འབྲོང་ཚང་རབ་བརྟན་གྱིས།
(གསལ་བཤད་ཐུང་ངུ་ཞིག་ཡོད་པ་ནི། ཡོངས་གྲགས་སུ་ཐུགས་འགན་ཆེན་པོ་བཞི་ཞེས་བརྗོད་ཀྱི་ཡོད་མོད། ངའི་རྩོམ་ཡིག་འདིའི་ནང་དུ་ལམ་སྟོན་ཆེན་པོ་བཞི་ཞེས་བརྗོད་ཡོད། དོན་གྱི་ཐུགས་འགན་བཞི་ནི་ལམ་སྟོན་ཆེན་པོ་བཞི་ཡིན་པ་དོན་ཐོབ་ཀྱི་དབང་དུ་བྱས་ཏེ་དེ་ལྟར་བརྗོད་པ་ཡིན་ནོ།།)
བརྗོད་དོན་གནད་བསྡུས།
མཁའ་ཁྱབ་འགྲོ་བ་ཡོངས་ལ་མཛད་པའི་ལམ་སྟོན་ཆེན་པོ་བཞི་དང་། ཁྱད་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱེད་དགོས་པའི་བཀའ་དགོངས་ཀྱི་གལ་གནད་དང་། ལམ་སྟོན་དེར་བོད་པའི་ངོས་ནས་སྲི་ཞུ་ཅི་ཙམ་བསྒྲུབ་ཐུབ་ཀྱི་ཡོད་མེད་ཀྱི་དཔེར་མཚོན་བཀོད་དེ་ཅུང་ཟད་སྤྲོས་ཡོད།
གནད་ཚིག་མིང་བརྡ། གནའ་བོའི་རིག་གཞུང་། གསར་བརྗེ། ལམ་སྟོན། སྲི་ཞུ། སྤྱོད་བཟང་།
གླེང་སློང་བའི་གཏམ།
དེང་གི་དུས་འདིར་ཤེས་ཡོན་གྱི་ཚད་གཞི་ཇེ་མཐོར་ཕྱིན་ཏེ་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ཚོ་ལྟ་ཅི་ཤར་ཕྱོགས་ཨེ་ཤ་ཡའི་ལུང་བ་ཁུག་ཀྱོག་རྣམས་ཀྱི་ནང་དུའང་ལོ་ཆུང་བྱིས་པ་ཚོ་སློབ་གྲྭ་ལ་འགྲོ་མ་མྱོང་མཁན་ཧ་ལམ་མེད་པ་ལྟ་བུར་འགྱུར་བཞིན་པ་དང་་། གནད་དོན་འདི་ལ་འདས་པའི་མི་ལོ་བརྒྱ་ཕྲག་གཅིག་ཙམ་གྱི་ཡར་སྔོན་དང་བསྡུར་ན། ད་ཆ་ཚན་རྩལ་ཤེས་རིག་གི་ཚ་རླབས་གང་སར་འཕྱུར་ཏེ་འཛམ་གླིང་ཡངས་པའི་ཁྱོན་འདིར། རྒྱལ་ཁབ་ཕན་ཚུན་གྱི་གནས་ཚུལ་ཆེ་ཕྲ་དང་ཡུལ་ལུང་བར་གྱི་བདེ་སྡུག རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་འགྱུར་འགྲོས་སོགས་དེ་མུར་ཤེས་སླ་བ་ནི་ལག་མཐིལ་དུ་སྐྱུ་རུ་ར་བཞག་པའི་ངང་ཚུལ་ཇི་བཞིན་འཛམ་གླིང་འདི་ཕན་ཚུན་ལྟོས་གྲུབ་ཏུ་གནས་ཡོད་པ་མངོན་པ་ཇེ་གསལ་དུ་འགྱུར་བཞིན་པ་དང་། ལྷག་ཏུ་དེང་གི་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་ཤེས་ཡོན་ལམ་ལུགས་ཀྱི་ཁ་ཕྱོགས་དེ་དགྲ་འདུལ་གཉེན་སྐྱོང་དང་། རང་རྒྱལ་གཞན་ཕན་གྱི་སློབ་གསོ་ཁོ་ནར་གཙིགས་འཛིན་གྱིས་འདུ་ཤེས་གཉོམ་པོ་ཞིག་གི་འོག་ནས་འཚར་ལོངས་འབྱུང་བཞིན་པའི་དུས་སྐབས་འདིའི་ནང་དུ། དེང་གི་འཛམ་གླིང་སྤྱིའི་ཤེས་རིག་གི་འཕེལ་ཕྱོགས་དང་མཐུན་པར་བོད་དང་བོད་ཀྱི་སྐད་ཡིག་རིག་གཞུང་འདི་མི་ཉམས་རྒྱུན་གནས་དགོས་ན།དེ་ཡང་དུས་རབས་ཉེར་གཅིག་པའི་སྟོན་པ། ༸སྐྱབས་མགོན་རྒྱལ་དབང་ཡིད་བཞིན་ནོར་བུའི་མཛད་འཕྲིན་ཉ་གང་ཟླ་བའི་འཛུམ་ཟེར་བསམ་གྱིས་མི་ཁྱབ་པ་དང་། བརྗོད་ཀྱིས་མི་ལང་བ་དག་གི་ཡང་སྙིང་གཅིག་ཏུ་བསྡུས་པ་ལྟ་བུའི་མགོན་པོ་གང་གི་ཐུགས་ཀྱི་འོ་མཚོ་ལས་བྱུང་བའི་ཐུགས་བསྐྱེད་དམ་བཅའ་བཞིའམ་ལམ་སྟོན་ཆེན་པོ་བཞི་དེ་བསྒྲུབ་པ་ལ་ཅི་ནས་ཀྱང་འབད་པ་ལྷུར་ལེན་དགོས་པ་ནི་གནད་ཀྱི་དོན་པོར་མཐོང་ཞིང་། ལམ་སྟོན་དེ་དག་ནི་འགྲོ་བ་སྤྱི་ལ་གནང་བའི་རིན་ཐང་གཞལ་དུ་མེད་པའི་ནང་སེམས་ཀྱི་གསར་བརྗེ་ཞིག་ཡིན་ནོ།།
ལམ་སྟོན་ཆེན་པོ་དང་པོ།
“ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན་ཞིང་། དེ་ནི་མི་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་སུ་བདེ་སྐྱིད་འབྱུང་བའི་གཞི་རྩ་ཡིན་པར་འདོད།”
ཅེས་གསུངས་པ་ལྟར་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མི་སྤྱིའི་དོན་དུ་འགྲོ་བ་མིའི་ལྷན་སྐྱེས་སུ་བྱམས་པ་དང་བརྩེ་སེམས་ལ་དུང་བའི་རང་བཞིན་དེ་མ་བཅོས་ངང་གིས་ཡོད་པ་དང་། དེ་ཡང་དུས་རབས་འདི་ནི་གོང་དུ་བརྗོད་པ་ལྟར་སྤྱི་ཚོགས་ཕན་ཚུན་ལ་བརྟེན་པ་དངོས་ཤུགས་བརྒྱུད་གསུམ་ནས་མངོན་པར་ཇེ་གསལ་ནས་ཇེ་གསལ་དུ་འགྱུར་བཞིན་པའི་དུས་རབས་ཤིག་ཡིན་ཞིང་། མི་ཚང་མས་བདེ་བ་འདོད་པ་འདྲ་འདྲ་དང་སྡུག་བསྔལ་མི་འདོད་པ་མཉམ་མཉམ་ཡིན་ཞིང་། འགྲོ་བ་མིའི་དགོས་མཁོ་ཆེ་ཤོས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་བྱམས་བརྩེའི་ས་བོན་སོགས་ཡིན་པ་དང་། གཞན་ཡང་འགྲོ་བ་མིའི་རིགས་ཀྱི་དཀའ་་ངལ་ཆེ་ཤོས་སེམས་ཁམས་ཀྱི་དཀའ་ངལ་ཡིན་པ་གསལ་པོར་ར་སྤྲོད་གནང་