མགར་བུ།
གངས་ཅན་ལྗོངས་ལ་བཀའ་དྲིན་ཆེ་བའི་མགོན།།
གངས་ཅན་ལྗོངས་ཀྱི་ལྷ་མི་ཀུན་གྱི་མགོན།།
རྒྱལ་བ་དོན་གྱི་བདག་པོའི་སྲས་གཅིག་པུ།།
མ་ཧཱ་པཎ་ཆེན་ཟམ་གདོང་སྤྲུལ་སྐུར་འདུད།།
སྙིགས་མའི་རང་མདངས་ཆེས་ཆེར་བདོ་བའི་དུས།།
གངས་ཅན་ལྗོངས་ལ་༧རྒྱལ་བློན་ཚུལ་དུ་བྱོན།།
བསྟན་སྲིད་ཉག་ཕྲའི་སྲི་ཞུར་རླབས་ཆེན་པོ།།
སྒྲུབ་པའི་ཐོན་མི་གཉིས་པ་ཁྱེད་ལ་འདུད།།
རྒྱ་དམར་ཀླ་ཀློའི་དཔུང་གིས་བརྩེ་མེད་དུ།།
གངས་ལྗོངས་ཡོངས་རྫོགས་ཁྱུར་མུད་གཏོང་བའི་སྐབས།།
གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས།།
སྐུ་ཚེ་གང་བོར་དགུང་དུ་འདེགས་ལ་འདུད།།
ལྟ་ངན་མུན་པའི་ཚོགས་རྣམས་མཐར་བྱེད་ཅིང།།
ལོག་མཐོང་བྱིས་པའི་ཚོགས་རྣམས་སྐྲག་བྱེད་པ།།
བསམ་སྦྱོར་ངན་པར་བྱམས་བརྩེའི་ལམ་སྟོན་པ།།
རིག་པའི་དཔའ་བོ་ཟམ་གདོང་བླ་མར་འདུད།།
༧རྒྱལ་བ་དོན་གྱི་བདག་པོའི་ཕྱག་གཡས་བཞིན།།
བཙན་བྱོལ་གཞུང་མང་མང་གཙོའི་ལམ་དུ་བསྒྱུར།།
བསྒྱུར་བའི་གཞི་ལྡན་ཁྲིམས་ཀྱི་སྲོག་ཤིང་བཙུགས།།
དྲང་བདེན་རྣམ་པར་སྐྱོང་ལ་སྙིང་ནས་འདུད།།
བསྟན་པའི་གཞི་རྩ་འདུལ་བའི་བསླབ་ཁྲིམས་བཙུན།།
བཟང་པོའི་སྤྱོད་པའི་འདོད་ཆུང་ཆོག་ཤེས་བརྟན།།
དྲང་བདེན་ཐབས་ཀྱིས་སྐྱོང་བའི་མི་དབང་ཞེས།།
ས་གསུམ་དབང་དུ་བསྒྱུར་བ་ཁྱེད་ལ་འདུད།།
འཇིག་རྟེན་གཏམ་གྲགས་བདུད་ཀྱི་གཡབ་མོར་བརྩི།།
མི་རྣམས་དགའ་བའི་པེད་ཤག་བཙོག་པར་གཟིགས།།
གཞན་དོན་ཉམས་ལེན་མཐའ་འཁྱོངས་མཛད་པ་ཡི།།
མ་ཧཱ་མཁས་པའི་དབང་བོ་ཁྱེད་ལས་སུ།།
དེ་ལྟ་ནའང་རེ་ཤོས་ལོག་སྒྲིབ་ཀྱིས།།
མ་རིག་མུན་པའི་གཡང་དུ་འཆོང་འགྲོ་བ།།
བསམས་ཚེ་བོད་ཀྱི་བསོད་བདེ་སྐམ་པ་ལ།།
སྙིང་གི་སྐྱོ་བ་མ་ཁོག་ཤེད་ཀྱིས་བཞུར།།
ཡིན་ཡང་བདེན་པ་རིན་བྲལ་སྲོག་གི་ཀ།
ས་ཡི་གོ་ལའི་སྙིང་དུ་ཟུགས་ཡོད་པས།།
ནམ་ཞིག་མ་རིག་མུན་པའི་ཚོགས་རྣམས་ཀྱིས།།
དྲི་བྲལ་ཟེར་མ་མཐོང་བའི་སྨོན་ལམ་འདེབས།།
༧རྒྱལ་མཆོག་སྐུ་ཚེ་ཞལ་བཞེས་ལྟར་བརྟན་ཅིང།།
མ་ཧཱ་མཁས་མཆོག་རྡོ་རྗེ་ཁམས་སུ་བརྟན།།
དཀར་ཕྱོགས་གཟུགས་མེད་ཚོགས་ཀྱི་གྲོགས་དང་བཅས།།
གངས་ཅན་སྐྱེ་དགུའི་མགོན་དུ་བརྟན་བཞུགས་གསོལ།།
འདི་ཙམ་འབྲི་འདོད་ཡིད་ལ་འཆར་བ་དེས།།
སེམས་ཅན་རྒྱུད་ཀྱི་མ་རིག་རབ་གསལ་སྟེ།།
བདེན་པར་འབྲངས་པའི་རིག་པའི་རྣམ་དཔྱོད་ལ།།
རྟག་ཏུ་མ་ཉམས་སྤྱོད་པའི་སྨོན་ལམ་འདེབས།།
༧སློབ་དཔོན་རིན་པོ་ཆེ་བཀའ་དྲིན་དྲན་བཞིན་མགར་མིང་འཛིན་པས་ཤར་མར་བྲིས།། ༢༠༡༢། ༦། ༢༥། དགུང་མོར་ནུབ་ཕྱོགས་ནས།།
སློབ་དཔོན་ཟམ་གདོང་རིན་པོ་ཆེའི་འཆད་ཁྲིད་དག་ལ་ཉན་ན་འདིར་ཕེབས། http://www.sambhota.org
སྲིད་དོན་གྱི་ཕྱོགས་ནས་བླ་མ་ཁོང་ལས་ཀྱང་འཇིགས་པ་ཤིག་མེད་ན་བོད་པ་ཚང་འདིས་ཅི་ཡང་མ་འཇོན་པ་ལ་བསྟོན་པ་རེ་བྲིས་ནས་ཡུད་རིང་སྒུག་དགོས་རྒྱུ་རེད་ཡ།
གོང་གི་ཚིག་བསྟོན་པ་དེ་བསྟོད་པ་ལ་བཅོས་རོགས་ཞུ། ཟམ་གདོང་བླ་མའི་བསྟན་པ་དགོན་ནས་དར་བར་ཤོག
ཟམ་གདོང་རིན་པོ་ཆེའི་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་ཀྱིས་བཞེད་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་ཤོག །
མགར་མིང་འཛིན་པའི་སློབ་མ་དད་ལྡན་གྱིས།།
སྙན་དངགས་ལམ་ནས་ལྷ་སྒྲུང་རབ་སྤེལ་བའི།།
ཚུལ་དེའི་གསུམ་ཆ་གཉིས་ལ་ཡི་རངས་ཡོད།།
སླན་ཆད་སྒྲོ་བཀུར་བྲལ་བའི་ཚུལ་ལ་འབོད།།
ས་གསུམ་དབང་དུ་བསྒྱུར་ནས་སྦར་མཐིལ་ཙམ།།
ས་ཕྱོགས་དེ་ལ་དབང་བའི་སྐབས་མེད་པོ།།
ས་སྟེང་རྒྱལ་བསྟན་ཚོགས་ཆེན་ཕྱི་རོལ་གྱི།།
ས་དབང་ཁྲི་ཟུར་མ་ཧ་དེ་ཝ་བར་འདུད།།
སླད་ནས་ཇི་བཞིན་བརྗོད་པའི་རྩོམ་ལུས་ཐོག །
རིན་བྲལ་གཏམ་སྙན་ལྷ་ཡི་རྔ་ཆེན་དབྱངས།།
ཡིག་ནོར་འུད་སྒྲོག་སྤངས་ཏེ་གླུར་བླངས་ན།།
ཀུན་གྱིས་བསྔགས་བརྗོད་མཐེ་བོང་ཀེར་བར་ངེས།།
དེ་མིན་རང་གི་ལིང་ཏོག་མ་གཡུགས་པར།།
མཐོང་ཚད་ལྷ་སྒྲུང་གཟུགས་སུ་རབ་བཀོད་ན།།
ྲིགས་མཐུན་རྣམས་ཀྱིས་ཡ་མཚན་ཙམ་ཞིག་ལས།།
རིན་ཐང་ཅན་གྱི་དོན་ཞིག་མཐོང་བར་དཀོན།།
བསྟོད་པ་སྣ་ཡི་ཚྭ་དྲི་མ་བྲོ་ཤོག།
དགོས་མེད་ར་བཏགས་དཔེ་ཡི་མ་རྒྱན་ཤོག།
དོན་མེད་ནང་དམེའི་དགའ་སྟོན་མ་ཚེས་ཤོག།
ཟམ་གདོང་ཟམ་པ་སྲིད་ལ་མ་འགྱུར་ཤོག།
རྒྱལ་བ་དགྱེས་པའི་ལམ་ལ་འབད།།
རྒྱལ་བའི་གསུང་ལས་སྐྱེས་པའི་བུ།།
རྒྱལ་བའི་དགོངས་པ་ཇི་བཞིན་དུ།།
ཀུན་ལ་སྩོལ་ཅིག་ཟམ་གདོང་ཚང་།།
གང་ཞིག་མཇལ་ན་ཡིད་ལ་བདེ་བ་སྟེར།།
གང་གསུང་ཐོས་ཚེ་རྨོངས་པའི་དྲི་མ་དག།
གང་གི་ཆོས་དང་སྲིད་ཀྱི་མཛད་པའི་ཤས།།
གང་དང་སུ་ཡི་འགྲན་མེད་ཟམ་གདོང་བ།།
ཟམ་གདོང་རིན་པོ་ཆེ་མཆོག་ཝཱ་ཎ་ཡི།
མཐོ་རིམ་སློབ་གྲྭ་ཆེན་པོར་བྱོན་པ་ན།
ཁོ་བོ་དེ་དུས་ཞབས་ཞུ་བ་ཞིག་ལགས།
གང་གི་དྲང་བདེན་མཛད་པ་མངོན་དུ་གྱུར།།
ཁོ་བོ་གཞན་དུ་འགྲོ་རྩོམ་བྱེད་པ་ན།
མ་འགྲོ་སློབ་གྲྭར་སློབ་དཔོན་ཆེའི་གོ་གནས།
སྤྲོད་ཆོག་གསུངས་ཀྱང་མ་མཉན་འགྲོ་བ་ན།
འགལ་མེད་ཕྱག་རྟགས་རྒྱབ་པར་ཟོལ་སྦྱོར་མེད།།
དེའི་རྗེས་ཨ་རི་ལ་སོགས་གནས་དག་ཏུ།
ཝཱ་ཎ་སློབ་གྲྭ་ཇི་ལྟར་ཡར་རྒྱས་སུ།
འགྲོ་བའི་མཛད་པ་ལྷུར་ལེན་མངོན་པར་གསལ།
གཞུང་དཔེ་ཞིག་ལ་ཇི་ལྟར་མཁྱེན་པ་དྲིས།།
བྱང་སེམས་སྤྱོད་ཡུལ་བདེན་པ་པོའི་ལེའུ།
དམག་འཐབ་པ་ན་ཇི་ལྟར་བྱ་བའི་ཚུལ།
བཀོད་པ་ཡོད་པར་ཟམ་གདོང་རིན་པོ་ཆེས།
རྩོམ་ཡིག་བྲིས་ཀློག་ཚོགས་པ་ངོ་མཚར་གྱུར།།
ཕྱིས་སུ་དེ་ལ་རིན་པོ་ཆེ་མཆོག་ལ།
བོད་ཀྱི་དགེ་ལུགས་ཕལ་ཆེར་བཀའ་འགྱུར་གཞུང་།
ཀློག་པ་ཉུང་བས་ཇི་ལྟར་མཁྱེན་དྲིས་པར།
མི་ཕམ་ལུགས་ཀྱི་བསྟན་བཅོས་ལས་ཤེས་གསུངས།།
མཁས་པ་ཟོལ་མེད་ཆེན་པོའི་མཛད་པ་ལགས།
མཁས་པ་འགའ་རེར་དྲིས་ཀྱང་དྲང་གཏམ་དབེན།
མཁས་རློམ་འགའ་ཡིས་གཞན་ལ་གང་ཐུབ་ཐུབ།
དམའ་འབེབས་བྱེད་པར་བརྩོན་པ་དག་ཀྱང་འདུག།
ཟམ་གདོང་རིན་པོ་ཆེ་ལ་རྒྱ་བོད་ཀྱི།
མཁས་པ་དག་གིས་ངོ་མཚར་བསྟོད་པ་རྣམས།
བདག་གིས་འགའ་རེར་ཀློག་པའི་དུས་སྐབས་བྱུང་།
འདི་ནི་ཟོལ་མེད་གཏམ་གྱི་སྦྱོར་བ་ལགས།།
