཁན་ཞབས་འདྲེན་པ་དེ་ཚོ་རེད།།
འཇང་ཕྲུག ༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་སྐྱེལ་ཞུས། སྤྱི་འཐུས་ལ་ཡིད་ཆེས་མེད། ད་འོ་ན་ཁྱོད་རང་གཅིག་པུ་ལས་ལྷག་གི་མི་འདུག་ག ད་འདི་སྣང་སྲིད་ཐམས་ཅད་དགྲ་རུ་ལངས་ཞེས་པ་དེ་ཡིན་གྱི་རེད།
དགའ་ལྡན་ཕོ་བྲང་གིས་མཐུས་ཤོར་བཏང་སྟེ། བོད་དེ་འཛམ་གླིང་རྒྱལ་ཁབ་ཀུན་གྱི་་སྒྲིག་འཛུགས་ཁོངས་སུ་འཛུལ་མ་ཐུབ་པ་དེ་རེད། དེར་བརྟེན་ད་ལྟའང་བོད་དེ་ག་རེ་ཆགས་ཡོང་ངམ་སྙམ་པའི་སེམས་ཁྲལ་འདུག གོང་ས་མཆོག་གིས་གཟིགས་རྟོག་གནང་སྐྱོངས་ཡོང་བར་མཁྱེན།
དུས་རྒྱུན་དུ་ཆབ་སྲིད་པ་འགས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་ཚོ་ལ་དབང་ཆ་ཡོངས་རྫོགས་སྤྲོད་ཀྱི་མིན་་འདུག་ཅེས་འཁང་ར་བྱེད་བཞིན་ཡོད་རེད། ད་ཁྱེད་ཚོ་འཇོན་ན་འཇོན་ཐང་ངོམས་ཤིག
༧ རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་རྒྱ་མཚོ་ལས་ཀྱང་ཟབ་བོ།
རང་གྲོལ་གིས་གསུངས་པ་ལ་གུས་བསྐུར་ཞུ
ལྷུན་གྲུབ་མིང་ཅན་པས་༸གོང་ས་མཆོག་ལ་བརྩི་བཀུར་ཞུ་ཚུལ་ལ་ཡང་དམོད་པ་ཚད་དུ་མེད་པ་ཞིག་བྱས་འདུག དོན་དུ་དགའ་ལྡན་ཕོ་བྲང་དེ་ཏཱ་ལི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ནས་བཙུགས་ཏེ་སྐུ་ཕྲེང་རིམ་པས་སྐུ་དབང་བཞེས་པ་ཁ་གསལ་རེད། ད་འོ་ན་ཁྱེད་རང་བཤད་ཚོད་བྱས་ན་ད་བར་ལ་འཐུས་ཤོར་གཏོང་མཁན་གཙོ་བོ་དེ་ཏཱ་ལི་བླ་མ་སྐུ་ཕྲེང་རིམ་བྱོན་རྣམ་རེད་པས།
འོ་ན་ད་དགའ་ལྡན་ཕོ་བྲང་མིང་བསྒྱུར་ནས་སྤྱན་རས་གཟིགས་ཟུར་པའི་ཕོ་བྲང་ཟེར་ན་གང་འདྲ་འདུག
སྤེན་པ་མིང་ཅན་གོ་ནོར་ཐེབས་འདུག གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་ལ་ཞུས་མེད། དེའི་འོག་ཏུ་ཕྱག་ལས་གནང་མཁན་སྐུ་དྲག་རྣམས་ལ་ཡིན། འཐུས་ཤོར་བཏང་བ་ནི་བསྲུབ་ཏུ་མེད་པའི་ལོ་རྒྱུས་རེད། གཟིགས་དང་།
ད་བློ་སེང་དང་བསྟན་འཛིན་རྣམ་རྒྱལ་སུ་བཀའ་ཁྲིར་ཕེབས་ཀྱང་། འགན་འཁུར་ལྕི་བོ་ཞིག་རེད་ལ་ཁ་ཞེ་གཉིས་མེད་ཀྱིས་བོད་ཀྱི་རྩ་དོན་སྒྲུབ་པའི་གོ་སྐབས་ཤིག་ཀྱང་རེད།
རྒྱལ་བ་རིན་པོ་ཆེས་ད་དམངས་གཙོ་ངོ་མ་གསོལ་རས་གནང་སོང་། ད་འཇམ་དབྱངས་ནོར་བུའི་ཁ་སྐོན་ས་དེ་ཤོར་སོང་། རྒྱལ་བ་རིན་པོ་ཆེས་འདི་འགྲིག་གི་མིན་འདུག དེ་ནོར་བཞག་ཟེར་བའི་ཁ་སྐོན་དེ་ཤོར་སོང་བ་རེད།
ལྷུན་མིང་ཅན། ༸གོང་ས་སྐུ་ཕྲེང་རིམ་ཅན་ལ་ཁྱོད་རང་གིས་བརྗོད་རྒྱུའི་འོས་བབ་དང་ཐོབ་ཐང་དེ་ཡོད་པ་མ་རེད། ཁོང་གི་འོག་གི་སྐུ་དྲག་ལ་ཁྱོད་རང་ནས་སྡང་ཟུག་བྱེད་སྟངས་ལ་བལྟས་ན། ཁྱོད་རང་རྒྱ་མིས་བརྗོད་པའི་འབྱོར་མེད་གྲལ་རིམ་དང་ཡར་ལངས་ཞིང་བྲན་ཞེས་པ་འཇུག་ཡུལ་གྱི་སྤྲང་པོའི་རྒྱུད་པ་ཡིན་པ་ལ་ཐེ་ཚོམ་མི་འདུག ཁྱོད་རང་གིས་ག་རེ་འཇོན་ཡོད་ཤོད་དང། རྐུ་མ་རྒྱག་ཡས་དང་དཀྲུག་ཤིང་རྒྱག་ཡས་ལས་ཤེས་ཀྱི་ཨེ་ཡོད་སྙམ། ཁྱོད་ཀྱིས་ལས་ཀ་དྲག་པ་གང་བྱས་ཡོད་ཤོད་དང་། ངོ་ཚ་གི་མི་འདུག་གམ།
ཤར་ཕྱོགས་ཁུག་རྟ་ཟེར་ན་སུ་རེད། ད་ནི་ལྟད་མོ་ལྟ་བའི་དུས་མ་རེད། ནུས་པ་དང་རྣམ་དཔྱོད་མཉམ་དུ་སྤུངས་དགོས་པའི་དུས་རེད། དེ་ཤེས་པ་བྱས་ནས་རྣམ་དཔྱོད་ཡོད་ན་འདོན་དགོས་པ་རེད། དེ་མིན་ལྟད་མོ་བལྟ་གི་ཡིན་ལབ་ན་ག་རེ་ཟེར་གི་རེད། འདི་ལྟད་མོ་ལྟ་མི་ལྟ་གི་གནད་དོན་ཅིག་མ་རེད།
གནད་དོན་གསུམ་དང་འབྲེལ་བ་ཡོད་པ་རེད།
༡ གོང་ས་མཆོག་བོད་གཞུང་གི་ཆབ་སྲིད་ལས་དོན་དང་ཁ་བྲལ་བའི་རྗེས་ལ་བོད་གཞུང་དང་མང་ཚོགས་ཀྱི་འབྲེལ་བ་དང་། གཞུང་དང་མི་མང་གི་ཡིད་ཆེས་དེ་མུ་མཐུད་གནས་ཐུབ་ཀྱི་རེད་དམ་མ་རེད། དེ་གནད་དོན་གཅིག་རེད།
༢ གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་དང་འཚམ་གྱི་ཡོད་མེད་དེ་གཅིག་རེད། གཞིས་ལུས་མི་མང་གི་མངོན་འདོད་དེར་བསམ་བློ་ཇི་ལྟར་གཏོང་དགོས་པའི་ཐད་ནས་བལྟས་པ་ཡིན་ན། ད་རེས་སྤྱི་འཐུས་ཚོའི་ངོས་ནས་གཞིས་ལུས་རྒྱ་ཆེའི་མི་མང་ལ་འགྲེལ་བཤད་གསལ་པོ་ཞིག་གནང་དགོས་པ་དེ་གནད་དོན་གཅིག་རེད།