ཡོད་ལ། དེ་ལྟའི་དགོས་འདོད་འགྲུབ་པ་དང་དཀའ་ངལ་སེལ་བྱེད་ཀྱི་ཐབས་ལམ་ཡག་ཤོས་ནི་བྱམས་པ་དང་སྙིང་རྗེ་ཡིན་ལ། དེ་ཡང་བྱམས་པ་དང་སྙིང་རྗེ་སོགས་ང་ཚོ་འགྲོ་བ་མི་སྤྱི་ལ་སྨན་པའི་གཞན་ཕན་གྱི་བློ་མིག་ཅིག་ཡིན་པ་དེ་དམིགས་བསལ་ཆོས་ལུགས་བྱེ་བྲག་པ་ཞིག་དང་བརྟེན་མི་དགོས་པར་འགྲོ་བ་མི་སྤྱིའི་ལྷན་སྐྱེས་སུ་མངའ་བའི་བྱམས་པ་དང་སྙིང་རྗེ་ལ་དུང་བའི་རང་བཞིན་སོགས་ངོས་ཟིན་པར་བྱས་ཏེ་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློའི་སྒྲོམ་གཞིའི་འོག་འགྲོ་བ་མིའི་སྤྱོད་བཟང་གོང་མཐོར་གཏོང་རྒྱུ་ནི་ལམ་སྟོན་དང་པོ་ཡིན་ཞིང་། དེ་ནི་ང་ཚོ་འགྲོ་བ་སྤྱི་ལ་གནང་བའི་ལམ་སྟོན་ཆེན་པོ་དང་པོ་དེ་ཡིན་ནོ།། དེ་ཡང་མགོན་པོ་གང་ཉིད་ཀྱིས་མཛད་པའི་སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ལས། “ཆོས་ཀྱི་གསར་བརྗེ་ཞེས་པ་ནི། བླང་དོར་གྱི་གསར་བརྗེ་ཞིག་ཀྱང་ནང་དུ་འདུས་པའི་ནང་སེམས་ཀྱི་གསར་བརྗེ་ཞིག་ཡིན་པ། ངོས་ཀྱི་ཀློག་པ་པོ་རྣམས་ལ་གོ་བརྡ་གསལ་པོར་སྤྲད་ཡོད་ཀྱི་རེད།”ཅེས་གསུངས་སོ།།
ལམ་སྟོན་ཆེན་པོ་གཉིས་པ།
“ངོས་རང་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང་། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང་། བྱམས་པ་དང་། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་སོགས་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད།མི་ཚེ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡིན་པར་འདོད།”
ཅེས་གསུངས་པ་བཞིན་ཆོས་པ་ཞིག་ཡིན་པའི་ངོས་ནས་ཆོས་ལུགས་ཕན་ཚུན་བར་དུ་མཐུན་སྒྲིལ་གནང་རྒྱུ་དེ་ནི་ལྡོག་ཏུ་མེད་པའི་ཐུགས་འགན་གལ་ཆེན་ཞིག་ཏུ་ངོས་འཛིན་མཛད་པ་ལས་འཕྲོས་ནས། གཞི་རྩའི་ཆ་ནས་ང་ཚོ་མི་སྒེར་རེ་རེའི་ཁམས་དང་མོས་པ་མི་འདྲ་བའི་དབང་གིས་དེ་དག་སོ་སོར་དད་མོས་བྱེད་སའི་ཆོས་ལུགས་གང་ཡང་རུང་བ་ཞིག་ཁས་ལེན་དང་མི་