རྩོམ་ཡིག་འདི་ལ་དཔྱད་པར་བྱ་སྟེ། སྔོན་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་གཉིས་པོ་ཐོན་མི་གསུང་ཡིན་པ་མ་དར་བའི་སྐབས་སུ། ཐོན་མི་ལ་དམིགས་བསལ་ཆེ་བསྟོད་མེད་ཀྱང་། རྗེས་སུ་ཐོན་མི་ལ་གཙོ་བོར་བྱེད་པར་མངོན་ཏེ། འདི་ལྟར།
སྒྲུབ་པའི་ཐོན་མི་གཉིས་པ་ཁྱེད་ལ་འདུད།།
གཞན་ཡང་། བོད་ཀྱི་ཡིག་སྐད་ཀྱི་རྙོག་པ། གང་བོར་དང་། དབང་བོ། མ་རིག་རབ་གསལ་སྟེ།། ཞེས་པ་རྣམས་ གང་པོར་དང་། དབང་པོ། མ་རིག་རབ་བསལ་ཏེ།། ཞེས་འབྲི་ན། ཟམ་གདོང་རིན་པོ་ཆེ་ཡང་ཐུགས་མཉེས་པར་འགྱུར་རོ།།
མཁས་པ་སེང་ཆེན་རྣམས་ལ་ཕྱག་གསུམ་ཕུལ།།
རྣམ་དཔྱོད་འཇུག་སྒོ་མཁའ་ལྟར་ཡངས་བ་དང་།།
ལེགས་སྦྱར་མཁས་པ་ཟམ་གདོང་བླ་མ་དང་།།
རཀ་ར་སྤྲུལ་སྐུ་གར་ཞ་དངོས་གྲུབ་དང་།།
བློ་བཟང་འཇམ་དཔལ་སེམས་པ་རྡོ་རྗེ་རྣམས།།
ཝ་ནར་བོད་ཀྱི་གཙུག་ལག་སློབ་ཆེན་གྱི།།
བོད་ཀྱི་བཀའ་བསྟན་རིག་གནས་སྲོལ་འཛིན་ཡིན།།
མཁས་དབང་ཟམ་གདོང་ཚང་གིས་དགེ་རྒན་འོས་སྦྱོང་ཐོན་པ་ཚོ་ལ་བོད་ཀྱི་སྐད་ཡིག་གི་འགྱུར་འགྲོས་སྐོར་གསུང་བཤད་གནང་བའི་ནང་ལ། ཐོན་མིས་བོད་ཡིག་གསར་གཏོད་ཀྱི་རིག་པ་འཛམ་གླིང་སྤྱི་ཡོངས་ཀྱི་ཡི་གེའི་སྒིག་གཞི་དང་བསྟུན་ཚུལ། ཕྲད་དང་རྣམ་དབྱེའི་རྐྱེན་ལས་ཚིག་སྒྲུབ་བཟོ་སྟངས། དེ་ལ་བརྟེན་ནས་དུས་གསུམ་རྣམ་བཞག་ཕྱེ་ཚུལ་སོགས་བྱཱ་ཀ་ར་ནའི་བསྟན་བཅོས་ཀྱི་སྤྱི་ཁོག་ཙམ་སྒྲོམ་གཞིར་གཏན་འབེབས་བྱས། དེས་ཀྱང་བོད་ཀྱི་སྐད་ཡིག་ཡར་རྒྱས་རྫོགས་པར་ཕྱིན་མེད་པས། དེ་ལ་མ་འདང་བའི་ཆ་མང་པོ་ཡོད་པ་བཀའ་བསྟན་བསྒྱུར་བའི་སྐབས་སུ་མིང་ཚིག་གསར་བ་མང་པོ་བཟོས་པ་དང་། ང་ཚོའི་སྐད་ཡིག་ལ་རོགས་བྱེད་མཁན་གཙོ་བོ་ལེགས་སྦྱར་དང་། དེ་དང་ཕྱོགས་མཚུངས་རྒྱ་ནག་དང་། ཞང་ཞུང་། ཡུ་གུར། ཏ་ཟིག་སོགས་ཀྱི་སྐད་དང་མཉམ་དུ་འབྲེལ་བ་བྱུང་བ་ལས་ང་ཚོའི་སྐད་ཡིག་ལ་ཡར་རྒྱས་ཕྱིན་ཡོད་པ་རེད། ལུང་སྟོན་པའི་རྩ་བའི་གཞུང་བརྩམས་ནས་ལོ་བརྒྱ་དང་ཉི་ཤུའི་རྗེས་སུ་ང་ཚོའི་སྐད་ཡིག་ལ་འགྱུར་བ་ཆེན་པོ་ཕྱིན་པའི་དབང་གིས་སྐད་གསར་བཅད་བྱས་རྗེས་ཡིག་གཟུགས་ཀྱི་རྣམ་པ་ཅུང་ཟད་འགྱུར་བ་ཕྱིན་ཡོད་པ་དང་། སྐད་གསར་བཅད་གཉིས་པའི་སྐབས་སུ་ཡིག་ཐོག་ནས་འབྲི་བ་དང་ངག་ཐོག་ནས་བརྗོད་པ་སོགས་ཏག་ཏག་ཚད་འཕེར་བ་ཞིག་ཆགས་ཡོད། དུས་རབས་བཅུ་གཅིག་པའི་རྗེས་ནས་ཁ་སྐད་ཐོག་ནས་འགྱུར་བ་ཕྱིན་ཀྱང་ཡིག་སྐད་ཐོག་ནས་འགྱུར་བ་ཕྱིན་མེད་པ་རེད། ཡིག་སྐད་ཀྱི་ཐོག་ནས་བྲིས་པ་སྟོད་ལ་དྭགས་ནས་སྨད་རྒྱལ་རུང་་དང་ཨ་མདོའི་ཡུལ་དུ་བསླེབས་པ་ཡིན་ན་ཡང་ཀློག་ཐུབ་པ་དང་གོ་བ་ལོན་ཐུབ་པ་ཞིག་ཡོད་ཅེས་གསུངས།
མཐའ་བསྡོམས་དྲིས་ལན་སྐབས་སུ།
དྲི་བ། བོན་པོའི་གཞུང་སོགས་ཀྱི་ནང་དུ་ཐོན་མིའི་སྔོན་ལ་ཡི་གེ་ཡོད་ཅེས་གསུངས་ཀྱི་ཡོད་པ་དེའི་སྐོར་གང་འདྲ་རེད།
ལན། ཐོན་མིས་བོད་ཡིག་མ་བཟོས་པའི་སྔོན་ལ་བོད་ལ་ཡིག་གཟུགས་དང་བརྡ་སྤྲོད་ཀྱི་རྣམ་བཞག་ཡོད་པ་དང་།
ཞང་ཞུང་གི་སྐད་ནས་བོད་སྐད་བྱུང་བ་དང་། ཡང་ཞང་ཞུང་གི་སྐད་དང་བོད་སྐད་གཅིག་པ་ཡིན་པ། དེའི་བརྡ་སྤྲོད་ཀྱི་རྣམ་བཞག་བོན་གཞུང་ན་གསལ་གྱི་ཡོད་པ་རེད། ཡིན་ཡང་སྐབས་དེ་དུས་ཀྱི་བརྡ་སྤྲོད་ཀྱི་རྣམ་བཞག་དེ་ཚོ་དེང་སང་ང་ཚོར་རག་གི་ཡོད་པ་མ་རེད། ཚིག་རེ་གཉིས་ངོས་བཟུང་ནས་འགྲེལ་བཤད་བརྒྱབ་བསྡད་པ་དེ་འདྲ་ཡོང་གི་ཡོད་པ་རེད། ད་ཆ་བརྙེད་པའི་རྡོ་རིང་སོགས་ན་ཡོད་པ་མ་རེད། ང་ཚོས་ས་བསྔོགས་ནས་དངོས་རྙིང་འཚོལ་བའི་ཐོག་ནས་བསྐྱར་ཞིབ་བྱས་པ་དེ་འདྲ་གནང་ཡོད་པ་མ་རེད། སོང་ཙང་། ཐོན་མིའི་སྔོན་ལ་བོད་ལ་ཡི་གེ་ཡོད་ཟེར་བ་རྣམས་ཀྱིས་སྒྲུང་འདྲ་བོ་ཞིག་བྱས་ནས་བཤད་ཀྱི་ཡོད་པ་རེད་ལ། ཡི་གེ་མེད་ཟེར་བ་རྣམས་ཀྱང་སྒྲུང་འདྲ་བོ་ཞིག་བྱས་ནས་ཡོད་པ་མ་རེད་ཅེས་ལབ་བསྡད་ཀྱི་ཡོད་པ་རེད། དེར་བརྟེན་ཕྱོགས་གཉིས་ཀས་ཁ་ཚོན་བཅད་ནས་ལབ་རྒྱུ་ཁག་པོ་རེད། ཅེས་གསུངས།
གཟམ་གདོང་རིན་པོ་ཆེས་གསུང་བ་ཤིན་ཏུ་ནས་ཐུགས་མད་དོ།
མ་ཧཱ་པཎྜི་ཏ་ཨེ། རིག་གནས་བཅུ་ལ་མཁས་དགོས་པ་མ་རེད་དམ། ཟམ་གདོང་རིན་པོ་ཆེས་བཟོ། གསོ། སྐར་རྩིས། ཟློས་གར་སོགས་ཤེས་ཀྱི་རེད་དམ། མངོན་བརྗོད་ག་ཚོད་ཅིག་ཤེས་ཀྱི་རེད། འཆི་མེད་མཛོད་ཆ་ཚང་བློ་ཐོག་ན་ཡོད་རྒྱུ་མ་རེད་པ། དེས་ན་མངོན་བརྗོད་ལའང་མཁས་པ་ཡིན་རྒྱུ་མ་རེད། ནང་ཆོས་རིག་པ་ལ་ཁོང་འདྲ་བ་མང་པོ་ཡོད་རྒྱུ་རེད་པ། ད་སྒྲ་དང་ཚད་མ་གཉིས་ལྷག་འདུག དེ་གཉིས་ལའང་ཁོང་འདྲ་བ་ཡོད་རྒྱུ་རེད་པ།
དེང་རབས་ཀྱི་རིག་གནས་གང་ལ་སློབ་ཐོན་བྱུང་བའི་ལག་ཁྱེར་ཡོད་པ་རེད། འཛམ་གླིང་ས་རྒྱུས། འཛམ་གླིང་ལོ་རྒྱུས། དངོས་ཁམས། རྫས་འགྱུར། སྐྱེ་དངོས་རིག་པ། སེམས་ཁམས་རིག་པ་སོགས་མང་པོ་ཞིག་ལ་འབྲིང་རིམ་སློབ་མ་ཞིག་གི་ཆུ་ཚད་ཀྱང་ཨེ་ཡོད་ན་བསམས།
ནུབ་ཕྱོགས་པའི་ལྟ་གྲུབ་སྐོར་ལྟ་ཀློག་བྱས་ཡོད་རྒྱུ་རེད་དེ་མཁས་པ་ཡིན་མིན་ཆི་གོ མཁས་པ་འགའ་རེའི་སྐད་ཆ་རེ་ལུང་དྲངས་སྐབས་ནང་པའི་གྲྭ་པ་ཚོ་ཁོང་མཁས་པ་རེད་བསམ་ནས་ཧང་སངས་ཀྱི་ཡོད་པ་རེད། དེ་ཁོ་ཚོ་ཁག་ཡོད་པ་མ་རེད། རང་ཉིད་ཚོ་ལྟ་རྒྱ་ཆུང་བའི་རྟགས་ཤིག་ལས་གཞན་མ་རེད། གན་དྷིའི་གསུང་དེ་ཚོ་ཁོང་གིས་ཅུང་ཞིབ་ཚགས་པོས་ཀློག་ཡོད་པ་འདྲ།
་་བསྟོད་པ་བརྗོད་ན་ལོས་ཆོག་ཀྱང་།།
ཧ་ཅང་བསྟོད་པ་ཐལ་ཆེས་ན།།
གང་གྰའི་ཆུ་བོ་རྒྱ་མཚོར་བཞིན།།
སྨད་པའི་བ་ཚྭར་ངེས་པར་འགྱུར།།་་་་་
དེང་རབས་རྩོམ་གྱི་མཁའ་དབྱིངས་སུ།།
སྒྱུ་རྩལ་འཕུར་མདའ་བགྲོད་པའི་ཚེ།།
བསྟོད་པའི་བོང་བུ་ལ་ཞོན་ནས།།
མཁའ་ལ་བགྲོད་འདོད་ངལ་བའི་རྒྱུ།།་་་་་
ཨ་ཁུ་འབྲོང་གི་དབང་བོ་རྣམས།།
གསེར་ལས་གྲུབ་ཀྱིས་བསྟོད་མཁས་པའི།།
རི་བོང་བློ་ལྡན་འདི་དག་གི།
གཏམ་ལ་ཆ་འཇོག་ཅི་ཞིག་ཡོད།།་་
ང་རང་འཚལ་ལོངས་བྱུང་བའི་རྒྱུད་རིམ་ནང་མི་དཔོན་མང་པོས་བཀའ་སློབ་གོ་མྱོང་བའི་ནང་ ༧ མཁས་དབང་བྱམས་གདོང་བླ་མིའི་བཀའ་སློབ་ཀྱི་ངའི་ཡིད་དབང་འཕྲོག་པ་ཉུང་ཉུང་མིན།
ཟམ་གདོང་ཀྱིས་་གཞན་སུས་ལ་བཀའ་དྲིན་ཆེན་ངའི་མུ་ཤེས་། འགོན་མེད་གསར་འབྱོར་རྣམས་ལ་་བཀའ་དྲིན་ཁབ་རྩེ་ཙམ་ཡང་མེད་།
ཤར་ཕྱོགས་ཁུག་རྟ་ལགས། ཐུགས་རྗེ་ཆེ་ཞུ། བླ་མ་འདི་ངའི་བསྟན་སྲིད་ལ་བལྟ་བའི་མིག་ཡིན།
༧གོང་ས་མཆོག་གི་དགོངས་བཞེད་ཟབ་པོ་དག་རིན་པོ་ཆེའི་རྒྱུད་ནས་གོ་ལེན་ཐུབ་པ་འབྱུང།
བཀའ་སྤྱི་གཉིས་ཀྱི་གནས་སྟངས་དང་ལམ་ལུགས་རྣམས་ཁོང་རྒྱུད་གསལ་རྟོགས་ཐུབ་འབྱུང།
བོད་ད་ལྟའི་གནས་འབབ་དང་མ་འོངས་འདུན་ལམ་གང་འདྲ་དགོས་མིན་ཡང་གསལ་སྟོན།
ཐུགས་རྗེ་ཆེ། བཀྲིན་ཆེ།
གཟམ་གདོང་རིན་པོ་ཆེས། གང་ལྟར། ཚེ་གང་། བོད་མི་དམངས་དང་། བོད་གཞུང་། རྒྱལ་བ་རིན་པོ་ཆེ་བཅས་ཀྱི་ཆེད་དུ་སྐུ་ལས་སྐྱོན་པ་འདི། ངོ་མ་རྗེས་སུ་ཡི་རངས་དང་། ལྷག་དོན་ཁོང་གི་ལྷག་བསམ་ལ་བསྟོད་པ་ཞུ།
ང་ཚོ་ཨ་རི་དང་ཁེ་ན་ཀྲ་ལ་བསྡད། དུས་ཚོད་མང་ཆེ་བའ་རང་གི་ལྟོ་གོས་ཕྱིད་མ་ཐུབ་པར་ངལ་བ་སྐྱངས། ཞར་ལ་ཁ་བརྡར་འགྲོ་བའི་དུས་ཚོད་ཕྲན་བུ་ཐོབ་ཚེ། གཞན་ཚེ་གང་བོད་མིའི་བདེ་སྡུག་ལ་དཀའ་ལས་རྒྱག་མཁན་ལ་འདི་འགྲིག་གི་མིན་འདུག དེ་འགྲིག་གི་མིན་འདུག གཞན་གྱིས་ཁྱེད་ལ་མ་ཧ་པན་ཊི་ཏ་ཟེར་བ་འདི་ང་ལ་ཐད་པ་མེད་ཟེར་བ་འདི་ཅུང་ཐབས་ཆག་གི་བྱ་ཐབས་ལགས།
ལྷག་པར་དུ། བོད་གཞུང་གི་སློབ་སྦྱོང་སྤྲད་ཅིང་། སློབ་གྲྭའི་དགེ་རྒན་གྱི་གོ་སྐབས་སྤྲོད་མྱོང་བའི་མི་ཞིག་གིས། གཟམ་གདོང་རིན་པོ་ཆེ་ལ་འདི་ལྟ་བུ་མི་འདོད་པ་བྱེད་པ་འདི་ངོ་མ་སེམས་སྐྱོ་དགོས་པ་ལགས།
རྒད་པོ་ལ།
ཟམ་གདོང་རིན་པོ་ཆེར་བསྟོད་པ་བྱས་པར་མ་འཐད་པའི་སྐད་ཆ་མ་རེད། ང་ཚོ་མི་མང་པོ་ཞིག་ལ་དངོས་ཡོད་ལས་བརྒལ་ཏེ་འུར་བསྟོད་བྱེད་པའི་གཤིས་ཀ་ཞིག་འདུག དེ་ལན་པོར་མཐོང་དཀའ། ཟམ་གདོང་རིན་པོ་ཆེར་བསྟོད་པ་བྱེད་ནའང་བསྟོད་པ་བྱེད་རྒྱུའི་ཕོངས་ཡོད་པ་མ་རེད། དོན་དངོས་ཀྱི་གཤིས་ཀ་དང་ཡོན་ཏན་ལ་སྦྱར་ནས་བསྟོད་པ་བྱོས་དང་། དེ་སྙན་པོའང་ཡོད་པ་རེད། དོན་ལའང་གནས་པ་རེད། ཡིད་འགུག་པའི་ནུས་པའང་བླ་ལྷག་ཏུ་ཡོད་པ་རེད།
ང་ཚོས་སངས་རྒྱས་ལ་བསྟོད་པ་བྱེད་སྟངས་དེ་ཚོའང་རྒྱ་གར་གྱི་སློབ་དཔོན་དཔའ་བོ་དང་། སློབ་དཔོན་ཤེས་རབ་གོ་ཆ། སློབ་དཔོན་བདེ་བྱེད་བདག་པོ་སོགས་ཀྱིས་བསྟོད་པ་ལྟ་བུ་ལ་ཁ་མིག་ཡར་ལྟ་བྱེད་དགོས་པ་འདུག སློབ་དཔོན་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་དེའང་ག་འདྲའི་སྙན་པོ་དང་ཟབ་པོ་མི་འདུག་གམ། རྗེ་རིན་པོ་ཆེའི་རྟེན་འབྲེལ་བསྟོད་པ་སོགས་བསྟོད་པ་དེ་ཚོའི་ནང་འགའ་རེ་རྒྱ་གར་སྣ་རིང་ཚོའི་བསྟོད་ཚོགས་ལ་འགྲན་ཆོག་པ་ལྟ་བུར་འདུག དགའ་ན་མ་དགའ་ན་དྲང་མོ་བཤད་ན་འུར་བསྟོད་བྱེད་པར་དགའ་བོ་མེད། དེ་འུར་བསྟོད་བྱ་ཡུལ་ལ་མ་དགའ་བ་མ་རེད།
མ་ཧཱ་པཎྜི་ཏའི་མིང་ཡོད་ས་ཞིག་བོད་གངས་ཅན་གྱི་ལྗོངས་ལ་རོང་ཟོམ་མ་ཧཱ་པཎྜི་ཏ་དང་ས་པན་གཉིས་རེད།
ད་ཟམ་གདོང་བླ་མ་མ་ཧཱ་པཎྜི་ཏ་ཡིན་ན་གསུམ་ཆག་སོང་བ་རེད། མ་ཧཱ་པཎྜི་ཏ་མང་པོ་ཡོད་མི་ཆོག་པ་དེ་འདྲ་མ་རེད་དེ་ཡོད་པ་དོན་གྱི་མ་ཧཱ་པཎྜི་ཏ་ཡིན་དགོས་པ་གལ་ཆེན་རེད།
མ་ཧཱ་པཎྜིཏ་ཞེས་པ་བོད་སྐད་དུ་གནས་ལྔ་རིག་པ་ཆེན་པོ་འམ་གནས་ཆེན་ལྔའི་བདག་ཉིད་དམ། གནས་ལྔ་པ་ཆེན་པོ།ཞེས་གང་བདེར་བསྒྱུར་ཆོག།
པཎྜིཏ་ནི། གནས་ལྔ་པའམ། ཡང་ན་གནས་ལྔའི་བདག་ཉིད་ཅེས་བསྒྱུར་
ཅེས་ཆེན་པོ་ཞེས་པའི་ཚིག་དེ་ཉིད་དོར་ན་འགྲིགས་པ་ཡིན།
དེའི་དོན་ནི། རིག་པའི་གནས་ཆེན་ལྔ་སྟེ། སྒྲ་ཚད་བཟོ་གསོ་ནང་དོན་རིག་པ་དང་བཅས་པ་རྣམས་བྱང་ཆུབ་ན་མ་ཧྰ་པཎྜིཏ་འམ་
ལྔ་རིག་པ་ཆེན་པོ་ཞེས་དོན་གྱིས་ཐོབ་པ་ཡིན་པས་ཆོས་རྗེ་ས་པཎ་དང་པཎ་ཆེན་རོང་ཟོམ་གང་རུང་ཡིན་དགོས་པའི་ངེས་པ་གཏན་ནས་མེད།
པཎྜིཏ་ནི་རིག་པའི་གནས་ཆུང་བ་ལྔའམ་ཆེ་བ་གང་རུང་ཞིག་བྱང་ཆུབ་པ་ཙམ་ལ་
འབོད་ན་འགྲིགས་པ་ཡིན་པས། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཡང་མ་ཧྰ་
པཎྜིཏ་ཡིན་མིན་ཡང་བརྟག་དགོས་པ་ཅུང་ཟད་མེད་དམ་སྙམ།
འོན་ཀྱང་དད་པ་དང་དག་སྣང་གི་སྒོ་ནས་སུ་ཞིག་ལའང་སངས་རྒྱས་སུ་འབོད་ཆོག་པས་ང་ཚོ་ཚང་མར་སྙིགས་དུས་ཀྱི་མ་ཧྰ་པཎྜིཏ་ཆེན་པོ་ཞེས་འབོད་རུང་བ་ཡིན་པས་དོན་ལ་གནས་པའི་ངེས་པ་མེད་ལ་གནས་ཀྱང་མི་དགོས།།
ཆོས་ལུགས་ལ་དབྱེ་བ་བྱེད་མཁན་་གྱིས་མ་ཧ་པཎྜི་ཏ་ཡིན་ཚད་རེད་་ དགེ་ལུགས་ཆོས་ལུགས་ལ་
ཕྱོགས་རིགས་ཀྱིས་པཎྜི་ཏ་ས་རྙིང་བཀའ་གསུམ་ལ་མ་དགའ་བའི་་པཎྜི་ཏ་་བོད་ནས་གསར་འབྱོར
ལ་མ་དགའ་བའི་པཎྜི་ཏ་སྐྱེས་ས་སྡུག་སྟེ་ཚར་ས་ཡག་མཁན་གྱིས་པཎྜི་ཏ
ཁྱེད་ཚོ་ལ་དུས་ཚོད་མང་སོང་བ་རེད། འདི་སློབ་མ་དད་པ་ཅན་ཞིག་གིས་བླ་མར་དག་སྣང་སྦྱོང་སྟངས་རེད། དེ་དོན་ལ་གནས་དགོས་མ་རེད།
དྲྭ་འབུ་ཚོ་ཉོན་ཤིག ཁྱོད་ཚོས་གང་བཤད་པ་ནི་ལེན་འདེབས་རིན་ཡོད་པའི་རིན་ཐང་ཁབ་རྩེ་ཙམ་ཡང་མི་འདུག་མོད། དྲིབ་ཁག་གཅིག་ཡོད། དང་པོ་མགོན་ལག་གཉིས་པ་ཉོན་ཤོག བོད་ཀྱིས་དབུ་ཁྲིད་༧གོབ་ས་ཆེན་པོ་མཆོག་མཁས་དབང་ཡིན་དང་མིན། མིན་ན་འཛམ་གླིང་ཡུལ་ལུང་དུ་མ་ནས་ཁོང་ལ་ཆེ་བསྟོད་ཕྱག་འཁྱེར་རྒྱ་ཕྲག་ཕུལ་བས་ནང་དུ་མཁས་དབང་གི་མཚན་གནས་ཐོག་ཕུལ་བས་ཕྱག་འཁྱེར་ག་ཚོད་ཡོད་མིན་ཁྱོད་ཀྱིས་མི་ཤེས་པ་ཡིན་ནམ་ཡང་ན་མི་ཤེས་ཁུལ་ཡིན། ཤེས་ན་ཁོང་གིས་ཁྱོད་ཀྱིས་བཤད་པ་དེ་དག་ཐམས་ཅད་མཁྱེན་སམ། མཁྱེན་པ་ཁྱོད་ཀྱིས་ག་དུས་ཤེས་སམ། གཉིས་པ་དྲྭ་འབུ་བྱང་སྐར་ཉོན་ཤིག བོདས་གངས་ཅན་ལྗོངས་སུ་རང་ཟོམ་གཉིས་མ་གཏོགས་པན་ཌི་ཏ་བྱུང་ཡོད་པ་མ་རེད་ཟེར། ཁྱོད་ཀྱིས་མ་མཐོངས་ཤེས་བྱ་མང་བ་དང་བོང་བུ་མ་ཕྱིན་ལམ་ཆེན་མང་སོང་ནི་རེད། ད་དུང་མི་ཤེས་པའི་རྨོངས་ཞེན་དང་། དུག་གསུམ་གདོན་གྱིས་མྱོས་པའི་དྲྭ་འབུ་ཁྱོད་ཚོའི་པན་ཆེན་་ཟམ་གདོང་ཚང་ལ་ངན་སྨས་དང་ཟུར་ཟ་མང་ཙམ་བྱོས་དང་ཁྱོད་ཚོའི་རང་གཤིས་ངོ་མ་གང་ཡིན་གསལ་པོར་མངོན་པར་ཕན་ཐོག་ཡོད་ངེས་རེད།