༣ གསུང་འཕྲིན་ནང་། ༼བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༡ པའི་ནང་སྡེ་སྲིད་ལྷན་ཚོགས་ཀྱི་ཆ་རྐྱེན་ཞིག་ཡོད་ཀྱང་དེ་ནི་སྔོན་སྲོལ་རྒྱུན་ སྐྱོང་ལྟ་བུ་དང་བར་བརྒལ་གྱི་ཆ་རྐྱེན་ཙམ་ལས་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་ སྲིད་ཀྱི་འགོ་ཁྲིད་བྱེད་མི་དགོས་པའི་ཆ་རྐྱེན་ཞིག་ཏུ་གྱུར་མེད། དེར་བརྟེན་ད་ལམ་བཅའ་ཁྲིམས་བསྐྱར་བཅོས་སྐབས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་ཤིང༌། དེའི་འོག་རྗེས་འབྲེལ་དོན་ཚན་གཞན་དག་དང༌། ཁྲིམས་སྒྲིག་གཞན་ཁག་བསྐྱར་བཅོས་བྱ་རྒྱུའི་ཆེད་ཚོགས་ཆུང་ཟུར་འཛུགས་སམ་ལས་རིམ་ཇི་དགོས་ཚོགས་དུས་འདི་རང་དུ་གཏན་འབེབས་ལག་བསྟར་ངེས་པར་དུ་ཐུབ་པ་དགོས་རྒྱུ། དེ་ལྟར་བྱུང་མཚམས་མ་འོངས་བོད་ཀྱི་རྩ་ཁྲིམས་འཆར་ཟིན་དང་ཆབ་སྲིད་ལམ་སྟོན་སོགས་ངོས་ཀྱིས་སྤེལ་བའི་སྲིད་དོན་གྱི་ཡིག་ཆ་འགའ་ཤས་རང་བཞིན་ནུས་མེད་དུ་འགྲོ་རྒྱུ་དང༌། དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་ཡང་སྐབས་བསྟུན་འགྱུར་བ་གཏོང་དགོས་དེ་དོན་ཡིད་འཇགས་འཚལ།༽ཅེས་བཀའ་ནན་ཕེབས་འདུག་སྟབས། ད་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལའང་རང་བཞྀན་གྱིས་འགྱུར་བ་འགྲོ་རྒྱུ་དང་། དེ་བཞིན་གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གཞུང་བར་གྱི་འབྲེལ་བ་འདིར་ཡང་རང་བཞིན་གྱིས་འགྱུར་བ་འགྲོ་རྒྱུ་སོགས་ཕྱོགས་མང་པོ་ཞིག་དང་འབྲེལ་བ་ཆགས་ཡོད་པ་འདིར་གཞུང་དམང་གཉིས་དང་། གཞིས་བྱེས་གཉིས་ཀ་ནས་བསམ་གཞིགས་བྱེད་དགོས་པ་ཞིག་ཆགས་ཡོད།
གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་གཏན་འཁེལ་བ་འདི། ང་ཚོར་རང་འགན་རང་ཁུར་ལ་སྦྱོང་བརྡར་གྱི་ཆེད་དུ་རེད་ལབ་ནའང་འགྲིག་པ་ཞིག་ཆགས་ཡོད་ནའང་། གཙོ་ཆེ་ཤོས་ཀྱི་གནད་དོན་གཞན་ཞིག་ནི། ཕྱི་ལོ་ ༡༩༧༩ ལོ་ནས་ད་ལྟའི་བར་གྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱ་ནག་གཞུང་ཕྱོགས་ནས་ཡ་ལན་གསལ་པོ་གང་ཡང་མ་བྱུང་བ་ཡིན་སྟབས། ད་ཆ། མང་གཙོའི་ལམ་ནས་འདམས་ཐོན་གཞུང་གི་འཛིན་སྐྱོང་དབུ་ཁྲིད་ཀྱི་ངོས་ནས་དང་། བོད་གཞུང་རང་གི་ངོས་ནས་ཆབ་སྲིད་ལས་འགན་འཁྱེར་བའི་ངོ་བོ་ནས། ད་མུས་ཆབ་སྲིད་ལངས་ཕྱོགས་འདི་མུ་མཐུད་གནས་དགོས་དང་མི་དགོས་ལ་བསྐྱར་ཞིབ་ཀྱི་ཆེད་དུ་ཡིན་པར་ངོས་འཛིན་བྱེད་མཁན་ཡང་ཡོང་གི་ཡོད་པ་སོགས་གང་ལྟར་ད་རེས་སྤྱི་འཐུས་རྣམ་པ་ཚོས་ཡར་འཐེན་མར་འཐེན་དགྲ་དགའ་གཉེན་སྡུག་གི་བསམ་ཚུལ་རིགས་མི་སྤེལ་བར། རྩ་དོན་རང་གཞི་རྩ་ལ་བཞག་པའི་བགྲོ་གླེང་གནང་གི་རེད་ལ། གནང་དགོས་པ་ཞིག་ཀྱང་ཆགས་ཡོད་པ་རེད། ཁ་ཤས་ཀྱིས་བོད་གཞིས་ལུས་མི་མང་གི་ངོ་ཚབ་དེ་ད་ལྟའི་སྤྱི་འཐུས་ཚོས་མཚོན་ཐུབ་ཀྱི་མ་རེད། འདི་ཚོས་གྲོས་ཚོགས་ཀྱི་ཚཽགས་ཁང་རང་གི་ནང་ནས་དགྲ་དགའ་གཉེན་སྡུག་གི་གཏམ་བཤད་རྩོད་གླེང་བྱས་མྱོང་ཡོད་པ་རེད་ཟེར་བ་སོགས་ཡོང་གི་ཡོད་པ་དེ་ཚོ་ནི་གནས་སྐབས་རིང་གླེང་མཚམས་བཞག་སྟེ། རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་བོད་མི་མང་གི་མངོན་འདོད་གཉིས་ཀ་སྒྲུབ་སྟངས་ཀྱི་ཐག་གཅོད་ཅིག་ཡོང་ཐུབ་མིན་ལ་ངེས་པར་བསམ་གཞིགས་གནང་དགོས་པ་ཞིག་ཆགས་ཡོད།