ལེན་སོ་སོའི་སྒེར་གྱི་རང་དབང་ཡིན་པ་ཆོས་ཉིད་དུ་གྲུབ་པ་ཞིག་ཡིན་པས་དེ་ནི་ང་ཚོ་སུ་གང་གིས་ཀྱང་བསྒྱུར་ཐུབ་པའི་ནུས་པ་མེད་པར་མངོན་ཞིང་། འཛམ་གླིང་འདིའི་ཆོས་ལུགས་ཚང་མ་མིའི་འདོད་དོན་སྐོང་བྱེད་ཅིག་ཡིན་གཤིས།བྱམས་བརྩེའི་རིན་ཐང་དར་སྤེལ་གཏོང་མཁན་དང་པོ་དེ་ཡིན་མོད། བྱམས་བརྩེ་དར་སྤེལ་གཏོང་སྟངས་ཀྱི་རིག་པའི་གཞུང་ལུགས་མི་འདྲ་བའི་སྒོ་ནས་ཆོས་ལུགས་སོ་སོའི་རྣམ་པ་མི་འདྲ་བར་ཆགས་པ་མ་གཏོགས་རྩ་བའི་རང་བཞིན་ནི་བྱམས་བརྩེའི་ས་བོན་སྔོག་འདོན་བྱེད་པའི་ལས་རྣམས་གཅིག་མཚུངས་སུ་གནས་པས། ཆོས་ལུགས་དེ་དག་ཕན་ཚུན་མཐུན་པོའི་ལམ་ནས་གནས་དགོས་པ་ཡང་ཡང་བཀའ་སྩལ་བ་དང་། ལམ་སྟོན་དེ་ནི་འཛམ་གླིང་གི་ཆོས་པ་ཚང་མ་ལ་གནང་བའི་ལམ་སྟོན་ཞིག་ལ་ངོས་འཛིན་མཛད་ན་འཐུས་པར་སྙམ་མོ།། དེ་ཡང་མགོན་པོ་གང་ཉིད་ཀྱིས་མཛད་པའི་སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ལས། “མཐར་གཏུགས་ན་ཆོས་ལུགས་ཚང་མ་གཅིག་ཡིན་པར་བརྗོད་དགོས་པའི་རྒྱུ་མཚན་མེད། ཡིན་ནའང་། བླང་དོར་གྱི་རྣམ་གཞག་གཞིར་བཞག་ནས་བྱམས་པ་དང་སྙིང་རྗེ་མེད་དུ་མི་རུང་ཡིན་པ་ནན་གྱིས་གསུང་གི་ཡོད་པའི་ཆ་ནས་ཆོས་ལུགས་ཚང་མ་གཅིག་མཚུངས་ཤིག་ཡིན།”ཞེས་གསུངས་སོ།།
ལམ་སྟོན་ཆེན་པོ་གསུམ་པ།
“ངོས་རང་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་བཅས་ལ་སེམས་ཁུར་དང་། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་བྱ་རྒྱུ་དེའང་ངོས་ཀྱི་འགན་ཁུར་ཡིན།”
ཞེས་གསུངས་པ་ལྟར་སའི་གོ་ལའི་ཡང་སྟེང་ན་ཆགས་པའི་མཚོ་བོད་མཐོ་སྒང་གི་ཡུལ་གྲུ་དེའི་སྣོད་བཅུད་ཀྱི་ཆགས་འཇིག་རེ་རེ་ནི་གོ་ལ་སྤྱིའི་སྣོད་བཅུད་ཀྱི་ཆགས་འཇིག་དང་འབྲེལ་བ་ཡོད་པ་ཡིན་ཏེ། རི་མཐོ་ས་གཙང་གི་བོད་ཡུལ་གངས་ཅན་ལྗོངས་ནི་ཆུ་བོ་ཀུན་གྱི་འགོ་ཁུངས་ལྟ་བུ་ཡིན་པ་ནི། དཔེར་ན། སྟོད་ཀྱི་ཁ་འབབ་ཆུ་བོ་བཞི་དང་སྨད་ཀྱི་ཆུ་བོ་ཆེན་པོ་བཞི་སྟེ་ཆུ་བོ་ཆེན་པོ་བརྒྱད་ནི་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་དུ་མའི་ནང་དུ་བཞུར་རྒྱུན་འདྲེས་ཏེ་ཡུལ་གྲུ་དེ་དག་གི་ནང་དུ་འཚོ་ཞིང་གནས་པའི་མི་གྲངས་ཐེར་འབུམ་མང་བོའི་འཚོ་གནས་ཀྱི་འབྱུང་ཁུངས་ལྟ་བུར་གྱུར་ཡོད་པས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱས་ན་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་བྱས་པ་དང་ངོ་བོ་དབྱེར་མེད་ལྟ་བུ་ཡིན་གཤིས། ༸མགོན་པོ་གང་ཉིད་ཀྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་བཀའ་དགོངས་དེ་ལྟར་ཡིན་པར་མངོན། དེ་བཞིན་དུ་བོད་ཀྱི་ཆོས་དང་རིག་གཞུང་གིས་ཀྱང་འཛམ་གླིང་སྤྱིའི་ད་ལྟའི་ཤེས་རིག་གི་སྒྲོམ་གཞི་ལ་ནང་སེམས་ཀྱི་སྐོར་ལ་ཞབས་འདེགས་གང་འཚམ་བསྒྲུབ་ཐུབ་པའི་དགོངས་པ་ཆེ་བཞེས་ཀྱིས་དེ་དག་སྲུང་སྐྱོབ་བྱེད་དགོས་པའི་ལམ་སྟོན་མཛད་པ་དེ་ནི་བོད་མི་ཡོངས་ལ་གནང་བའི་ལམ་སྟོན་གལ་ཆེན་ཞིག་ཡིན་ལ།མགོན་པོ་གང་ཉིད་ཀྱི་ལམ་སྟོན་ཆེན་པོ་གསུམ་པ་དེ་ཡང་ཡིན་ནོ།།
ལམ་སྟོན་ཆེན་པོ་བཞི་པ།
“ངོས་རང་རྒྱ་གར་གནའ་རབས་ཀྱི་རིག་གཞུང་གི་རྗེས་འབྲངས་པ་ཞིག་ཡིན་པའི་ཆ་ནས།རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པ་དང་། ཚད་མའི་རྣམ་གཞག ལྟ་གྲུབ་དང་འབྲེལ་བའི་སྒོམ་སྒྲུབ། ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་བཅས་དེང་གི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་གྱིས་རྒྱ་གར་ནང་བསྐྱར་གསོ་བྱས་ཏེ། བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་ཐུབ་ན་སྙམ་མོ།།”
ཞེས་གསུངས་པ་བཞིན་མགོན་པོ་གང་ཉིད་མཆོག་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་ཡ་གྱལ་ཏེ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་གཙོ་བོར་གྱུར་པའི་རྒྱན་དྲུག་མཆོག་གཉིས་དང་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་སོགས་ཀྱིས་ནང་དོན་རིག་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་ཕབ་པའི་བཀའ་དང་བསྟན་བཅོས་དེའི་དགོངས་འགྲེལ་ཡང་འགྲེལ་དག་དང་། གཞན་ཡང་ཕྱི་རོལ་གྲངས་ཅན་པ་དང་བྱེ་བྲག་པ་སོགས་རྟོག་གེ་སྡེ་ལྔས་མཚོན་རྒྱ་གར་གྱི་གནའ་རབས་རིག་གཞུང་ལ་ཐུགས་འདྲེས་ཆེན་པོ་ཡོད་པར་མ་ཟད། ལྷག་དོན་དུ་རྒྱ་གར་གྱི་ནང་བསྟན་མཚན་ཉིད་རིག་པའི་རིག་གཞུང་གི་ལྟེ་གནས་ལྟ་བུའི་ཆེས་སྔ་བའི་རྒྱལ་སྤྱིའི་སློབ་གླིང་དཔལ་ནཱལེཎྜ་ནས་བརྒྱུད་པའི་རིག་གནས་ཀྱི་མཁའ་དབུགས་དང་འབྲེལ་བ་དམ་ཟབ་ཅིག་ཡོད་པར་བརྟེན། དུས་རབས་འདིའི་ནང་དུ་རིག་གནས་དེ་དག་གི་རྒྱུན་གནས་དར་སྤེལ་གནང་རྒྱུ་ནི་རྒྱ་གར་གཅིག་པུ་ཙམ་གྱི་ཁེ་ཕན་མ་ཡིན་པར་འགྲོ་བ་སྤྱི་ལ་སྨན་ཞིང་ནང་སེམས་ཀྱི་བདེ་སྐྱིད་ཀྱི་གཞི་མ་ཞིག་ཏུ་འགྱུར་རྒྱུའི་ཐུགས་རེ་གནང་བ་དེ་ནི་ལམ་སྟོན་ཆེན་པོ་བཞི་པ་ཡིན་ནོ།།
མདོར་དྲིལ་ནས་བརྗོད་ན། མཉམ་མེད་ཟས་གཙང་གི་སྲས་པོ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་སྐུ་ཚེའི་སྟོད་སྨད་བར་གསུམ་ཀུན་ཏུ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཟབ་རྒྱས་ཆོས་ཀྱི་ཆར་བ་ཇི་སྙེད་ཅིག་བཀའ་སྩལ་བ་དག་ཕྱོགས་གཅིག་ཏུ་བསྡུས་ན། འཁོར་ལོ་རིམ་པ་གསུམ་གྱི་ནང་དུ་མ་འདུས་པ་མེད་པ་ཇི་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྐུ་ཚེའི་མཛད་འཕྲིན་མཐའ་དག་གི་ཡང་སྙིང་གཅིག་ཏུ་བསྡུས་ན། མཛད་ཆེན་བཞིའམ་ལམ་སྟོན་ཆེན་པོ་བཞིའི་ནང་དུ་མ་འདུས་པ་མེད་པ་ལྟ་བུར་སྣང་བས་དཔྱོད་ལྡན་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་མཛོད་ཅིག །།
ཅི་ཞིག་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཟེར།