དྲྭ་འབུ་ཚོ་ཉོན་ཤིག ཁྱོད་ཚོས་གང་བཤད་པ་ནི་ལེན་འདེབས་རིན་ཡོད་པའི་རིན་ཐང་ཁབ་རྩེ་ཙམ་ཡང་མི་འདུག་མོད། དྲི་བ་ཁག་གཅིག་ཡོད། དང་པོ་མགོན་ལག་གཉིས་པ་ཉོན་ཤིག བོད་ཀྱིས་དབུ་ཁྲིད་༧གོང་ས་ཆེན་པོ་མཆོག་མཁས་དབང་ཡིན་དང་མིན། མིན་ན་འཛམ་གླིང་ཡུལ་ལུང་དུ་མ་ནས་ཁོང་ལ་ཆེ་བསྟོད་ཕྱག་འཁྱེར་རྒྱ་ཕྲག་ཕུལ་བས་ནང་དུ་མཁས་དབང་གི་མཚན་གནས་ཐོག་ཕུལ་བས་ཕྱག་འཁྱེར་ག་ཚོད་ཡོད་མིན་ཁྱོད་ཀྱིས་མི་ཤེས་པ་ཡིན་ནམ་ཡང་ན་མི་ཤེས་ཁུལ་ཡིན། ཤེས་ན་ཁོང་གིས་ཁྱོད་ཀྱིས་བཤད་པ་དེ་དག་ཐམས་ཅད་མཁྱེན་སམ། མཁྱེན་པ་ཁྱོད་ཀྱིས་ག་དུས་ཤེས་སོང། གཉིས་པ་དྲྭ་འབུ་བྱང་སྐར་ཉོན་ཤིག བོད་གངས་ཅན་ལྗོངས་སུ་རང་ཟོམ་གཉིས་མ་གཏོགས་པན་ཌི་ཏ་བྱུང་ཡོད་པ་མ་རེད་ཟེར། ཁྱོད་ཀྱིས་མ་མཐོངས་ཤེས་བྱ་མང་བ་དང་བོང་བུ་མ་ཕྱིན་ལམ་ཆེན་མང་སོང་ནི་རེད། ད་དུང་མི་ཤེས་པའི་རྨོངས་ཞེན་དང་། དུག་གསུམ་གདོན་གྱིས་མྱོས་པའི་དྲྭ་འབུ་ཁྱོད་ཚོའི་པན་ཆེན་་ཟམ་གདོང་ཚང་ལ་ངན་སྨས་དང་ཟུར་ཟ་མང་ཙམ་བྱོས་དང་ཁྱོད་ཚོའི་རང་གཤིས་ངོ་མ་གང་ཡིན་གསལ་པོར་མངོན་པར་ཕན་ཐོག་ཡོད་ངེས་རེད།
གཟན་སྣེ་དཔུང་མགོར་བརྫེས་ཏེ་ཐད་ཀ་རུ། །
ལྟ་ཞིང་མགྲིན་པ་ཅུང་ཟད་གུག་གནང་སྟེ། །
མི་དམངས་བརྒྱ་ཕྲག་འདུས་པའི་འཚོགས་མགོ་ནས། །
སྨྲ་བརྗོད་དག་པའི་བཀའ་སློབ་གནང་བར་དྲན། །
གཟམ་གདོང་བླ་མའི་ཁྱད་ཆོས་ཤེས་དགོས་ན།
ཉུང་ན་ལོ་ཤས་ཁོང་གི་ལས་ལ་བརྟག
དེ་མིན་ཟླ་ཤས་ཁོང་གི་གསུང་བཤད་ཀློག
མཐའ་མ་ཉིན་ཤས་ཁོང་གི་དྲུང་དུ་སྡོད།
དེ་འདྲ་མིན་པར་ལབ་བཤད་བྱེད་པ་འདི།
ཕྱོགས་གཉིས་མཐའ་ལ་ལྷུང་བར་ཉེན།
ཨ་ཏི་ཤ་ཡིས་བླ་མ་ལོ་འཁོར་གཅིག
ཁ་བརྡའི་དྲ་བུས་མི་རྒྱུས་ཚིག་འཕྲེང་གཅིག
གཟམ་གདོང་བླ་མས་ཐོག་མ་བླ་མ་བསྟེན།
སྐུ་གསུང་ཐུགས་གསུམ་བླ་མའི་བཀའ་བཞིན་བསྒྲུབས།
རྣམ་དཔྱོད་དད་པ་མོས་པ་བླ་མར་ཕུལ།
ཉིན་མཚན་དུས་གསུམ་བླ་མའི་བྱ་བ་བསྒྲུབས།
རང་གི་ཡོན་ཏན་རང་གི་དབང་ཐང་རང་གི་བསོད་ནམས་ཚོགས།
བླ་མའི་བྱ་བ་བླ་མའི་བཀའ་དགོངས་བླ་མའི་ཐུགས་རེ་བསྒྲུབས།
དབྱར་ཁ་ཚ་བའི་རོང་ལ་བླ་མའི་འདོད་པ་བསྐོང་བ།
དགུན་ཁ་གྲང་བའི་ཕུ་ལ་བླ་མའི་བཀའ་དགོངས་བསྒུབས་སོང་།
གཟམ་གདོང་བླ་མ་ཕུད་པའི་རྒྱལ་བའི་དགོངས་པ་སྒྲུབ་མཁན།
གཟམ་གདོང་བླ་མ་ཕུད་པའི་ཞབས་ཞུ་རྣམ་དཔྱོད་ལྡན་པ།
གཟམ་གདོང་བླ་མ་ཕུད་པའི་སྤྱི་དོན་དབུ་ལ་འཁུར་མཁན།
གཟམ་གདོང་བླ་མ་ཕུད་པའི་མིང་ཞིག་འདོན་རོགས་གནང་དང་།
གཟམ་གདོང་བླ་མ་དགེ་བཤེས་གཏོང་བར་འབྲེལ་སྐབས།
ཁྲི་བྱང་བླ་མའི་བཀའ་བཞིན་སློབ་གྲྭའི་དགེ་རྒན།
གཟམ་གདོང་བླ་མ་སློབ་བུ་སྐྱོང་བར་འབྲེལ་སྐབས།
ཏྰ་ལའི་བླ་མའི་བཀའ་བཞིན་ཝ་ནར་ཕེབས་སོང་།
གཟམ་གདོང་བླ་མ་ཐོས་བསམ་སྒོམ་པར་འདོད་པ།
རྒྱལ་བའི་བཀའ་བཞིན་སྤྱི་འཐུས་འགྲིམས་དགོས་བྱུང་སོང་།
གཟམ་གདོང་བླ་མ་རི་ཁྲོད་ཕྱོགས་ལ་ཕེབས་སྐབས།
རྒྱལ་བའི་བཀའ་བཞིན་བཀའ་བློན་ཁྲི་པར་ཕེབས་སོང་།
བོད་གཞུང་དགའ་ལྡན་ཕོ་བྲང་།
ཆབ་སྲིད་ལྟ་བུ་མེད་དུས།
དབུ་མའི་ལམ་གྱི་ལྟ་བུ།
གཟམ་གདོང་བླ་མས་སྤེལ་སོང་།
དགེ་ལྡན་སྲུང་མར་རྩོད་རྙོག
ནང་འཁྲུག་རྦ་རླབས་འཁྲུག་དུས།
ལུས་སྲོག་འབེན་ལ་བཙུགས་ནས།
རྒྱལ་བའི་བཀའ་སློབ་སྤེལ་སོང་།
ཕྱི་རྒྱལ་སློབ་མ་ཞིག་གིས།
གཟམ་གདོང་བླ་མར་འདྲིས་པ།
ཅི་ཕྱིར་ཆབ་སྲིད་བསྐྱུར་ནས།
ལྷོད་ལ་དམ་ཆོས་མི་སྒྲུབ།
གཟམ་གདོང་བླ་མས་གསུང་བ།
བླ་མ་མཉེས་པའི་མཆོད་པ།
འདི་ལས་ཟབ་པ་མིན་འདུག
བླ་མ་སྐྱུར་བའི་ཆོས་པ།
མདོ་སྔགས་གཞུང་ལ་མིན་འདུག
ཕྱི་ནས་བལྟས་ན་སླ་མོ།
ནང་ནས་མྱོང་ན་དཀའ་མོ།
བླ་མའི་ཞབས་ཕྱི་སྒྲུབ་པ།
ཆོས་པ་ཀུན་གྱི་མཆོག་ཅེས།
མགོན་པོ་ཀླུ་སྒྲུབ་མཆོག་དང་།
ཏེ་ལོ་མར་པ་མི་ལ།
འབྲོམ་སྟོན་རྒྱལ་བའི་འབྱུང་ནས།
ཀུན་གྱིས་བསྔགས་པར་གྱུར་བ།
འདི་ལ་དྲངས་ཚོད་མིན་འདུག
མཁྱེན་ནོ་མཁྱེན་ནོ་བླ་མ།
རྒྱལ་བ་བསྟན་འཛིན་རྒྱ་མཚོ།
ཁྱེད་ཀྱི་སློབ་མ་གཟམ་གདོང་།
སྐུ་ཚེ་བར་ཆད་མི་ཡོང་།
བསམ་དོན་ལྷུན་གྱིས་གྲུབ་ནས།
འགྲོ་དོན་ཆེན་པོ་ཡོང་ཤོགཞེས་པ་འདི་སྔོན་མ། མ་ཤེས་མ་རྟོག་ལོག་རྟོག་གིས་གཟམ་གདོང་བླ་མར་སྨོད་པ་སྣ་ཚོགས་བྱེད་མཁན་ཞིག་གིས། ལོ་ངོ་ལྔ་ལྷག་གཟམ་གདོང་བླ་མའི་སྤྱོད་པར་བློ་གཟུ་བོར་གནས་ནས་བརྟག་རྗེས། བླ་མ་འདི་རང་དོན་སྤུ་ཙམ་མེད་མཁན། ལུས་ངག་ཡིད་གསུམ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀའ་དགོངས་སྒྲུབ་མཁན་དམ་གཙང་གི་སློབ་མ་མཆོག་ཏུ་འགྱུར་བ་ཞིག་ཡིན་པ་རྟོགས་རྗེས་གཤགས་པའི་ཚུལ་དུ་འདིར་ཕུལ་བ་ལགས།
དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་མཆོག་གིས། ༉ང་རང་ཡང་ཡང་རྒྱལ་བ་རིན་པོ་ཆེའི་དྲུང་དུ་བཅར་བའི་གོ་སྐབས་ཐོབ་མྱོང་། སྐབས་དེ་དུས་བཀའ་མོལ་ལྷུག་པོར་ཞུ་སྐབས། གཟམ་གདོང་རིན་པོ་ཆེ་རྒྱལ་བ་རིན་པོ་ཆེར་ཐུགས་ཕན་ཆེན་པོ་ཡོད་པའི་མི་སྣ་ཞིག་ཡིན་པ་ཤེས་སོང་། ༉གསུང་བ་ལས། གནས་ཚུལ་མང་པོ་ཞིག་ཤེས་ཐུབ་ལགས།
གང་གི་མཁྱེན་ཡོན་ཉི་མའི་འོད་སྣང་འབུམ། །
གཟུར་གནས་རྒྱ་གར་མཁས་པས་གཙུག་ཏུ་བཀུར། །
གློའུ་རྒན་བོད་མི་འུག་པའི་རྗེས་འགྲོ་འགས། །
མཁས་མིན་རྩོད་པའི་འཐེན་སྐད་སྒྲོགས་ལ་ལྟོས། །
གཟར་གནས་ནི་གཟུར་རང་ཡིན། ངོ་མ་རིན་ཐང་གཞལ་དུ་མེད་པའི་དྲང་གཏམ་ཞིག་བཤད་འདུག ད་དུང་དྲྭ་འབུ་མགོ་སྟོང་དག་ལ་སྐབས་དང་དུས་སུ་དེ་འདྲ་རེ་ཟུང་བྲིས་དང་བོད་སྤྱི་ལ་ཕན་ངེས་སུ་འདུག།
ས་གསུམ་དབང་བསྒྱུར། ཞེས་དང་མཧཱ་པཎ་ཆེན་ལྟ་བུ་འུད་བསྟོད་དུ་སོང་འདུག་པ་ལས། བསྟོད་པ་མང་ཆེ་བ་དོན་དང་ལྡན། འོན་ཀྱང་།
ལྟ་ངན་མུན་པའི་ཚོགས་རྣམས་མཐར་བྱེད་ཅིང།།
ལོག་མཐོང་བྱིས་པའི་ཚོགས་རྣམས་སྐྲག་བྱེད་པ།།
བསམ་སྦྱོར་ངན་པར་བྱམས་བརྩེའི་ལམ་སྟོན་པ།།
རིག་པའི་དཔའ་བོ་ཟམ་གདོང་བླ་མར་འདུད།། ཞེས་པར།
སྤྱོད་ངན་ཡིག་སྐྱེལ་ཉམ་ཐག་མཐར་བྱེད་ཅིང་།།
དཔེ་སྟོན་བྱིས་པའི་ཚོགས་རྣམས་སྐྲག་བྱེད་པ།།
སྒྲུབ་ཐབས་མེད་པའི་སོ་ནམ་ལམ་སྟོན་པ།།
ས་ཁང་བརླགས་པར་བྱས་པའི་བླ་མར་འདུད།།ཞེས་བྲི་དགོས་པར་མཐོང་།
མ་ཧཱ་པཎ་ཆེན་མིན་པའི་སྒྲུབ་བྱེད་ལ།།
ཚོད་དཔག་གཏམ་གྱི་སྨུག་སྤྲིན་འཐིབས་པ་ལས།།
ལྔ་ཟུང་རིག་གནས་གང་ཅིར་མི་མཁས་པའི།།
རིག་པའི་ཐོག་ཆར་ཡོད་ན་ཕོགས་ཤོག་དང།།
གཟུར་གནས་ཤེས་ལྡན་ཚོགས་ཀྱིས་རོལ་ཆོག་གོ།
སྤྱོད་ངན་ཡིག་སྐྱེལ་ཉམ་ཐག་མཐར་བྱེད་ཅིང།།
ངན་རུལ་སྤྱི་འཐུས་ཕྱོགས་ཁག་གཏོར་བྱེད་པའི།།