སྤྱི་འཐུས་རྣམ་པ་ཚོ། ཁྱེད་ཚོས་གསུང་འཕྲིན་འདིའི་རིན་ཐང་ངེས་པར་འཇལ་ཐུབ་དགོས་ལ། གོང་ས་མཆོག་གི་དགོངས་གཞིར་ཅིས་ཀྱང་བརྩི་བཀུར་དང་། འདིའི་རྒྱང་རིང་གི་དགོངས་དོན་རྟོགས་རོགས། ཧ་ཅང་བྱབ་ཆུང་གི་བསམ་བློ་ཁུར་ནས་ཁྱེད་མེད་ན་ཅི་ཡང་འཇོན་གྱི་མ་རེད་མ་ཟེར་རོགས། སྟབས་ངན་ན། སྔ་ཕྱི་ཙམ་ལས་ང་ཚོ་རང་ཉིད་ནས་ལས་དོན་ཐམས་ཅད་རྩོམ་དགོས་ཤིང་། དོན་བྱ་ཅི་མཆིས་ཐག་གཅོད་དགོས་པས་གྲ་སྒྲིག་སྡུག་ས་ནས་བྱ་རོགས་གྱིས། ཁྱེད་ཚོ་ནི་བོད་མི་ས་ཡ་དྲུག་གི་སྐུ་ཚབ་ཡིན་དུས། བྱིས་པའི་བསམ་ཚུལ་དང་ལྐུག་པའི་ངང་ཚུལ་བཟུང་ནས་གོང་ས་མཆོག་ཐུགས་ཕམ་དུ་མ་བཅུག་རོགས།
ངས་གོང་ས་མཆོག་གི་གསུང་འཕྲིན་དེ་ལས་སོག་རྒྱལ་གྱིས་རྒྱ་ནག་དང་བོད་ཁམས་ཡོངས་ལ་དབང་སྒྱུར་བྱས་པ་ནས་བཟུང་སྟེ་བོད་ཆོལ་ཁ་གསུམ་དེ་རང་བཙན་གཙང་མ་ཞིག་གི་ངོ་བོར་གནས་ཐུབ་མེད་པ་དེ་གསལ་སྟོན་གནང་ཡོད་པ་འདྲ་ཞིག་མཐོང་སོང་།
མགོན་མེད་གངས་ཅན་ཞིང་གི་འགྲོ་བ་རྣམས།། ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་པར།། དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་སྡེ།། སྡེ་བཞི་དཔལ་ལ་སྦྱོར་བཞིན་བརྟན་པར་བཞུགས།།
བོད་མི་རིགས་ནི་ཁོང་གིས་ཕ་མ་བཟང་བོ་ཞིག་གིས་བྱིས་པ་གཉོར་གཉོར་བྱས་དེ་འདི་ལ་སླེབས་པ་རེད། ད་ནི་བོད་མི་རིགས་གཞོན་པའི་མི་རབས་ཤིག་ལ་བསྐྱལ་ཡོད་པའི་སྐབས་འདིར། ཁོང་གིས་སྔ་རྗེས་རིམ་པ་ཁག་ལ་བཀའ་གསལ་བོ་གནང་བ་དེར། ད་ནི་བོད་མི་གང་ན་སུ་ཡོད་པ་དག་གིས་བསམ་ཤེས་བྱེད་རན་རེད་ལ། བྱེད་སྟངས་དེ་ལ་ཡང་སྐྱབས་སུ་འཆི་ཟེར་ནས་ཚིག་ཙམ་ལ་འཁེལ་ནས་མ་བསྡད་པར་བཙན་པོའི་མི་རབས་ཀྱི་རེ་བཞག་དང་། ཁོང་གི་ཐུགས་སྨོན་བཅས་ལ་བརྩོན་གྱུར་ཅིག
ཀླུ་མྱོན་ལགས་ནས་གསུངས་པ་ལྟར། བོད་ཀྱི་རྒྱལ་ཕྲན་སིལ་བུར་ཐོར་བའི་རྗེས་སུ་བོད་ཡོངས་རྫོགས་དོན་དམ་པའི་དབང་སྒྱུར་ཐུབ་མཁན་སུ་ཡང་བྱུང་མེད་པ་ཆོས་བྱུང་དང་རྒྱལ་རབས་དག་ལས་གསལ་བ་ལྟར་རེད།
དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་ལ་འགྱུར་བ་གཏོང་དོན་གང་ཡིན་ནམ། དྲྭ་གྲོགས་ཚོས་ཕྱོགས་རིས་དང་འཁྲུག་རྩོད་ཀྱི་རྒྱུ་རུ་མི་འགྱུར་བར་རྒྱུ་མཚན་རྣམ་དག་ཅིག་གསུང་རོགས་གྱིས།
ད་ལྟ་དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་ལ་འགྱུར་བ་སོགས་གང་ཡང་བཏང་མེད།
འོན་ཀྱང་༧་གོང་ས་༧་མཆོག་གིས་སྤྱི་འཐུས་ཀྱི་འཚོགས་དུས་སྐབས་བཅུ་གཅིག་པའི་ནང་དུ་བཀའ་བསྩལ་བ་ལྟར་གཞིར་བྱས་ན་མིང་བྱང་དེ་ལའང་འགྱུར་བ་ཞིག་གཏོང་དགོས་པ་དངོས་སུ་གསལ་བོར་གསུངས་འདུག
ཡིན་ནའང་འགའ་ཞིག་གིས་རང་གི་བསམ་ཚུལ་དང་མ་མཐུན་པ་བྱུང་ཚེ་རྒྱལ་པའི་གསུང་ལ་དྲང་དོན་ངེས་དོན་གྱིས་འབྲེལ་བཤད་འདྲ་མིན་རྒྱབ་ཏེ་ཉི་མ་ཁྱོལ་ཐབས་བྱེད་ཀྱི་འདུག
སྔོན་མ་༧གོང་ས་༧་མཆོག་གིས་དོལ་རྒྱལ་ལ་དགག་འོས་ཀྱིས་བཀའ་སློབ་གནང་བའི་དུས་སུ་གཞན་ཕྱོགས་ནས་དྲང་ངེས་ཀྱིས་འགྲེལ་བཤད་རྒྱབ་བཞིན་བསྡད་དེ་མགོ་བོ་རྨོངས་སུ་བཅུག་ཡོད།
བྱུང་ན་མིང་དོན་དང་མཚུངས་པའི་མིང་བྱང་ལས་སོགས་ལ་འགྱུར་བ་ཞིག་གཏོང་པའི་དུས་ལ་བབས་སོ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་གྱི་སྙིང་དོན།
༡༽ ༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ནང་དུ་སྔར་བོད་ཀྱི་བཙན་པོའི་ཐོག་མ་བྱོན་ནས་མངའ་ཐང་རྒྱས་པའི་དུས་རབས་དང་།དེ་ནས་བོད་བསིལ་བུ་དང་ས་ཕག་རིན་གཙང་གི་སྲིད་རབས་སོ་སོར་ཉམ་རྒུད་གནས་བབ་དང་། ལྷག་པར་གང་ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་ཀྱི་གནས་བབ་དང་འབྲེལ་བ་ཡོད་པའི་ཐོག་ནས་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་དབང་བཟུང་བའི་ལོ་བཞི་བརྒྱ་ལ་ཉེ་བའི་དུས་རིང་དགེ་སྐྱོན་དགེ་སྤྱི་དང་དུས་བསྟུན་འགྱུར་བཅོས་མ་བྱུང་བའི་ནོར་འཁྲུལ་སོགས་ལོ་རྒྱུས་རང་བཞིན་གྱི་ཕྱོགས་བསྡོོམས་ཆེན་པོ་གནང་བ་འདུག
ཡང་གང་ཉིད་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་སྲིད་རབས་རྙིང་པའི་ལམ་ལུགས་ནས་བརྒྱུད་པའི་བཙན་པོའམ་རྒྱལ་པོའམ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་མཐའ་མ་དེ་ཡིན་ཞིང་།སྐབས་དུས་འདི་ནི་བོད་ཀྱི་ལོ་རྒྱུས་ཀྱི་གལ་ཆེན་ལེའུ་ཞིག་རྫོགས་ཤིང་།དེ་ནས་བཟུང་བོད་ཀྱི་ལོ་རྒྱུས་ཀྱི་ས་མཚམས་གསར་པ་འགོ་བཙུགས་པའི་མངོན་རྟགས་བསྟན་གནང་འདུག
༢༽དེ་ནས་མུ་མཐུད་ནས་གང་ཉིད་སྐུ་ན་ཆུང་དུས་ནས་བོད་ཀྱི་སྔར་ལུགས་ལ་བསྒྱུར་བཅོས་གནང་རྒྱུའི་སྐོར་དང་།འཛམ་གླིང་གི་མང་གཙོའི་ལམ་སྲོལ་གྱི་དགེ་མཚན་གཟིགས་ནས་བཙན་བྱོལ་ནང་མང་གཙོ་དར་སྤེལ་གནང་བའི་བརྒྱུད་རིམ་མདོར་བསྟན་གྱི་སྒོ་ནས་གྲུབ་འབྲས་ཕྱོགས་བསྡོམས་གནང་བ་དང་བསྟུན་གང་ཉིད་ཕྱི་ལོ་༢༠༠༡ལོར་ཕྱེད་བགྲེས་ཡོལ་ལ་བྱོན་པ་དང་།ད་ཐེངས་བགྲེས་ཡོལ་ཆ་ཚང་ཕེབས་པ་ཡང་བོད་མི་མང་མང་གཙོ་ཡང་དག་པ་ཞིག་དང་དེ་བས་ཚད་དང་ལྡན་པའི་ཕྱོགས་སུ་ཁྲིད་གནང་བའི་དགོངས་དམིགས་བསྟན་འདུག
༣༽གང་ཉིད་བགྲེས་ཡོལ་ལ་བྱོན་རྒྱུ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆ་ནས་དང་།མི་མང་གི་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་ཐབས་ལ་གལ་ཆེ་ཚུལ་དང་།གང་ཉིད་བགྲེས་ཡོལ་ལ་འབྱོན་རྒྱུའི་དགོངས་བཞེད་དེར་གཞིས་བྱེས་བོད་མི་ཡོངས་ནས་བསམ་གཞིགས་དང་ངོས་ལེན་ཡོང་ཐབས་ཀྱི་འབོད་བསྐུལ་མཛད་གནང་བ།
༥༽གང་ཉིད་བགྲེས་ཡོལ་ལ་འབྱོན་རྒྱུའི་དགོངས་པ་འདི་ནི་གློ་བུར་དུ་བྱུང་བ་ཞིག་མིན་པར་ཕྱི་ལོ་༡༩༦༩ལོ་ནས་བཟུང་གསུམ་དུས་ཀྱི་གསུང་འཕྲིན་དང་དེ་མིན་ཚོགས་ཆེན་སོགས་སུ་རིམ་པར་ཞིབ་གསུང་གནང་སྐོར་བསྟན་གནང་འདུག
༦༽གནད་དོན་འདི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན་པས་གསུང་འཕྲིན་ངོ་མ་དྲངས་རྒྱུ་ཡིན་༼ སྐབས་འདིར་ནན་བརྗོད་བྱ་རྒྱུ་ཞིག་ལ། བར་སྐབས་དེར་བཙན་བྱོལ་བོད་མིའི་སྡོད་སྒར་ཁག་གིས་མཚོན་བོད་ཕྱི་ནང་གི་མང་ཚོགས་དང༌། མི་སྒེར་མང་པོས་ལྷག་བསམ་ཟོལ་མེད་ཀྱིས་ངོས་ལ་སྔར་བཞིན་ཆབ་སྲིད་ཀྱི་འགན་ཁུར་མུ་མཐུད་བྱ་དགོས་རེ་བསྐུལ་བྱུང་ཡང༌། ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན།༽ཞེས་གསུངས།
༧༽ གསུང་འཕྲིན་ངོ་མ་དྲངས་རྒྱུ་ཡིན།༼ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད།༽
ཅེས་བརྩེ་བས་མ་ཡིས་བུ་ལ་ཇི་ལྟར་བརྩེ་བ་ལྟར་བྱམས་བརྩེ་ཆེན་པོས་སྐྱོར་བསྟར་མཛད་པའི་ཚོར་སྣང་སྐྱོ་པོ་ཞིག་སྐྱེས་བྱུང་།
༨༽དུམ་བུ་འདིའི་ནང་གང་ཉིད་ཀྱི་འགན་ཁུར་གསར་པ་ཇི་བཞེས་སྐོར་བསྟན་འདུག་༼ ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང༌། བོད་མི་རིགས་དང་རྒྱལ་དབང་སྐུ་ཕྲེང་དབར་ལས་སྨོན་གྱི་འབྲེལ་བའི་དབང་གིས་རྒྱ་ཆེའི་མང་ཚོགས་ཚང་མའི་ཡིད་ཆེས་བློ་གཏད་ཡོད་པ་དེ་སྲིད་དུ་ངོས་ནས་བསྟན་སྲིད་སྤྱི་དོན་ཡལ་བར་འདོར་མི་སྲིད་ཅིང༌། བོད་ཀྱི་རྩ་དོན་སྒྲུབ་ཐབས་དང༌། ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་རྒྱུན་འཁྱོངས་ངེས་པར་བྱེད་རྒྱུར་ཚང་མས་བློ་གཡེང་མི་དགོས།༽ཞེས་གསུངས།
༩༽བཅའ་ཁྲིམས་ཀྱི་ནང་༸གོང་ས་མཆོག་གི་གཞུང་གི་ཆོས་སྲིད་གཉིས་ཀྱི་འགན་མ་བཞེས་པའི་དུས་སུ་སྡེ་སྲིད་ལྷན་ཚོགས་ཞེས་པའི་ཆ་རྐྱེན་ཞིག་བསྐྲུན་ཡོད་ཀྱང་།ད་ཐེངས་གསུང་འཕྲིན་ནང་སྡེ་སྲིད་ལྷན་ཚོགས་མི་དགོས་པར།ཆབ་སྲིད་དང་འཛིན་སྐྱོང་གི་དབུ་ཁྲིད་གཉིས་ཀ་གང་ཟག་གཅིག་ལ་སྤྲོད་དགོས་རྒྱུར་བཅའ་ཁྲིམས་ལ་འགྱུར་བ་བཏང་ནས་ཆ་རྐྱེན་བསྐྲུན་དགོས་ཚུལ་གསལ་བར་བཀོད་གནང་འདུག
༡༠༽གང་ཉིད་བགྲེས་ཡོལ་ལ་འབྱོན་རྒྱུར་གང་ཉིད་ཀྱི་ཆབ་སྲིད་གནས་བབ་དང་འབྲེལ་བའི་བཅའ་ཁྲིམས་ལ་འགྱུར་བཅོས་གནང་དགོས་རིགས་གྲོས་ཚོགས་སྐབས་ཐོག་འདི་རང་ལ་ལག་བསྟར་གཏན་འབེབས་དགོས་ཚུལ་གྱི་བཀའ་གནང་འདུག་བ་མ་ཟད།གསུང་འཕྲིན་ངོ་མ་༼དེ་ལྟར་བྱུང་མཚམས་མ་འོངས་བོད་ཀྱི་རྩ་ཁྲིམས་འཆར་ཟིན་དང་ཆབ་སྲིད་ལམ་སྟོན་སོགས་ངོས་ཀྱིས་སྤེལ་བའི་སྲིད་དོན་གྱི་ཡིག་ཆ་འགའ་ཤས་རང་བཞིན་ནུས་མེད་དུ་འགྲོ་རྒྱུ་༽ཞེས་གསུངས་གནང་འདུག
༡༡༽དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་ཡང་སྐབས་བསྟུན་འགྱུར་བ་གཏོང་དགོས་༽ཞེས་ཟབ་ཅིང་རྒྱས་ལ་གནད་ལ་སྨིན་པའི་གསུང་འཕྲིན་འདི་འདྲ་གནང་བ་ཐུགས་རྗེ་བླ་མེད་ཆེ་བའི་བཀའ་དྲིན་གསོལ་བའི་སླད་
གླིང་ཆེན་འདིའི་རྩ་ཆེན་རིན་ཆེན་ཡོད་རྒུ་ཕུལ་ཡང་གང་གི་བཀའ་དྲིན་གྱི་ཆ་ཤས་ཕྲ་མོ་ཙམ་ཡང་གསོལ་བར་མ་ནུས་པས་ད་ནི་གང་དྲག་ཅི་དྲག་སྙམ་ནས་མིག་ཆུ་ཤོར་དགོས་པ་ཞིག་བྱུང་སོང་།
ཡ། ད་ཡིན་ན་དཔེ་ཡག་པོ་བྱུང་།
ད་སྤྱི་འཐུས་རྣམ་པ་ཚོས་ཀ་རེ་ཀོར་རེ་མ་གནང་བར།
༡ ༧རྒྱལ་དབང་མཆོག་ལ་བགྲེས་ཡོལ་གནང་འཇུག་རྒྱུ།
༢ སྡེ་སྲིད་ལྷན་ཚོགས་དང་སྡེ་སྲིད་ཁྲི་པ་ཟེར་བ་དེ་ཚོ་ཁྲིམས་ཡིག་ནས་མེད་པ་བཟོ་རྒྱུ།
༣ དགའ་ལྡན་ཕོ་བྲང་གི་མིང་བྱང་ལའང་བློ་ཁོག་ཆེན་པོའི་ངང་ཁྱི་རྒན་རུས་བཟུང་མི་བྱེད་པར་འགྱུར་བ་གཏོང་རྒྱུ་གྱིས།
འདི་ཚོ་རྒྱལ་བའི་དགོངས་གཞི་རེད། སྤྱི་འཐུས་སུ་ཞིག་རྣམ་དཔྱོད་ཆེ་མིན་དང་སུ་ཞིག་གུ་དོག་དང་ཕྱོགས་ཞེན་ཆེ་མིན་ངེད་ཚོས་ལྟད་མོ་བལྟས་བསྡད་ཡོད།
གྲོས་ཚོགས་ནང་ཡག་པོ་དང་དྲང་པོ་དྲང་རྐྱང་གནང་མ་གཏོགས། ང་མགོན་པོ་ཕྱག་གཉིས་པས་ཕྱག་ལྕག་འབེབས་དགོས་བྱུང་ན་ཁྱོད་ལའང་ཡག་པོ་མ་རེད་ལ་ང་ལའང་ཡག་པོ་མ་རེད། གོ་སོང་ང་།
༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་དགའ་ལྡན་ཕོ་བྲང་གི་གཞུང་དེ་མང་གཙོའི་ལམ་དུ་འཕོ་འགྱུར་གནང་རྒྱུའི་དགོངས་པ་རྒྱ་ཆེ་བཞེས་ཡོད་ཅིང་སྔོན་འགྲོའི་ཚུལ་དུ་ལེགས་བཅོས་ཚོགས་ཆུང་ཞེས་པ་བཙུགས་གནང་ཡོད། འོན་ཀྱང་་སྐབས་དེས་དུས་རྒྱ་དམར་ཇག་པས་མཐའ་ནས་སྐོར་ཚར་བར་བརྟེན་ལམ་ལྷོང་བྱུང་མེད། དེ་རྗེས་སྐྱབས་བཅོལ་དུ་ཕེབས་རྗེས་མང་གཙོའི་ལམ་དུ་གོམ་སྟབས་འགྱུར་ཡོད། ཡིན་ན་ཡང་རང་རིགས་རྣམས་བསམ་བློའི་ཆུ་ཚད་དམན་པ་དང་། རྨོངས་ཞེན་ཆེ་བ། རང་གི་རྐང་པར་ལངས་རྒྱུའི་བསམ་བློ་མེད་པའི་སོགས་ཀྱི་གནས་ཚུལ་ཡག་སྡུག་ཚང་མ་༧གོང་ས་མཆོག་གི་དབུ་ལ་གཡོགས་ནས་ད་ལྟ་བར་དུ་སྡད་པ་རེད། མ་འོངས་པར་ཡང་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་༧གོང་ས་མཆོག་ཁོ་ན་ལས་མ་འདས་ཀྱང་། འཛིན་སྐྱོང་དང་ཆབ་སྲིད་ཀྱི་གནས་ཚུལ་ཆུང་ཁག་རྣམས་༧གོང་ས་མཆོག་དབུ་ལ་མ་དབྱུགས་པར་བཀའ་ཁྲི་དང་། སྤྱི་འཐུས་ཚོས་བྱེད་ཐུབ་པ་དགོས། བོད་དོན་རྒྱལ་སྤྱིར་འགྱུར་ཐབས་དང་། རྒྱལ་སྤྱི་ནས་རྒྱབ་སྐྱོར་རགས་ཐབས་སོགས་ནི་༧གོང་ས་མཆོག་གི་མཚན་སྙན་ཁོ་ནར་རགས་ལུས་ཡོད།
ལྷག་བསམ་ཅན་ལ་བཤད་རྒྱུར། སྤྱིར་སྟངས་ངས་བསམ་ཚུལ་ཙམ་ལས་གོང་ས་མཆོག་ལ་བསྐུར་འདེབས་བྱེད་པ་ཞིག་མིན། གོང་ས་མཆོག་ལ་སྐུར་འདེབས་བྱེད་ན་དམྱལ་བར་འགྲོ་བའི་རྒྱུ་ལས་མ་འདས། གང་ཡིན་ཞེ་ན་དེ་ནི་ང་ཚོའི་ཆོས་ཕྱོགས་ཀྱི་རྩ་བའི་བླ་མ་གཅིག་པུ་དེ་ཡིན། སྐུ་དྲག་ཚོའི་མ་འཇོན་པ་ནི་མིག་མཐོང་ལག་ཟིན་རེད། བོད་དོན་ནི་མི་འགའ་ཞིག་ལ་དབང་བ་མ་ཡིན་པར། བོད་མི་ས་ཡ་དྲུག་ལ་དབང་ཚད་ཡོད་པ་ཞིག་རེད། ང་རང་ཡང་བོད་མི་ཞིག་ཡིན་པའི་ཆ་ནས་སེམས་འཁུར་བྱེད་ཁུལ་ཡིན། འོན་ཀྱང་སྐུ་དྲག་རྣམས་ཀྱི་མ་འཇོན་པར་ང་རང་གང་ཟག་ཁེར་རྐྱང་ཞིག་གིས་འཇོན་ཐང་ངོམ་རྒྱུ་གང་ནས་ཡོང་ངམ། ང་རང་ངོ་ཚ་དགོས་པའི་རྒྱུ་མཚན་གང་ཡང་མེད། རྒྱ་མི་བོད་དུ་ཁྲིད་མཁན་ཡང་ང་རང་མིན། བོད་དུ་རྒྱ་གུང་ཁྲན་གྱིས་དངུལ་གདའ་ཡང་ཆར་པ་བབ་སྐབས་དེ་ཟ་སའང་ང་རང་མེད། དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་མཁན་ཀྱང་ང་མིན། རྒྱ་ནག་རྒྱལ་པོའི་གོ་གནས་ཀྱང་ལེན་མྱོང་མེད། ང་བོད་པ་ཞིག་ལ་ཁྱེད་ཀྱིས་ཚིག་ཐག་ཆོད་པའི་ངང་ནས་ཇུས་གཏོགས་ཡོད་པ་མ་རེད་གསུང་པ་ནི། བཀས་བཀོད་བརྒྱུད་འཛིན་གྱི་འགྲོ་སྟངས་ཤིག་རེད་འདུག ལྷག་བསམ་ཁྱོད་རང་བཅོལ་འགྲོལ་བཏང་རོགས་གནང་། ད་ལྟ་བོད་ནི་དམངས་གཙོ་རུ་བསྒྱུར་ཚར་བ་མཁྱེན་པར་མཛོད་ཅིག