ཁྲིམས་མེད་ལུགས་མེད་དཔུང་སྒྲིལ་དམ་ཉམ་ཚོགས།།
གོས་མེད་གཅེར་བུའི་གཟུགས་སུ་བྱས་འདི་མཚར།།
སྲོལ་རྒྱུན་སོ་ནམ་སྟོང་བའི་འཇིག་རྟེན་ལ།།
ཕུགས་ཀྱི་འཚོ་རྟེན་དབེན་པའི་རིགས་པའི་ཐོག།
སྐབས་འཚོལ་རིང་ལུགས་ཚོགས་ཀྱིས་མི་མཐོང་ཡང།།
འཇིག་རྟེན་སྐྱོང་བ་དག་གིས་ཡང་དག་གཟིགས།།
དཔེ་སྟོན་བྱིས་པའི་ཚོགས་ཀྱི་བསམ་སྤྱོད་ལ།།
བཀའ་སྤྱི་ཡིག་རྨོངས་དག་གིས་མི་འགྲན་ན།།
བོད་ཀྱི་སོན་རྩའི་ཤེས་རིག་གསར་པའི་ལམ།།
རྣམ་དཔྱོད་སྟོབས་ཀྱིས་བཞེངས་འདི་ཕྱག་གི་ཡུལ།།
གང་བཤད་ཚིག་ལ་དོན་གྱིས་མ་བོར་ནས།།
གླེང་སློང་གཟུ་བོར་གནང་ན་ལེགས་མོད་ཀྱང།།
ལོག་མཐོང་ཅོལ་ཆུང་ཡིབས་ནས་འཚང་བ་དག།
གཟབ་གཟབ་མེད་པ་ཀླད་པ་གཏོར་ངེས་ཡིན།།
ཐོག་མར་ས་གསུམ་དབང་དུ་བསྒྱུར་ཚུལ་གསུངས།།
དེ་ནས་སྒྲ་ཡི་བསྟན་བཅོས་བགྲང་ཙམ་མཛོད།།
མཇུག་མཐར་སངས་རྒྱས་བསྟན་པའི་གནས་ཚད་ཞོགས།།
ཞར་དུ་བོད་རྒྱ་ཞི་མོལ་དགེ་སྐྱོན་འདོམས།
དེ་དག་ནུས་ན་པཎ་ཆེན་པཎ་ཆུང་ཤེས།།
བྱང་སྐར་ཟེར་བ་དང་སྣྲོན་ངག་འཁྲི་ཟེར་བ་སོགས་ལ་དྲི་བ་ཞིག་འདུག མ་ཧཱ་པཎྜི་ཏའི་མིང་ཡོད་ས་ཞིག་བོད་གངས་ཅན་གྱི་ལྗོངས་ལ་རོང་ཟོམ་མ་ཧཱ་པཎྜི་ཏ་དང་ས་པན་གཉིས་རེད། ཟེར། འོ་ན་པཎ་ཆེན་བློས་བཟང་ཆོས་རྒྱན་པཎྜི་ཏ་མ་རེད་པེ། རོང་ཟོམ་ཆོས་བཟང་ཆོས་རྗེ་ས་པཎ་དང་ལྷན་དུ་འཇོག་བྱེད་ཀྱི་ཁྱད་ཆོས་གང་ཡོད། རིག་པའི་གནས་ག་ཚོད་ཅིག་ལ་མཁས། གསུང་ཆོས་པོད་ག་ཚོད་ཡོད། ཆོས་སྲིད་ལ་མཛད་རྗེས་ཅི་ཡོད་གསུངས་རོགས། འདི་རང་འགར་དྲི་བ་ཞིག་ལས་དམིགས་ཡུལ་གཞན་པ་མེད་ངེས་ཡིན།
མཁྱེན་ཡངས་དབང་ཆེན་ལགས།
སྔོན་ལ་སྤྱན་ཤེལ་ཡག་པོ་དང་གསལ་པོ་ཞིག་བསྐྱོན་ཏེ་མཆན་དེ་དག་ཡག་པོ་
ཀློག་གནང་ནས་ད་གཟོད་མིང་འབོད་གནང་ན་བཟང་ས་རེད་མ་གཏོགས་འོལ་ཚོད་ངང་རང་གི་འདོད་པ་དང་ཚོད་དཔག་གསུངས་རྐྱང་གནང་ན་ཁྱེད་རང་ལའང་མཚན་ཤས་སུ་འགྲོ་ངེས་ཡིན་པ་དང་། ཇབ་ཆུང་བ་ཞིག་ཏུ་འགྱུར་སྲིད།
ངས་སྒྲུབ་བྱ་ནི། མ་ཧཱ་པཎ་ཆེན་ལ་དེ་གཉིས་ཀྱིས་མ་ཁྱབ་པ་སྒྲུབ་ཡས་དེ་རེད། དེ་མིན་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་དང་། ཞྭ་དམར་པཎྜིཏ། པཎ་ཆེན་ཤཀྱ་མཆོག་ལྡན་སོགས་པཎ་ཆེན་དང་པཎ་ཆུང་གིས་ཁྱབ་ནས་ཡོད་པ་མང་པོ་གོ་རྒྱུ་ཡོད་པ་རྣམས་དོན་ལ་གནས་མིན་སྐོར་ནས་བརྗོད་ཀྱི་ཡོད་པས། མ་འཁོལ་སྔོན་ནས་ལུད་མ་འཕེབས་རོགས་གནང་ཞེས་རེ་བ་ནན་མོ་ཞུ་རྒྱུ་ཡིན།
ལར་ནས། མ་ཧཱ་པཎྜི་ཏ་ཆེན་པོ་ཞེས་པ་ནི། པཎྜི་ཏ་ཆེན་པོའི་ནང་ནས་ཀྱང་ཆེན་པོར་གོ་དགོས་ཚོད་འདུག་པས་དེ་འདྲ་ཞིག་གི་
གནས་ཚད་ལ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཕར་བཞག་ནས་ཆོས་རྗེ་ས་པཎ་ཡང་ཁག་པོ་རེད།
མ་གཞི་ནས་མཁས་དབང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་གསར་རྩོམ་མཛད་པའི་ངོམས་རིན་ཡོད་པའི་དཔེ་དེབ་བམ་ལེགས་བཤད་གང་གང་ཡོད་དམ་གསལ་པོ་གསུང་རོགས་གནང་ྤམ་ཧྰ་པཎ་ཆེན་ཞུ་ཆོག་མིན་ལྟ་གི་ཡིན།།
མ་ཧཱ་པཎྜི་ཏ་ཀུན་གཟིགས་བཅུ་བ་ཆོས་ཀྱི་རྒྱལ་མཚན་ཀྱང་ཡོད་པ་མིན་ནམ། ཟམ་གདོང་འདྲ་བོ་པན་ཆེན་ཡིན་ན་པན་ཆེན་མང་ནི་རེད་ཡ།
བསྟོད་དུས་བསྟོད་ཚོད་མ་ཟིན་སྤྲིན་གསེབ་བསྐྱལ།།
སྨད་དུས་སྨད་ཚོད་མ་ཟིན་དམྱལ་ཁམས་བསྟིམས།།
མཐའ་རུ་ལྷུང་བའི་བློ་དང་བཤད་པ་གཉིས།།
མ་སྤངས་བར་དུ་བོད་ལ་རེ་བ་བྲལ།།
བསྟོད་ཤེས་ན་བླ་མའི་རྒྱན་དུ་འགྲོ།།
བསྟོད་མ་ཤེས་བླ་མའི་སྐྱོན་དུ་འགྲོ།།
རཀ་ར་སྤྲུལ་སྐུ་གར་ཞ་དངོས་གྲུབ་དང་། ། འདིའི་གར་ཞ་དངོས་གྲུབ་སུ་རེད།
འདྲེ་རྐང་ཐོའི་ཚིག་བཅད་དེས་ཟམ་གདོང་བླ་མ་མིག་མདུན་ལ་འཆར་བཅུག་སོང་།
ཟམ་གདོང་བླ་མ་མ་ཧ་པཎྜི་ཏ་ཡིན་མིན་ཅི་མི་ཤེས་ཏེ་མཁས་དབང་ཞེས་འབོད་ན་དོན་ལ་གནས་པར་སེམས།
ཨ་རོགས་བྱིས་པ་ཚོ། རྒྱ་གར་སྐད་དུ། མ་ཧཱ་པཎྜི་ཏ། བོད་སྐད་དུ། པཎྜི་ཏ་ཆེན་པོ། བོད་སྐད་དུ་པཎྜི་ཏ་དང་ཆེན་པོ་གཉིས་བསྡུས་ནས་པཎ་ཆེན་འབོད་སྲོལ་དར་བ་སོགས་ངེས་ན་ད་གཟོད་ཁྱོད་ཚོས་བརྩོད་བཞིན་པ་དེ་ཅི་ཡིན་ཤེས་འོང་།།
བོད་སྐད་དུ་མཁས་པ་ཆེན་པོ། པཎྜི་ཏ་བོད་སྐད་དུ་འཁྲུལ་པ་ཁྱོད་རེ་རྨོངས།
ལྷ་ཀླུ་ཡོད་མེད་གཞི་ནས་དཔྱད་རྒྱུ་ལ། །
ས་གཉིས་མ་ཚང་ས་གསུམ་རི་བོང་རྭ། །
དེ་ལ་དབང་བསྒྱུར་བཀའ་ཟུར་ཟམ་གདོང་ཞེས། །
རྡ་སར་བཞུགས་པ་དེ་ལ་གུས་ཞབས་ཡོད། །
http://blog.himalayabon.com/u/yungdrun/archives/2012/2467.html
དེར་གཟིགས་དྲ་འབུ་ཚོ་དུས་ཚོད་འཁྱོལ་ས་འདུག
མ་ཧཱ་པཎྜི་ཏ་ཟེར་བའི་མཚན་གནས་འདི་ཆེ་དྲག་པ་རེད།
སློབ་དཔོན་ཟེར་ན་ཡང་བདེ་བོ་མི་འདུག
ཆབ་མཁས་ཟམ་གདོང་ཟེར་ན་འདྲ་བོ་འདུག
པཎ་ཆེན་ཡིན་མིན་རྩོད་དགོས་མི་འདུག་ཅིང་། །
བླ་ཆེན་སློབ་དཔོན་གང་ཡིན་ཁྱད་མེད་པར། །
མི་ཚེ་ཧྲིལ་བོར་བོད་མིའི་བསྟན་སྲིད་སླད། །
ཐབས་བརྒྱ་ཇུས་སྟོང་གནང་བར་ཤེས་པར་གྱིས། །
མཐོན་པོ་བླ་མའི་ས་ནས་མ་ཞུགས་ཤིང་། །
མཁས་མདོག་འཇོན་མདོག་ངོམས་ནས་མ་ཕེབས་ལ། །
གྲྭ་རྐྱང་དཀྱིས་མའི་ཟོལ་གྱིས་བགྲོད་པ་ཅན། །
གང་ལ་ལོག་པ་སྨྲ་བར་ཅོལ་ཆུང་རྟགས། །
ཁྱོད་ནི་རྒྱལ་ཁབ་ག་བར་ཕེབས་ཕེབས་རེད། །
བླ་བྲང་རྫིག་པོ་བརྒྱབ་ནས་ཞུགས་ཆོག་ཀྱང་། །
མངོན་ལྐོག་མེད་ལ་བོད་མིའི་རྩ་དོན་ཆེད། །
ནམ་ཡང་གཡོལ་བ་མེད་ལ་ཕྱག་འཚལ་ལོ། །
དབང་ཆེན་ལགས་ཉོན་ཅིག་
གངས་རིའི་ལྗོངས་ཙམ་ན་དུས་གསུམ་དུ་འགྲན་པའི་ཟླ་དང་བྲལ་བར་གྲགས་པ་ཀུན་མཁྱེན་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོ་ལ་ཐུན་མིན་མདོ་རྒྱུད་མན་ངག་གི་གཞུང་ཤིང་ཆེན་མོ་རྣམས་ནས། ཐུན་མོང་རིག་གནས་དང་། འཇིག་རྟེན་པའི་ཞིང་ལས་དང་ཕྱུགས་སྐྱོང་བ། དཀར་ཤེ་ཇི་ལྟར་བསྒྲུབ་ཚུལ་ཡན་ཆད་ཀྱི་གསུང་འབུམ་པོ་ཏི་དྲུག་ཅུར་ལོངས་པ་དང་། སྔ་རབས་པ་འགའ་ཞིག་གིས་དེ་ལས་ཀྱང་མང་བ་ཡོད་ཚུལ་བཤད་ཅེས་འཇམ་མགོན་མི་ཕན་རིན་པོ་ཆེས་མཛད་པའི་རོང་ཟོམ་གསུང་འབུམ་གྱི་དཀར་ཆག་མེ་ཏོག་ཕྲེང་བར་གསུངས་ན་ཡང་། དེང་སང་ད་དུང་གསུང་འབུམ་པོ་ཏི་གསུམ་ལས་དཔེ་རྒྱུན་གཞན་རྙེད་མེད་ཅིང་། དེབ་དང་པོའི་པོད་དང་པོ་༼ཨ༽པ་ལ།རོང་ཟོམ་གསུང་འབུམ་གྱི་དཀར་ཆག་མེ་ཏོག་ཕྲེང་བ་འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པ། དགེ་བའི་བཤེས་གཉེན་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོའི་རྣམ་ཐར་མཛད་བྱང་མི་གསལ་བ།
རྒྱུད་རྒྱལ་གསང་བ་སྙིང་པོའི་འགྲེལ་བ་དཀོན་མཆོག་འགྲེལ། (གཞུང་གི་དབུར་མཚན་དམིགས་བསལ་མི་བཞུགས་ཀྱང་། མཆོད་བརྗོད་ཀྱི་ཐོག་མར་དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས།། ཞེས་བྱུང་བས་དཀོན་མཆོག་འགྲེལ་དུ་གྲགས་པ་ཡིན་ནོ།། མཆན།) ཁོག་དབུབ་ཆུང་ངུ་། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་བ་རྣམ་གསུམ་བཤད་པ། (གཞུང་གི་དབུར་མཚན་དམིགས་བསལ་མི་བཞུགས་ཀྱང་། འཕགས་པ་འཇམ་དཔལ་ཞེས་བྱ་བ་ནི། རང་གི་ངོ་བོ་ཇི་ལྟ་བུ་ཞིག དེའི་མཚན་ནི་གང་དང་གང་རྣམས་ཡིན། དེ་ཡང་དག་པར་བརྗོད་པ་ནི་ཇི་ལྟར་བརྗོད་ཅེ་ན། ཞེས་པ་ལྟར་དེ་དག་ལེགས་པར་བཤད་པས་རྣམ་གསུམ་བཤད་པ་སྟེ། གཞུང་ལས་ཀྱང་། འཇམ་དཔལ་མཚན་བཅས་བརྗོད་ཚུལ་བཅས།། རྣམ་གསུམ་བཤད་པ་ཙམ་བྱས་སོ།། ཞེས་བྱུང་ངོ་།། མཆན།) མན་ངག་ལྟ་བའི་ཕྲེང་བ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ། མན་ངག་ལྟ་བའི་ཕྲེང་བའི་འགྲེལ་བ། འཇམ་དཔལ་ཁྲོ་བོ་སྔགས་ཀྱི་དོན་གྱི་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་ཅིང་རོང་ཟོམ་ཆེན་པོས་བསྒྱུར་བ། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་ལས་བྱུང་ཞིང་གསང་སྔགས་ཀྱི་ལུགས་ཀྱི་སཱཙྪ་གདབ་པ་ཕྲིན་ལས་བཞི་སོགས་སྒྲུབ་ཚུལ། རྡོ་རྗེ་གཙུག་དོར་དང་ཚེ་དཔག་མེད་ཀྱི་ལྷ་རྒྱུད་ཀྱི་སྒོ་ནས་མཆོད་རྟེན་གདབ་པ། གདུང་སྲེག་གི་ཐོ་ཡིག ཆེ་མཆོག་གི་སྒོམ་ཁོག་བསྟོད་པ་དང་བཅས་པ། (འདིའི་མཇུག་ཏུ་ལས་འགྲིག་གི་ཡིག་ཆུང་ཉུང་ངུ་ཞིག་བཞུགས་པ་གོང་དང་འབྲེལ་ལམ་བརྟག མཆན།) ཞི་བ་འབྲིང་པོ་དང་ཁྲོ་བོ་སྣང་བ་དམ་པ་རྒྱན་གྱི་སྔགས་རྒྱ་དཔེ་ལ་གཏུག་པ།
པོད་གཉིས་པ་༼ཨཱ༽པ་ལ།ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས། གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་ལས་སྣང་བ་ལྷར་བསྒྲུབ་པ་བཅས་ཆོས་ཚན་བཅོ་ལྔ་དང་།
དེབ་གཉིས་པ་ལ།ལྟ་བའི་བརྗེད་བྱང་ཆེན་མོ། གསུང་ཐོར་བུ་ལེ་ཚན་བཅུ་གསུམ། (གསུང་ཐོར་བུའི་སྐོར་འདི་ལ་ཐེག་པའི་བྱེ་བྲག་ཆེན་མོ་དང་། ལམ་གྱི་མཚན་ཉིད། སྦྲུལ་ནག་པོའི་སྟོང་ཐུན། སངས་རྒྱས་ཀྱི་ས་ཆེན་པོ་ཞེས་གྲགས་པ་སོགས་ཕལ་ཆེར་ལ་མཚན་གོང་འོག་ཅི་རིགས་སུ་བྱུང་ཡང་། འགའ་ཞིག་ལ་མཚན་དངོས་སུ་མི་བཞུགས་མོད། འཇམ་མགོན་མི་ཕམ་རིན་པོ་ཆེས། གསུང་ཐོར་བུ་པ་ལ་ནང་གསེས་སུ་གྲུབ་མཐའ་སོ་སོའི་བདེན་གཉིས་འཇོག་ཚུལ། རྒྱུ་འབྲས་ཀྱི་ཐེག་པའི་བྱེ་བྲག་ཆེན་མོ།
མཆོད་པ། བསྒྲལ་བ། གསང་སྔགས་ལམ་གྱི་མཚན་ཉིད། མདོ་སྔགས་ཀྱི་གྲུབ་མཐའ་མཐུན་མི་མཐུན་མདོར་བསྡུས་ཀྱི་སྡུད་བྱང་།
སྦྲུལ་ནག་པོའི་སྟོང་ཐུན། སངས་རྒྱས་ཀྱི་ས་ཆེན་པོ་ཞེས་གྲགས་པ། རྒྱུད་སྤྱིའི་དངོས་པོ་གསལ་བར་བྱེད་པའི་ཡི་གེ དབང་གི་རབ་བྱེད། དམ་ཚིག་ཉེར་བརྒྱད་ཀྱི་གནང་བཀག་གི་ཡི་གེ གསང་སྔགས་ཀྱི་བཟླས་བརྗོད་བྱ་ཐབས་ཀྱི་ཡན་ལག རང་བྱུང་ཡེ་ཤེས་ཆེན་པོ་འབྲས་བུ་རོལ་བའི་དཀྱིལ་འཁོར་དུ་ལྟ་བའི་ཡི་གེ་རྣམས་སུ་ཡོད་དོ།། ཅེས་གསུངས་པ་འདིས་ཐམས་ཅད་གསལ་བོར་རྟོགས་ཐུབ་བོ། མཆན།) རབ་གནས་ཀྱི་རྩ་བ། རབ་གནས་ཀྱི་བཤད་སྦྱར། རབ་གནས་ཀྱི་ཆོ་ག (འདི་ལ་ཆོ་ག་རང་གི་མཇུག་ཏུ་ཚོགས་ཡིག་ཆེན་པོ་ཞེས་བྱ་བ་ཞེས་བྱུང་ཡང་། མི་ཕམ་རིན་པོ་ཆེས་རབ་གནས་ཀྱི་ཆོ་ག་ཞེས་གསུངས་འདུག་པས་འདིར་དེ་ལྟར་བྲིས་པ་ཡིན། མཆན།) ལྟ་བ་དང་གྲུབ་མཐའ་སྣ་ཚོགས་བརྗེད་བྱང་དུ་བགྱིས་པ། ཆོས་ཀྱི་རྣམ་གྲངས་ཀྱི་ཐོ་ཡིག (འདི་རོང་བའི་བླ་མ་མེ་དཔུང་གིས་གཏུས་པའི་ཀུན་མཁྱེན་རོང་ཟོམ་པ་ཆེན་པོའི་མཛད་པའི་བསྟན་བཅོས་ཀྱི་ཐོ་ཡིག་ཡིན། མཆན།) དམ་ཚིག་མདོ་རྒྱས་ཆེན་མོ། (འདི་ལ་མདོ་རྒྱས་ཀྱི་དབུར། ཚུལ་ཆེན་གསང་བའི་ཐེག་པ་ལས་གསུངས་པའི།། དམ་ཚིག་མདོ་རྒྱས་ཚུལ་ཙམ་བསྟན་པ་འདི།། ཞེས་པ་དང་། མདོ་རྒྱས་ཀྱི་མཇུག་ཏུ། གསང་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་དམ་ཚིག་གི་སྡོམ་པ་རྣམས། ཕྱི་དང་ཁྱར་པར་དང་ལྷག་པའི་དམ་ཚིག་ཏུ་ཕྱེ་སྟེ། མདོ་རྒྱས་སུ་བསྟན་ནས། གང་ཟག་ཐམས་ཅད་ཀྱི་བསླབ་པའི་གཞིར་རུང་ཞིང་། གང་ཟག་གཅིག་གིས་ཀྱང་བརྟེན་དུ་རུང་བའི་ཐབས་སུ་བསྡུས་ཏེ་རྣམ་པར་བཀོད་པའོ།། ཞེས་བྱུང་བ་གཉིས་ནང་མི་མཐུན་པར་མ་ཟད། རོང་བའི་བླ་མ་མེ་དཔུང་གིས་གཏུས་པའི་ཀུན་མཁྱེན་རོང་ཟོམ་པ་ཆེན་པོའི་མཛད་པའི་བསྟན་བཅོས་ཀྱི་ཐོ་ཡིག་ཏུ་གྲགས་པ་ལས་ཀྱང་། མདོ་རྒྱས་དང་མདོ་རྒྱས་ཆུང་ངུ་ཞེས་བྱུང་བས། དམ་ཚིག་མདོ་རྒྱས་ལས། དེ་ལྟར་རྩལ་འཕང་གི་ཁྱད་པར་རྣམ་པ་བཅུའི་སྒོ་ནས་གཞུང་ཁྱད་པར་ཅན་གྱི་དམ་ཚིག་རྒྱས་པར་བསྟན་ཟིན་ཏོ།། ཞེས་པ་ཡན་ཆད་མདོ་རྒྱས་དང་། དེ་མན་ཆད་མདོ་རྒྱས་ཆུང་ངུར་བགྲང་དགོས་སམ། ཡང་ན་དེའི་འོག་ནས་དཔེ་མང་པོ་ཞིག་ཆད་སོང་བར་བཤད་པ་དེའི་ནང་ནས་མདོ་རྒྱས་དང་མདོ་རྒྱས་ཆེན་མོའི་མཚམས་ཕྱེ་དགོས་སམ།
གང་ལྟར་ཡང་དེང་སང་དམ་ཚིག་མདོ་རྒྱས་ཀྱི་གཞུང་གཅིག་ཏུ་བརྩི་བཞིན་པ་འདིའི་དབུ་མཇུག་གཉིས་ལ་མདོ་རྒྱས་གཅིག་རང་མིན་པ་འདྲ་བས་དཔྱད་དགོས། མཆན།) པོད་གསུམ་པ་༼ ཨི ༽པ་ལ།རང་སློབ་དམ་ཚིག་པ་རྣམས་ལ་གསུངས་པའི་རྭ་བ་བརྒྱད་པའི་བཅའ་ཡིག རྣལ་འབྱོར་ཆེན་པོའི་སྤྱིའི་དམ་ཚིག་ཉི་ཤུ་རྩ་བརྒྱད་ཀྱི་གནང་བཀག་གི་ཡི་གེ སྨྲ་སྒོ་མཚོན་ཆའི་འགྲེལ་བ། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བའི་དཀའ་འགྲེལ། འདིའི་འོག་ཏུ་བཙུན་པ་གཞན་ཕན་པས་མཛད་པའི་ལུས་སྦྱིན་བསྡུས་པ་དང་ཞྭ་ཆོས། རོང་ཟོམ་ཆོས་ཀྱི་བཟང་པོ་ལ་གསོལ་བ་འདེབས་པ་དད་པའི་རྦ་རླབས་མངོན་པར་གཡོ་བ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་མཛད་པ། དཔལ་རོང་ཟོམ་པཎྜི་ཏ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་མི་ཕམ་རིན་པོ་ཆེས་མཛད་པ། པར་བྱང་སྨོན་ཚིག་མཁར་ལེགས་སྤྲུལ་སྐུ་པདྨ་ཀུན་བཟང་རང་གྲོལ་གྱིས་མཛད་པ་བཅས་ཆོས་ཚན་ཉེར་དགུ་སྟེ། ཁྱོན་གསུང་འབུམ་དེབ་ཆེན་གཉིས་ལ་ཆོས་ཚན་བཞི་བཅུ་ཞེ་བཞི་༤༤
ཙམ་བཞུགས་སོ།།
རོང་ཟོམ་མ་ཧ་པན་ཊི་ཏ་ཡིན་ན་ཆོག དེས་ཟམ་གདོང་མ་ཧ་པན་ཊི་ཏ་མིན་པ་དེ་བས་སྒྲུབ་ཀྱི་མིན་འདུག གོང་དུ་གཅིག་གིས་མ་ཧ་པན་ཊི་ཏ་ཡིན་ན། གནས་ལྔ་ལ་ཚང་དགོས་ཟེར། དེ་རྩོད་གཞི་དེ་རེད། རོང་ཟོམ་ནང་ཆོས་ལ་མཁས་པ་ཟམ་གདོང་ཡང་དེ་ལྟར་རེད། ད་གསོ་བ་རིག་པ་དང་། སྒྲ་རིག་པ་གཉིས་ཚད་གཞིར་འཇོག་དང་། རོང་ཟོམ་གསོ་བ་རིག་པ་མཁྱེན་རྒྱ་ཡོད་པ་གསུང་ཡས་མིན་འདུག སྒྲ་རིག་པ་ནི་ཟམ་གདོང་ང་རིན་པོ་ཆེ་ཡང་མི་དམན་པ་རེད། ཁོང་ད་དུང་། རྒྱ་གར་དང་དབྱིན་སྐད་ལེགས་ཐག་ཆོད་ཡོད། རོང་ཟོམ་གྱིས་དེ་ཤེས་སམ།
མ་གཞི་ནས། རོང་ཟོམ་གྱི་གསུང་མཇལ་མྱོང་། རང་རང་སོ་སོའི་ཆོས་ལུགས་ཀྱི་གཞུང་རྒྱས་པོ་འགྲེལ་མཁྱེན་མཁན། ས་དགེ་བཀའ་བོན་ཚང་མའི་ནང་ལ་ཡོད། འདིས་མ་ཧ་པན་ཊི་ཏ་གྲུབ་བྱེད་རྣལ་མ་ཞིག་མ་རེད། ལྷག་པར་དུ། རོང་གཟོམ་གྱི་གསུང་ནང་ལ། དག་ཆ་མི་འདྲ་བ་མང་པོ་འདུག འདི་ཡིག་ནོར་ཡིན་ནམ་མི་ཤེས། ཁྱེད་གཟིགས་དང་། རོང་གཟོམ་གྱིས་འགྲེལ་བཤད་དང་འགྲེལ་པར་རྟག་ཏུ་འབྲེལ་བཤད་ཅེས་འབྲེལ་བྲིས་པ་དྲན་གྱིས།
མ་གཞི་ནས། མ་ཧ་པན་ཊི་ཏ་ཟེར་བ་འདིས་བོད་པར་ལྟོ་ཁ་གང་མ་སྦྱིན། དེ་ལས་དགེ་རྒན་ནམ། ཞབས་ཕྱི་དམན་པ་ཞིག་གིས་བོད་ལ་ཕན་ཐོག་ཆེ་བ་འོང་། ཟམ་གདོང་མ་ཧ་པན་ཊི་ཏ་མ་རེད་ཟེར་རྩོད་པ་རྒྱོབ།
ཁྱེད་ལྟོས་དང་། བོད་འདི་ལ་མགོ་སྨན་སྤྲོད་མཁན་ཚང་མ་མ་ཧ་པན་ཊི་ཏ་དེ་ཚོ་མ་རེད་པས། རྒྱ་གཞུང་ལ་མགོ་བཏགས་མཁན་རྡོ་འབིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མ་ཧ་པན་ཊི་ཏ། བོད་ས་རྒྱ་ནག་གོང་མར་རྩིས་སྤྲོད་མཁན་ས་སྐྱ་མ་ཧ་པན་ཊི་ཏ། བལ་དམག་ཁྲིད་ནས་རང་ཡུལ་བཅོམ་མཁན་ཞ་དམར་མ་ཧ་པན་ཊི་ཏ། སྲུང་མའི་སྐོར་ལ་མ་འཆམ་པར་བོད་ཀྱི་རྩ་དོན་གཏོར་མཁན་དགེ་བཤེས་སྐལ་བཟང་མ་ཧ་པན་ཊི་ཏ། བོད་མི་ནང་ཁུལ་ཆོས་ལུགས་དམག་ཆེན་སློང་མཁན།ལྐོག་ནས་མཐའ་གཅིག་ཏུ་རྒྱལ་བ་རིན་པོ་ཆེར་གནོད་པ་ཤ་སྟག་སྐྱེལ་མཁན་གདོང་ཐོག་བསྟན་པའི་རྒྱལ་མཚན་མ་ཧ་པན་ཊི་ཏ། བོད་ཀྱི་སྐུ་དྲག་ནང་ལ་དམག་ཆེན་གསུམ་པ་སློང་མཁན་ཀ་ཤོད་པ་མ་ཧ་པན་ཊི་ཏ། དགེ་ལུགས་ནང་ལ་ཤུགས་ལྡན་ཁྲིད་ཡོང་མཁན་མ་ཧ་པན་ཊི་ཏ་ཚོ་དང་། བཙན་བྱོལ་གཞུང་དང་སྤྱི་འཐུས་བཅས་ནང་ལ་འཁྲུག་པ་ཆེན་པོའི་སྦྱིན་པ་བཏང་རྗེས། རྦིར་རྙིང་མའི་དགོན་པའི་རྩ་ཆེའི་རྟེན་རྫས་བརྐུས་ནས་རྒྱ་ནག་ལ་བྲོས་མཁན་བླ་མ་རྐང་ཀྱོག་མ་ཧ་པན་ཊི་ཏ། ད་དུང་། ཀ་རྨ་པའི་སྐུ་འཕྲེང་བཅུ་བདུན་པའི་ཡང་སྲིད་སྐོར་ལ་མ་འཆམ་པར། བཀའ་བརྒྱུད་རུམ་སྟེགས་མ་དགོན་ལ་དམར་ཐེལ་རྒྱག་མཁན་ཞྭ་དམར་རིན་པོ་ཆེ་མ་ཧ་པན་ཊི་ཏ། ད་དུང་། མཐའ་གཅིག་ཏུ་བོད་ཀྱི་ལོ་རྒྱུས་ལ་ཁྱོག་བཤད་དང་རྒྱ་གཞུང་གི་ལོ་རྒྱུས་གསལ་བར་མཛད་མཁན་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མ་ཧ་པན་ཊི་ཏ། ཨོ་ད་དུང་། ཨི་ཀྲ་ལིས་ལ་ཞུགས་པའི་རྒྱའི་པན་ཆེན་ངོས་འཛིན་བྱེད་མཁན་གངས་ཅན་བླ་མ་ཆེན་པོ་མ་ཧ་པན་ཊི་ཏ། ཉེར་འཆར་ཧྥ་རན་སི་ནས་རྒྱ་གཞུང་ལ་མགོ་བཏགས་མཁན་དགའ་ལྡན་ཁྲི་ཟུར་མ་ཧ་པན་ཊི་ཏ། ད་དུང་། ད་མ་ཧ་པན་ཊི་ཏ་སུ་འདུག
ཀླུ་སྨྱོན་མ་ཧ་པན་ཊི་ཏ། ཨོ་མ་རེད་མ་རེད། འདི་ནོར་བ་རེད། ངོ་མ་ནོར་སོང་། ཨ་ཁུ་ཀླུ་སྨྱོན་ཁ་གཙོག་པ་རེད་མ་གཏོགས་ཁོ་སེམས་ཤིན་དུ་གཙང་ལ་མི་དྲང་བ་ཞིག་རེད། དགེ་འདུན་རབ་གསལ་ཨེ་རེད། མ་རེད་མ་རེད། ཁོ་རྩ་བ་ནས་མ་ཧ་པན་ཊི་ཏ་མ་རེད། ཁོ་སྤྱི་སེམས་ཆེན་པོ་ཡོད་མཁན་ཁ་བརྡའི་ལས་བྱེད་གཙོ་བོ་ཞིག་རེད། ད་བར་རྩོམ་ཡག་པོ་ཤ་སྟག་བྲིས་སོང་། འོ་ན་སུ་རེད། ཧོར་གཙང་འཇིགས་མེད། མ་རེད། མ་རེད། ཁོ་རྩ་བ་ནས་མ་རེད། ཁོང་རང་རང་གི་རྩོམ་བྲིས། སྣང་བ་སྐྱིད་པོ་གཏོང་མཁན་རེད། མ་ཧ་པན་ཊི་ཏ་མ་རེད། ད་མ་ཧ་པན་ཊི་ཏ་སུ་འདུག ཏག་ཏག་རེད། ཁ་བརྡའི་ནང་ལ་རྟག་ཏུ་ཆོལ་གསུམ་དཀྲུག་ཤིང་རྒྱག་མཁན་གྱི་མ་ཧ་པན་ཊི་ཏ་སྐོར་ཞིག་འདུག འདིར་མིང་རྣམས་འགོད་རོགས།
འོ། སྦིན་ལ་ཏིན་མ་ཧ་པན་ཊི་ཏ། ཁོའི་ཚབ་ཤེག་གཅིག་གཅིག་གཉིས་ཉིས་མ་ཧ་པན་ཊི་ཏ། ཇ་པན་གྱི་ཨོམ་ཆོས་ཚོགས་ཀྱི་འདི་ཕྱིའི་སྐྱབས་གནས་ཨ་ས་ཧ་ར་མ་ཧ་པན་ཊི་ཏ། མའོ་ཙེ་ཏུང་མ་ཧ་པན་ཊི་ཏ། ཧི་ཀྲི་ལ་མ་ཧ་པན་ཊི་ཏ། ཨི་རན་གྱི་ཨ་ཡ་ཏོ་ལ་རྡུལ་ཕྲན་ཚོན་བྱའི་མ་ཧ་པན་ཊི་ཏ།
ད་ཡིན་ད། ཁྱོད་ཚོས་ཡོད་ཚད་ངན་སྨས་བྱོས་ཤིག་དང་ལྟད་མོ་འདུག
ཤེས་ཡོན་སྲིད་ཇུས་གཏན་འབེབས་གནང་སྟེ་སྐད་ཡིག་ཚེ་སྲོག་སྲུང་སྐྱོབས་མཛད།།
སོ་ནམ་སྲིད་ཇུས་ཕྱག་གཏར་གནང་སྟེ་མི་དང་སྐྱེ་དངོས་བདེ་འཇག་སྐྱོང་།།
བུ་ལོན་ཁྲོད་གནས་བཙན་བྱོལ་གཞུང་དེ་རང་མགོ་ཐོན་པའི་གནས་སུ་བསྐྱལ།།
འདི་དག་ཐམས་ཅད་ཟམ་གདོང་བླ་མའི་བྱེད་རྗེས་ཡིན་ཀྱི་བྱེད་ཉེས་མིན།།
མི་ཚེ་ཧྲིལ་པོ་གདོང་དམར་བོད་བོད་ཀྱི་བདེ་དོན་ཆེད་དུ་སྐྱེས་སུ་ཕུལ།།
གནའ་དེང་ཟུང་གི་ཤེས་ཡོན་ལ་མཁས་གངས་ཅན་བོད་མིའི་རྒྱན་ཆ་ཞིག
གཏན་ཚིག་ལྡན་པའི་གསུང་བཤད་རེ་ཡིས་དཔྱོད་ལྡན་རྣམས་ཀྱིས་སེམས་པ་འགུལ།།
རྭ་ཅོ་སྒྱེ་བླུག་སྤྱི་འཐུས་ཚོགས་རྣམས་སྨྲ་བ་མེད་པའི་གནས་སུ་བཀོད།།
སྤྲུལ་སྐུ་ཞེས་པའི་མིང་ཆེན་ཡོད་ཀྱང་འབྱོར་པའི་ཆེད་དུ་ཁྱོད་མ་རྒྱུག །
མཁས་དབང་ཞེས་པའི་མཚན་བྱང་ཡོད་ཀྱང་གྲགས་པའི་ལས་དོན་ཁྱོས་མ་གཉེར།།
ཉིན་མཚན་ཀུན་ཏུ་སྐྱབས་མགོན་བླ་མའི་དབུ་འོག་དཔུང་གིས་འདེད་མཁན་ཁྱོད།།
གཟུར་གནས་བོད་མིའི་སེམས་ཀྱི་དབུས་ན་ནུབ་པ་མེད་པའི་ཟླ་བ་ཡིན།།
མེ་ཏོག་དཀར་པོ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༡ གི་ཆུ་ཚོད་ ༡༠ སྐར་མ་ ༠༣
རཀ་ར་སྤྲུལ་སྐུ་གར་ཞ་དངོས་གྲུབ་དང་། ། འདིའི་གར་ཞ་དངོས་གྲུབ་སུ་རེད།
གར་ཞ་དངོས་གྲུབ་མཆོག་ངས་ཐོག་མར་ཁ་ཆེའི་ཡུལ་དུ། ༡༩༥༧ལོར་མཇལ། ཞི་ཞིང་དུལ་བ་བོད་སྐད་རིག་གནས་དང་ཧིནད་སྐད་སོགས་རྒྱ་གར་ལ་སྦྱངས་པ་ཆེ། བོད་གཞིས་ཀ་རྩེར་པཎ་ཆེན་རིན་པོ་ཆེས་ཕྱག་བཏབ་པའི་སྤྱན་གསལ་སློབ་གྲྭར་དགེ་བའི་བཤེས་དཀའ་ཆེན་རྒན་པད་མ་མཆོག་ནས་བོད་ཀྱི་རིག་གནས་སྦྱངས། དེ་རྗེས་རྒྱ་གར་སློབ་གྲྭ་ཆེན་མོ་ཁག་འགའ་ཞིག་སློབ་ཁྲིད་མཛད། གང་གི་གསུང་རྩོམ་འགའ་ཞིག་ཝཱ་ཎ་མཐོ་རིམ་སློབ་གྲྭས་སྤར། སྐུ་གཤེགས་པའི་སྔོན་དུ་ལྡི་ལིའི་བོད་ཁང་དུ་དགུན་ཁ་ཤས་རིང་བོད་དང་རྒྱ་གར་རིག་གནས་ཁག་ལ་ཞབས་ཏོག་ཞུ་བར་མཛད་དོ།།
རྒན་ལེགས། ངོ་སྤྲད་པར་དགའ། ཐུགས་རྗེ་ཆེ།
རྩོད་པ་མེད་སར་རྩོད་པ་རྒྱག་པ་འདི་དུས་ཚོད་འཕྲོ་བརླག་རེད། ཟམ་གདོང་རིན་པོ་ཆེ་པཎ་ཆེན་མིན་ན་ད་ང་ཚོར་མཚན་གཞི་འཇོག་རྒྱུ་ཁག་པོ་རེད། གདན་ཐོག་གི་པཎ་ཆེན་རི་དང་དགོན་པར་ཡིབས་པའི་པཎ་ཆེན་ཙམ་དུ་མ་ཟད། མཛད་འཕྲིན་དངོས་ཀྱི་ཆ་ནས་ཀྱང་པཎ་ཆེན་ཡིན་པ་མི་ལ་མཐུན་སྣང་དུ་གྲུབ་ཡོད་པ་རེད། དེ་ནང་པ་གཅིག་པུའི་སྐད་ཆ་ཞིག་མ་རེད། ཁོང་གིས་ནང་དོན་རིག་པའི་རྣམ་བཞག་དང་འབྲེལ་ནས་ཆབ་སྲིད་དང་ཚན་རིག སྤྱི་ཚོགས་བཅས་སུ་གཟིགས་སྟངས་ནི་སྔར་བྱུང་མྱོང་མེད་ལབ་ན་ཧམ་བཤད་མ་རེད། དེ་བས་རྣམ་པ་ཚོས་དུས་ཚོད་འཕྲོ་བརླག་ལ་མ་གཏོང།
ཞོར་དུ་སྐུ་རྩེད་ཅིག་བྱས་ན། བློ་བཟང་སེང་གེ་ལྟ་བུ་ཁྲིམས་ལུགས་འབུམ་རམས་པར་ཁེས་ཆེ་ཡང། དོན་དངོས་ཁྲིམས་ཀྱི་གནས་ཚད་འབུམ་རམས་པར་སོན་མེད་པ་ཁོང་ལའང་མཁས་དབང་ཞེས་པའི་ཚིག་འདི་སྦྱོར་རྐྱང་བྱེད་ཀྱི་འདུག་ན། ང་ཚོའི་བོད་སྐད་ཀྱི་པཎ་ཆེན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལྟ་བུར་མི་སྦྱོར་ན་སུ་ལ་སྦྱོར།།
ཟམ་གདོང་མཁས་པ་མིན་པ་སུས་སྨྲ་སྤོབས།
ཟམ་གདོང་བཀའ་དྲིན་ཆེ་བ་སུས་མི་དྲན།
འོན་ཏེ་མ་པཎ་ཆེན་པོའི་མཚན་གསོལ་ན།
ཅུང་ཟད་ཐལ་བ་མིན་འགྲོ་དྲ་འབུ་ཚོ།
འོན་ཏེ་མ་པཎ་ཆེན་པོའི་མཚན་གསོལ་ན། །ཞེས་པ། འོན་ཏེ་མ་ཧ་པཎྚིཏ་མཚན་གསོལ་ན། །ཞེས་སུ་བཅོས།
མ་པཎ་ཟེར་དུས་མ་ཧ་པཎྚི་ཏའི་བསྡུས་མིང་རེད། མ་ཧ་ཟེར་ན་ཆེན་པོ། པཎྚིཏ་ཟེར་ན་མཁས་པ། དེས་ན་ དེ་ལ་སླར་ཡང་ཆེན་པོ་ཞེས་སྦྱར་ན་ཟློས་པར་འགྱུར།
ཟླ་བཀྲས་ཕུན་ཁང་ལགས། བློ་བཟང་སེང་གེ་ཁྲིམས་ཀྱི་གནས་ཚད་འབུམ་རམ་པར་སོན་མེད་པའི་རྒྱུ་མཚན་བཤད་རྒྱུ་ཡོད་དམ། དེ་མེད་ན་ཁ་ནས་གང་ཐོན་བཤད་པ་ནི་བཅོལ་ཆུང་གི་སྐད་ཆ་ལས་ཅི་ཡོད།
ལུང་རྟོགས་ལ།
དྲི་བ་བཏང་བ་དགའ་བྱུང། ང་རང་གི་སྐད་ཆ་རང་གིས་འགན་ཁུར་ཐུབ་མཁན། རང་གི་སྐད་ཆར་ཁུངས་ལུང་ཡོད་པ་བྱས་ནས་བཤད་རྒྱུར་ཞེ་དྲག་དགའ་བོ་ཡོད་མཁན་ཞིག་ཡིན། ངས་ཁྱེད་ལ་བཀའ་ཁྲི་ཧ་ཝ་ཌི་གཙུག་ལག་སློབ་གྲྭར་ཅི་ལྟར་ཚུད་མིན། དེ་ནས་ཁོང་འབུམ་རམས་པ་ཚད་ལྡན་ཡིན་མིན་གསལ་བོ་བཤད་རྒྱུ་ཡོད། མང་པོ་བཤད་ན་རྙིང་པ་བསྐྱར་ཟློས་རེད། གཅིག་ཁོང་གི་འབུམ་རམས་པའི་ཆེད་རྩོམ་བཙན་བྱོལ་བོད་མིའི་མང་གཙོའི་སྐོར་རེད། དེ་ཧ་ཝ་ཌའི་ཁྲིམས་ལུགས་སློབ་དཔོན་སྤྱི་མཚུངས་ལྟར་གྱི་གནས་ཚད་དང་མ་ཉམས་པ། ཁོང་གི་རྩོམ་ཡིག་དེའི་ཁྱབ་རྒྱ་ལས་ཤེས་ཐུབ་པ། ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པ་སོགས་ཀྱིས་རེ་རེ་བྱས་ནས་དཔྱད་པ་བྱས་ཚར་ཡོད། ཁོང་བཀའ་ཁྲིར་སླེབས་ནས་ལོ་གཅིག་འགོར་གྲབས་ཡོད་ཀྱང། ད་དུང་ཁོང་གི་རྩོམ་ཡིག་དེ་བོད་ཡིག་ནང་ཐོན་ཐུབ་མེད། དེ་ནི། བོད་འགྱུར་གྱི་མཐུན་རྐྱེན་མེད་པས་མ་རེད། ཡ་གའི་སྦུགས་སུ་བཞག་ནས་མེད་ན་ཅིག་ཡོད་མདོག་མདོག་བྱས་ན་ཡག་པོ་ཡོད་པ་ལས། དེང་གི་བོད་ཀྱི་ཤེས་ལྡན་པ་ཚང་མའི་སྤྱན་སྔར་འགྲིམས་རྒྱུ་ཁོང་ལ་བློ་ཁོག་མེད་པ་གསལ་བོ་རེད། དེས་ཅི་ཞིག་མཚོན་ནམ་ཞེ་ན། ལུང་རྟོགས་ཁྱེད་རང་ལྟ་བུའི་གླེན་དད་ཅན་རྣམས་ཀྱིས་བསམ་བློ་བཏང་ནས་ལན་རྙེད་དགོས་པ་ཞིག་རེད། ད་དུང་མང་པོ་འདུག་སྟེ་རིམ་པ་བཞིན་སྤྲོ་བར་བྱ་་་་་་
ཟླ་བཀྲས་ལགས། ཁྱེད་རང་གི་སྐད་ཆ་དེ་ཚོ་ནི་རྙིང་པ་ཀྱང་ཀྱང་ལས་གོ་མ་མྱོང་བ་ཅི་ཡང་བཤད་རྒྱུ་མི་འདུག ཆབ་སྲིད་སྐྱར་ཞིབ་རྩོམ་སྒྲིག་པ་ཡིན་ན་དེ་ནི་ནམ་ཡིན་ཡང་བཀའ་ཁྲི་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པས་ཁོའི་སྐད་ཆར་སུས་ཡིད་ཆེས་བྱེད། ཁ་སང་རང་ཐོན་པའི་ཁོའི་དཔྱད་རྩོམ་དེ་ལ་བལྟས་ན་ཡང་ཡིད་ཆེས་རུང་བ་ཞིག་མིན་པ་གསལ་པོ་རེད། ཁོང་གི་འབུམ་རམ་པའི་ཆེད་རྩོམ་དེ་བོད་ཡིག་ནང་མ་སྒྱུར་བ་དེ་ཡང་ཁྱེད་རང་གིས་བཤད་པ་ལྟ་བུ་ཡིན་པའི་རྒྱུ་མཚན་གང་ཡང་མཐོང་མ་སོང་། རྒྱལ་སྤྱིའི་མཁས་པའི་སྤྱན་སྔར་འགྲིམ་ནུས་ས་ནས་བོད་པའི་མཁས་པའི་སྤྱན་སྔར་འགྲིམ་མི་ནུས་པ་རེད་ཟེར་ན་དཔྱོད་ལྡན་སུའི་རྣ་ལ་འགྲོ།
ཕུན་ཁང་བོང་རྒན་མགོ་རིས་ཁྱོད་ཀྱི་མཁས་དབང་བློ་བཟང་མི་ཡི་སེང་གེ་མཆོག་དང་ཧ་བར་དྲི་སློབ་ཆེན་
ཡང་དག་པའི་སློབ་ཆེན་ཡིན་མིན་བཤད་ནུས་པ་སྨྱོ་བ་རེད།
ཁོས་ག་རེ་བཤད་རུང་བཤད་ཆུག གལ་ཡོད་མ་རེད་། ཁོ་རང་མི་གང་འདྲ་ཞིག་ཡིན་མིན་རང་མདོག་སྟོན་པ་ཙམ་ལས་མཁས་དབང་བློ་བཟང་སེངྒེ་མཆོག་ལ་གནོད་སྐྱོན་འབུ་གྲོགས་འབུའི་སོ་བརྒྱབ་པ་ཙམ་ཡང་མི་གནོད་། མི་འདི་ཚོ་ངོ་མ་སྙིང་འདྲ་རྗེ་ཡོང་གྱི་འདུག །
མེ་ཏོག་དཀར་པོས་འདྲེ་ཤར་དང་གླུད་ནུབ་སྒོའི་དཔེར་ལྟར་མ་བཤད་ཨ། ངས་བཤད་པའི་པཎ་ཆེན་དང་ཁྱོད་ཚོས་རྩོད་པའི་པན་ཆེན་འདི་ནམ་རྒྱུན་ང་ཚོ་བོད་པའི་ལོ་རྒྱུས་དང་འཚོ་པའི་ནང་བེད་སྤྱོད་བྱེད་བཞིན་པའི་ཆ་ནས་བོད་སྐད་དུ་ཟེར་བ་ཡིན། ལར་ནས་རྒྱ་དཀར་པོ་དང་ནག་པོའི་མིང་ཚིག་མང་པོ་ཞིག་ལོ་ཆེན་ཚོས་ནང་འདྲེན་གྱིས་ནས་བོད་སྐད་དུ་གྱུར་ཟིན་པ་མ་ཡིན་ནམ། དཔེར་ན། པདྨ། ཙཎྡན། མུ་ཏིག པཎ་ཆེན་ལྟ་བུ་སོགས་རེད། འོ་ན་ཁྱོད་ལ་འདི་དག་བོད་སྐད་མིན་པའི་སྒྲུབ་བྱེད་ཨེ་ཡོད། ཚིག་སྐམ་རྩོད་ནས་མི་ཚེ་བསྐྱེལ། ཞག་རིང་ཙམ་གཟིགས་ནས་བཤད་དགོས་པ་མ་བརྗེད་ཤིག། །།
ཚིག་སྐམ་རྩོད་ནས་མི་ཚེ་མ་བསྐྱེལ། ཐག་རིང་ཙམ་གཟིགས་ནས་བཤད་དགོས་པ་མ་བརྗེད་ཤིག། །།
མགར་བུ་ལགས་ཀྱིས་རྩོམ་ངོ་མཚར་ལྡན་པ་ཞིག་བྲིས་འདུག འདི་བརྒྱུད་འགོད་ཆོག་པའི་ཆོག་མཆན་ཞིག་གནང་རོགས། འབྲེལ་གཏུགས། sangaysnow1@gmail.com