༧གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས། ང་ཚོ་ལ་འཕྲལ་ཡུན་གཉིས་ཕན་གྱི་སྦྱོང་བརྡར་གལ་ཆེན་ཞིག་སྤྲོད་ཀྱིན་ཡོད་པ་རེད། ཁོང་གིས་ཆོས་ཚིག་བཞི་ཞིག་ལས་མ་གསུངས་ནའང་། ཞི་བ་ལྷའི་གསུང་། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་པའི་རླབས་ཆེན་གྱི་སྨོན་ལམ་འདི་ཡང་ཡང་གསུང་གི་ཡོད་པ་རེད། འདི་ནི་ཁོང་གི་ཐུགས་དམ་གྱི་སྙིང་བོ་ལྟ་བུ་ཞིག་ཀྱང་རེད། ཁོང་རང་དང་ལྟ་ཚུལ་མ་མཐུན་པའམ། ཡང་ན། བོད་ཀྱི་རྩ་དོན་ལ་ཐུགས་སུན་སྣང་ལྟ་བུས། སྲིད་ཀྱི་སྐུ་དབང་དོར་བའམ། ཡང་ན། བགྲེས་ཡོལ་དུ་ཕེབས་པའི་གདམ་ང་གནང་བ་དེ་འདྲ་ཞིག་འགངས་ནས་མ་རེད། ང་ཚོས་དེ་འདྲའི་ཕྱོགས་ལ་དོགས་པ་ཁོ་རང་བྱ་དགོས་དོན་མི་འདུག ད་འདི་རེད། མ་འོངས་པ་ན། སྐྱིད་སྡུག་ཡག་ཉེས་གང་བྱུང་ཡང་། འཚོ་ལམ་བརྟན་ཅིང་མ་ནོར་བ་ཞིག་གི་ཐོག་བསྐྱོད་དགོས་པ་རེད། ༧གོང་ས་མཆོག་སྐུ་བཞུགས་ཀྱང་ཆོག་མ་བཞུགས་ཀྱང་ཆོག སྲིད་དབང་བཞེས་ཀྱང་རུང་མ་བཞེས་ཀྱང་རུང་། ང་ཚོས་ཆོས་དང་རིག་གཞུང་འཚོ་ཐབས་སོགས། མ་ཉམས་རྒྱུན་འཛིན་རང་རྐྱ་འཕེར་ངེས་ཤིག་ཡོང་དགོས་པ། ཁོང་གི་ཐུགས་དགོངས་གཙོ་བོ་དེ་རེད། དགོངས་གཞི་དེ་འགྲུབ་པ་ལ་སྔོན་འགྲོའི་སྟ་གོན་ད་ནས་བྱེད་དགོས་པ་རེད།
དེ་ནས༧གོང་ས་མཆོག་གི་མཚན་གནས་བརྗེ་བསྒྱུར་གྱི་སྐོར་རེད། ཆོས་ཕྱོགས་ནས་ཇི་སྲིད་བོད་བརྒྱུད་ནང་བསྟན་གནས་པ། དེ་སྲིད་དུ་༧རྒྱལ་བ་རིན་པོ་ཆེ་ཞེས་པ་དང་། ཏྰ་ལའི་བླ་མ། གངས་རིའི་མགོན་པོ། རྒྱལ་དབང་ཕྱག་ན་པད་མོ་སོགས། སྤྱན་རས་གཟིགས་ཀྱིས་བོད་ཡུལ་གདུལ་ཞིང་དུ་བཞེས་པའི་ངོ་མཚར་བའི་རྣམ་ཐར་དང་། ལོ་རྒྱུས་འདི་ཚོ་ད་མུས་བཞིན་མུ་མཐུད་གནས་རྒྱུ་རེད། སྲིད་ཕྱོགས་ནས་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་གནས་འདི་མུ་མཐུད་གནས་མི་གནས་དང་། གནས་དགོས་མིན། གནས་ཐུབ་མིན་སོགས། དུས་རབས་ཀྱི་འཁོར་བསྐྱོད་དང་། བོད་མི་རིགས་ཀྱི་བསམ་བློའི་དཔལ་ཡོན་གྱིས་ཐག་རིམ་པས་གཅོད་ཡོང་གི་རེད།
རྒན་མགོན་ཕྱག་ལགས་ཀྱིས།
ད་སྤྱི་འཐུས་རྣམ་པ་ཚོས་ཀ་རེ་ཀོར་རེ་མ་གནང་བར།
༡ ༧རྒྱལ་དབང་མཆོག་ལ་བགྲེས་ཡོལ་གནང་འཇུག་རྒྱུ།
༢ སྡེ་སྲིད་ལྷན་ཚོགས་དང་སྡེ་སྲིད་ཁྲི་པ་ཟེར་བ་དེ་ཚོ་ཁྲིམས་ཡིག་ནས་མེད་པ་བཟོ་རྒྱུ།
༣ དགའ་ལྡན་ཕོ་བྲང་གི་མིང་བྱང་ལའང་བློ་ཁོག་ཆེན་པོའི་ངང་ཁྱི་རྒན་རུས་བཟུང་མི་བྱེད་པར་འགྱུར་བ་གཏོང་རྒྱུ་གྱིས།
གསུངས་པ་ལྟར། སྐྱབ་སྐྱོར་གཙང་མ་ཡོད། དེ་ལྟར་རྒྱབ་སྐྱོར་བྱས་དགོས་དོན་ནི། བོད་རིགས་ཆབ་སྲིད་པ། རྒྱལ་བ་རིན་པོ་ཆེར་ཁ་གཏོང་ནས་འཚོ་མཁན་དང་། རྒྱལ་བ་རིན་པོ་ཆེར་བསྟོད་བསྔགས་བྱས་ནས་འཚོ་མཁན་གཉིས་པོ། ཕྱོགས་གཉིས་ཀས་གཟབ་གཟབ་ནན་ཏན་གྱིས་རང་གི་རྐང་པར་ལངས་ནས། རྒྱལ་བའི་དགོངས་པའམ། བོད་རིགས་སྤྱི་དོན་ལ་འབད་འབུངས་སྔར་ལྷག་ཡོང་ཆེད་རེད།
བོད་རིགས་ཆབ་སྲིད་པ་དང་། དེ་མ་ཡིན་པའི་ཆོས་དང་རིག་གཞུང་ལ་མཁས་དབང་ཚོས་ནང་ཁུལ་རྩོད་པ་བཞག་ནས། ཉི་མ་མེ་གྲོགས་དང་། ཆར་པ་ཆུ་གྲོགས་ཀྱིས་ཚུལ་དུ། བོད་བསྟན་སྲིད་ཀྱི་ཞབས་ཞུ་དངོས་དང་བརྒྱུད་ནས་ཞུ་དགོས་པའི་དུས་ཚོད་ཅིག་མ་རེད་པེ་ལགས།
༡ ༽ ༧གོང་ས་མཆོག་བགྲེས་ཡོལ་གནང་ཙམ་གྱིས་མཛད་པ་འཔྲོ་ཆད་པ་མིན། རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་ན་ཁོང་གིས་གང་བཞེད་པ་དེ་བཞིན་ཐག་བཅད་ན་ལེགས། རྒྱལ་སྤྱིའི་མདུན་སར་༧གོང་པས་མཆོག་གི་བགྲེས་ཡོལ་ནི་བོད་མི་རིགས་ལ་མཚོན་ན་མིག་གིས་བལྟ་མི་ཕོད་པ་དང་། རྣ་བས་ཉན་མི་ཕོད་པ། ཡིད་ལ་འཁོར་དཀའ་བ་ཞིག་ཡིན་མོད། ༧གོང་ས་མཆོག་ནི་སྔོན་དཔག་དང་། ཉམས་མྱོང་། མཁྱེན་རབ་གང་གི་ཆ་ནས་ཟླ་མེད་པ་ཞིག་དང་། བོད་གངས་ཅན་པས་སྤྱན་རས་གཟིགས་ཀྱི་སྐུ་དངོས་ཡིན་པས་ཡིད་ཅེས་ཡོད་པས། འཔགས་པ་མཆོག་གི་དགོངས་བཞེད་ལ་མོས་མཐུན་ཞུ་རྒྱུ་དང་། འཕགས་པ་མཆོག་བགྲེས་ཡོལ་གནང་ནའང་བོད་མི་ས་ཡ་དྲུག་གི་སྙིང་ཁོང་ན་ནམ་ཡང་ནུབ་པ་མེད་པའི་སྒྲོན་མེ་དང་། རླབས་ཆེ་བའི་ཆོས་སྲིད་ཀྱི་དབུ་ཁྲིད་དུ་ངོས་འཛིན་པ་འགྱུར་བ་མེད་པའི་གཏན་ཚིག་ཡིན། ཞེས་བརྗོད་པར་འདོད་ལགས། ༢ ༽ ད་ལྟ་ནས་མི་ཁ་ཤས་ཀྱིས་དགའ་ལྡན་ཕོ་བྲང་གི་མཚན་ལ་འགྱུར་བ་བཏང་སྟེ་ཀརྨའི་སྲིད་གཞུང་ཞེས་འབོད་གྱིན་འདུག དེ་ཀ་རྡོ་རབ་འབྱམས་པའི་ཐུགས་འདོད་ཡིན་ནམ། ཆོས་སྲིད་གཉིས་སོ་སོ་མ་བྱས་བར་དུ་མིང་དེ་བསྒྱུར་ཀྱང་ཕྱི་ཡི་མཛེས་ཆོས་ཙམ་ལས་སྲིད་དབང་ཆོས་ལུགས་པའི་སྒེར་དོན་སྒྲུབ་པའི་ལག་ཆ་ལས་ནམ་ཡང་འདའ་མི་ཐུབ། དགའ་ལྡན་ཕོ་བྲང་འཛུག་མཁན་དང་སྐྱོང་མཁན་རྒྱལ་བ་རིན་པོ་ཆེ་ཡིན་པས། ཁྱི་རྒན་རུས་བཟུང་ཁོང་ལ་ཞུས་པ་མིན་ན་སུ་ལ་ཟེར། ༣༽ སྡེ་སྲིད་ཞེས་པ་དམངས་གཙོའི་འབོད་ཚིག་ཡིན་ཀྱང་དབང་ཆ་སྡེ་བར་མ་སྤྲད་པར་སྲིད་དབང་སྒེར་འཛིན་བྱས་ནས་སྡེ་གཙོ་བོ་མ་བྱས་དཔོན་གཙོ་བོ་བྱས་པས་མིང་ཚིག་དེ་མནོལ་བཅུག་པ་རེད། ༤༽ གནད་འགག་ཆེ་ཤོས་ཆོས་ལུགས་པ་རྣམས་ཀྱིས་སྤྲུལ་སྐུ་རྫུན་མ། མཁན་པོ། དགེ་བཤེས་རབ་འབྱམས་པ་ཟེར་བ་མང་པོ་ཞིག་དང་། ཆོས་ལུགས་སྤྱི་འཐུས་ཟེར་བ་དེ་ཚོས་བོད་ཀྱི་སྤྱི་ཚོགས་འཐབ་རྩོད་ཅན་དུ་བསྒྱུར་བའི་ཐབས་ལ་བརྩོན་བཞིན་ཡོད་པ་དེས་སངས་རྒྱས་ཀྱི་བསྟན་པ་དང་། བོད་ཀྱི་ཆབ་སྲིད་ལ་གནོད་པ་ཆེན་པོ་སྐྱེལ་བཞིན་ཡོད། བསླབ་པ་དང་མི་ཆོས་ཀྱི་དྲི་མས་མ་གོས་པའི་་དགེ་བཤེས་དང་མཁན་པོ་ཟེར་བ་གཞུང་ལུགས་ཀྱི་ཚིག་སྤྱང་བ་ཅུང་ཟད་ཡོད་པའི་བན་རྒོད་ཕོ་སར་མང་པོས་ས་སྟེང་ཁྱབ་ཏེ། རྒན་པར་མི་གུས་ཤིང་བསྟན་པ་དང་སྤྱི་ཚོགས་ལ་ལྷག་བསམ་བྲལ་བས་ཕན་ཚུན་བར་ཕྲག་དོག་དང་རྩོད་གླེང་། རང་གི་ཕྱོགས་གཏོགས་རྣམས་ལ་ཆགས་སྡང་འབའ་ཞིག་བསླབ་ཏེ་༧གོང་ས་མཆོག་གི་ཆོལ་གསུམ་མཉམ་འབྲེལ་དང་ཆོས་ལུགས་རིས་མེད་ཀྱི་མཛད་རྗེས་ནག་སུབ་ཅི་ཐུབ་བྱེད་པ་དེ་ལས་སྡུག་ཅིག་མི་འདུག
ཧཧཧ། ཀརྨ་པ་ཁོ་རང་རང་མགོ་མ་ཐོན་པར་བོད་སྲིད་དབང་ཁུར་རྒྱུ་ནི་རྨི་ལམ་དུའང་ཡོང་མི་སྲིད་པ་རེད། དེ་འདྲ་མ་འཇོན་པ་ནི་ད་ལྟ་བྱེད་སྟངས་ལ་ལྟས་ན་ཤེས་ངེས།
ཨ་རོ་ལྷན་རྒྱས། དེང་སྐབས་བགྲོ་གླེང་ཚ་ཚ་འུར་འུར་འགྲོ་བཞིན་པའི་སྐབས་འདིར།
ངས་ཁྱེད་ཚོར་དངོས་གནས་བཀྲ་ཤིས་པའི་གཏམ་བཟང་ཞིག་བཤད། ཁ་སང་༧རྒྱལ་བ་རིན་པོ་ཆེས་ཐེ་ལན་གསུང་ཆོས་ཞུ་བ་ཚོ་ཟུར་མཇལ་སྐབས། བཀའ་འདྲི་ཞུས་ལན་ཞིག་ལ། ༧ཁོང་ཉིད་དགུང་གྲངས ༡༡༣ ལ་བཞུགས་རྒྱུ་ཐུགས་ཐག་ཆོད་པོས་གསུངས་འདུག་པ་མ་ཟད། རྒྱ་ནག་དང་བོད་དུ་ཕེབས་རྒྱུ་ངེས་ཅན་ཡིན་ཚུལ་གསུངས་འདུག ཞིབ་རྒྱས་རིམ་པས་གོ་རྒྱུ་རེད། ནོར་ཝེ་རླུང་འཕྲིན་ཁང་གིས་རྒྱ་བོད་གཉིས་སུ་ནན་ནན་བཅག་བཅག་གིས་ཤོད་ཀྱི་འདུག་པས་དགའ་བྱུང་ཟེར་རྒྱུ་ཡིན།
ཡིན་ནའང་། ང་ཚོའི་གསར་འགོད་པ་གཞན་བླ་འཁྱམ་ནས་ཁ་ཆག་རྣ་རུལ་ཞིག་བྱུང་ན་མ་གཏོགས་ཁྱབ་བསྒྲགས་བྱེད་ཤེས་ཀྱི་ཡོད་ས་མ་རེད། དུས་བབ་དང་བང་ཆེན་སོགས་སུ་དྲི་ཙམ་ཡང་མི་འདུག
Here is the link His Holiness said he will live upto 113:
http://www.phayul.com/news/article.aspx?id=29255&article=China+needs+to+learn+from+India's+democracy%3A+Dalai+Lama&t=1&c=1
་་་། ༧ཁོང་ཉིད་དགུང་གྲངས ༡༡༣ ལ་བཞུགས་རྒྱུ་ཐུགས་ཐག་ཆོད་པོས་གསུངས་འདུག་པ་མ་ཟད། ་་་་ཁུངས་གང་དུ་ཀློག་ལྟ་ཐུབ་བམ། ????????????
ད་ལམ་༢གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེ་བ་དང་བོད་ཀྱི་འཕྲལ་ཕུགས་གཉིས་ཀར་དགོངས་བཞེས་རླབས་ཆེན་ཞིག་དང་དོན་སྙིང་གཏིང་ཟབ་ལྡན་པའི་སྒོ་ནས་བོད་འདི་སྔར་ལས་དར་ཞིང་རྒྱས་པའི་ཕྱོགས་སུ་སྐྱོད་ཐུབ་པའི་ཆེད་དུ་འཐབ་བྱུས་དང་འཐབ་རྩལ་འདོན་གནང་མཛད་པ་ལས་བོད་དང་བོད་མིའི་རྩ་དོན་ལ་དགོངས་བཞེད་མ་གནང་བ་ཞིག་མ་ཡིན་ལྷག་པར་དུ་རྒྱལ་བ་རིན་པོ་མཆོག་གིས་བཀའ་སློབ་ཧ་ཅང་གསལ་པོ་གནང་བ་རྣམས་ཚང་མས་སྐྱར་སྐོར་ཡང་སྐོར་ཀློག་པ་དང་མནོ་བསམ་ཞིམ་མོ་ཞིག་གཏང་ནས་དབུ་ཁྲིད་གཙོ་ཁག་དང་བོད་དོན་ཐོག་ལྷག་བསམ་ལྡན་པའི་མི་སྣ་དང་བོད་དོན་རྒྱབ་སྐྱོར་གནང་མཁན་བོད་ཕྱི་ནང་གཉིས་སུ་ཡོད་པའི་ཤེས་ཡོན་ཅན་སོགས་དང་གྲོས་བསྡུར་ཞིབ་ཕྲ་གནང་ནས་བོད་ཀྱི་རྩ་དོན་སྒྲུབ་་ཕྱོགས་གཙོ་བོར་བཞག་ནས་བོད་དོན་བྱ་གཞག་ཁག་ལ་དགོངས་པ་བཞེས་དགོས་པ་རེད་༢གོང་ས་མཆོག་གི་དགོངས་པར་བརྩི་འཁུར་ཞུ་དགོས་པ་རེད་དུས་རྒྱུན་དུ་རྒྱལ་བའི་བཀའ་ལ་བརྩི་སྲུང་ཞུ་གི་ཡིན་ཟེར་གྱི་ཡོད་པར་བརྟེན་དེ་རིང་ཡང་བཀའ་རེད་བསམ་པ་འདུག་གོང་ཞུས་གྲོས་བསྡུར་སོགས་ཀྱི་ནང་དུ་ལག་དམར་པའི་བཀོད་བྱུས་པ་མི་ཚུད་པ་ཡིད་གཟབ་གནང་གལ་ཧ་ཅང་ཆེ་བས་དགོངས་འཇགས་འཚལ་ལོ།
རྒྱལ་བ་རིན་པོ་ཆེ་བོད་ཀྱི་སྲིད་ལས་བགྲེས་ཡོལ་གནང་བར་རྒྱབ་སྐྱོར་ཡོད། གཅིག་ན་བླ་མ་ཞིག་གིས་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་སྲིད་དབང་བཞེས་པ་འདི་ནུབ་ཕྱོགས་པ་ཚོར་མཚོན་ན་མ་འོས་པ་ཞིག་རེད། གཉིས་ན་རྒྱ་གཞུང་གིས་བོད་ཀྱི་གནད་དོན་འདི་རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་གྱི་གནད་དོན་ཞིག་རེད་ཅེས་སྐད་ཆ་ཞིག་བཤད་ཀྱི་ཡོད། གསུམ་ན་བོད་མི་ཚོར་མཚོན་ནའང་རྒྱལ་བ་རིན་པོ་ཆེ་བཞུགས་ཐོག་ཏུ་ཉམས་མྱོང་དང་སྦྱོར་བརྡར་བྱེད་པར་གོ་སྐབས་ཤིག་གནང་བ་རེད་ལ། བཙན་བྱོལ་བོད་གཞུང་གི་དམངས་གཙོ་འདི་ཡང་དམངས་གཙོ་ཆ་འདྲ་བ་ནས་དམངས་གཙོ་ཚད་ལྡན་དུ་གྱུར་པ་ཡིན་སྟབས། ད་བོད་པ་ཚོས་རྒྱལ་བ་རིན་པོ་ཆེར་གསོལ་བ་ཕུར་ཚུགས་ཀྱི་སྙན་ཞུ་འདྲ་པོ་མ་གནང་ན་ཡག་པོ་ཡོད་པ་རེད། དེ་ལས་བོད་གཞུང་དམངས་གཉིས་ཀྱིས་རྒྱལ་བ་རིན་པོ་ཆེས་སྲིད་ཀྱི་འགན་དབང་བཞེས་ནས་ད་བར་དུ་ཕྱག་ལས་ཚད་མེད་གནང་བ་དེའི་བཀའ་དྲིན་དྲན་པའི་སྒོ་ནས་རྒྱལ་བ་རིན་པོ་ཆེར་ཐུགས་རྗེ་ཆེའི་རྟགས་མ་ཞིག་ཕུལ། དེ་ནས་ཁོང་ལ་བོད་ཀྱི་རྩ་དོན་ཆེད་ཧུར་ཐག་འབད་བརྩོན་བྱེད་པའི་རྡོ་རྗེ་གཡར་དམ་རེ་འབུལ་ཐུབ་ན་རྒྱལ་བ་རིན་པོ་ཆེ་ཐུགས་དགྱེས་ངེས་རེད། དེ་མིན་གཞན་ནི་ཁོང་གི་ཐུགས་དགོངས་ངོ་མ་ཨེ་ཡིན་སྙམ།
ཀ་རྡོ་ལགས། ༧དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་རྣམ་གྲྭ་ཤེས་ཡོན་སྡེ་ཚན་ལ་བཀའ་འདྲི་ཞུས་ན།