འདི་ལ་ངོས་འཛིན་ཚུལ་མི་འདྲ་བ་ཡོད་སྲིད་ཀྱང་། ཚིག་ཉུང་ལ་བརྗོད་དོན་མདོར་བསྡུས་ཤིག་གི་སྒོ་ནས་བསྙད་ན། རྒྱ་གར་གྱི་གནའ་བོའི་རིག་གཞུང་ཞེས་པ་དེ་ནི་གཙོ་བོ་ཕྱིའི་དངོས་པོའི་ཡར་རྒྱས་ཁོ་ན་ལ་དམིགས་པའི་རིག་རྩལ་གྱི་རྣམ་གཞག་ལས་བརྒལ་ཏེ་གཙིགས་འཛིན་བྱེད་ཡུལ་དེ་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཀྱི་རིག་པའི་གཞུང་ལུགས་ཤིག་གམ་ལྟ་གྲུབ་ཀྱི་རྣམ་གཞག་ཞིག་ལ་གོ་ན་འགྲིག་སྙམ་མོ།།
རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱེད་དགོས་པའི་བཀའ་དགོངས་ཀྱི་གལ་གནད་ལ་དཔྱད་པ།
རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱེད་དགོས་པའི་དགོངས་པ་གཙོ་བོ་གང་ཡིན་ཞེ་ན། དེ་ལ་རྒྱུ་མཚན་མི་འདྲ་བ་གསུམ་གྱི་སྒོ་ནས་མནོ་བསམ་བཏང་ན་འགྲིག་པར་སྙམ།
དང་པོ་ནི། རྒྱ་གར་གྱི་གནའ་བོའི་རིག་གཞུང་ནི་རྒྱ་གར་པ་ཚོ་རང་གི་ཡབ་མེས་ཀྱི་ཤེས་རབ་ཀྱི་འོད་སྣང་ལས་འཁྲུངས་པའི་ཤུལ་བཞག་གི་རིག་གཞུང་རྨད་དུ་བྱུང་བ་ཞིག་ཡིན་པས་ཕ་ནོར་བུ་ལ་གནང་རྒྱུ་དེ་ནི་འཇིག་རྟེན་ལུགས་ཀྱི་སྤྱོད་བཟང་དང་འབྲེལ་བ་ཡོད་ཁར། འགྲོ་བ་མིའི་ཤེས་ཡོན་རིག་གནས་ཀྱི་ཁ་ཕྱོགས་གསར་བརྗེ་ཡི་དགོས་མཁོ་ལའང་དམིགས་ཡོད་པ་གསལ་པོར་རྟོགས་ཐུབ། ལྷག་ཏུ་མགོན་པོ་མཆོག་གི་སྐུ་ཚེ་སྨད་ཀྱི་མཛད་པ་གལ་ཆེན་ཞིག་ཡིན་པ་དང་། འཚེ་མེད་ཞི་བའི་ལྟ་སྤྱོད་ཀྱི་སྒྲོམ་གཞིའི་འོག་ཏུ་རིག་གཞུང་འདིས་འགྲོ་བ་སྤྱི་ལ་ཞབས་འདེགས་དོན་ཕན་ལྡན་པ་བསྒྲུབ་ཐུབ་པའི་ནུས་པ་ཁྱད་འཕགས་ཡོད་པར་གཟིགས་པས་དེ་དག་རྩལ་འདོན་གནང་གི་ཡོད་པར་མངོན་ནོ།།
གཉིས་པ་ནི། གཞན་ཡང་སྔོན་གྱི་རྒྱ་གར་གྱི་རིག་པའི་གཞུང་ལུགས་རྣམས་སུ་སྣོད་བཅུད་ཀྱི་འཇིག་རྟེན་དང་། ཤེས་བྱ་ཡུལ་གྱི་རྣམ་གཞག་གཏན་ལ་འབེབས་པའི་སྐབས་སུ། དེང་རབས་ཀྱི་ཚན་རིག་པའི་ལམ་ལུགས་ཇི་བཞིན་ཤེས་བྱ་ཡུལ་གྱི་ཆོས་ཉིད་རྩ་བར་འཛིན་པའི་ཁར། ཡུལ་གྱི་གནས་ཚུལ་གྱི་བཤད་པ་མཐའ་དག་མཐར་མངོན་སུམ་གྱི་མྱོང་བ་ལ་གཏུག་གང་ཐུབ་བྱེད་པ་དང་། ལྷག་པར་ནང་སེམས་ཀྱི་གནས་ཚུལ་ལ་དཔྱོད་པའི་སེམས་ཁམས་རིག་པའི་སྐབས་སུའང། ཚན་རིག་ལྟར་གྲུབ་ཟིན་གྱི་དོན་གཞི་ལ་བཞག་སྟེ།དེ་ཡོད་ན་དེའང་འབྱུང་ངེས། འདི་ཁེགས་ན་དེའང་ཁེགས་དགོས་ཞེས་སོགས་ཀྱིས་ཞིབ་དཔྱོད་ཚོད་དཔག་གི་ལམ་ནས་དཔྱད་པ་བྱེད་པས་ན། དངོས་སུ་ཚན་རིག་ཅེས་པའི་ཐ་སྙད་བཏགས་མ་བཏགས་ཇི་ལྟར་རུང་། དོན་ལ་དེང་རབས་ཀྱི་ཚན་རིག་གི་གོ་དོན་ཚང་བའི་ཆ་ཤས་མང་དག་ཅིག་ཡོད་པར་བརྟེན་རྒྱ་གར་གཅིག་པུ་ཙམ་མ་ཡིན་པར་ད་ལྟའི་དུས་སུ་འགྲོ་བ་སྤྱི་ལ་ཕན་བདེ་རླབས་ཆེན་བསྒྲུབ་ཐུབ་པའི་རིག་གཞུང་འགྲན་ཟླ་བྲལ་བ་ཞིག་ལ་དགོངས་ཡོད་པར་སྣང་ངོ་།།
གསུམ་པ་ནི། དུས་རབས་ཉེར་གཅིག་པ་འདིའི་ནང་དུ་ང་ཚོ་འགྲོ་བ་མིའི་སྤྱི་ཚོགས་ལ་འཕྲད་བཞིན་པའི་དཀའ་ངལ་ཆེན་པོ་མང་དག་ཅིག་ཡོད་པ་ནི། འཛམ་གླིང་འདིར་མི་འབོར་འཕེལ་རྒྱས་ཚད་ལས་བརྒལ་བཞིན་པ་དང་། དེ་བཞིན་དུ་ཁོར་ཡུག་གཏོར་བཤིག་ཚད་བརྒལ་འབྱུང་བཞིན་པ་དང་། དེ་འབྲེལ་གྱི་དབུལ་ཕྱུག་གི་ཁྱད་པར་ཚད་ལས་བརྒལ་བ་དང་། ཆོས་ལུགས་རྩོད་རྙོག་གི་དཀའ་ངལ་སོགས་ཀྱིས་འགྲོ་བ་སྤྱིའི་སྣོད་བཅུད་གཉིས་ལ། རང་ཅག་མིས་བཟོས་པའི་དཀའ་ངལ་ཡང་ཡང་འཕྲད་བཞིན་པ་འདི་ཟློག་དགོས་ན། རྒྱ་གར་གྱི་གནའ་བོའི་རིག་གཞུང་ལས་བྱུང་བའི་ཞི་གནས་དང་ལྷག་མཐོང་སྒོམ་པའི་རིམ་པ་དང་། ཆོག་ཤེས་ཀྱི་འདུ་ཤེས་དང་། བཟོད་པའི་ཉམས་ལེན། གཞན་ཡང་ལྟོས་གྲུབ་ཀྱི་རྣམ་གཞག་དང་བྱམས་བརྩེ་ཡི་བློ་མིག་སོགས་ཀྱིས་སྙིང་སྟོབས་ཀྱི་བྱིན་མཐུ་ལྡན་པའི་རིག་པའི་གཞུང་ལུགས་དེ་བསྐྱར་གསོ་བྱེད་དགོས་པའི་དགོངས་པ་རྒྱ་ཆེར་ཡོད་པ་ཡིན་ནོ།།
ལམ་སྟོན་དེར་བོད་པའི་ངོས་ནས་སྲི་ཞུ་ཅི་ཙམ་བསྒྲུབ་ཐུབ་ཀྱི་ཡོད་མེད་ཀྱི་དཔེ་མཚོན་འཚོལ་བ།
སྤྱིར་ང་ཚོ་བོད་པ་ཚོས་མགོན་པོ་གང་ཉིད་ཀྱི་ལམ་སྟོན་བཞི་པ་ལ་སྲི་ཞུ་གང་འཚམས་ཤིག་བསྒྲུབ་ཡོད་པར་མངོན་ཏེ། ལམ་སྟོན་བཞི་པའམ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱེད་དགོས་པའི་དགོངས་གཞི་དེ་སྐུ་མདུན་གྱིས་གསར་གཏོད་གནང་ནས་ལོ་མང་པོ་འགོར་མེད་པ་ལ་དཔགས་ན། ལམ་སྟོན་སྔ་མ་གསུམ་གྱི་སྐོར་ལ་བོད་པ་རང་ངོས་ནས་སྲི་ཞུ་བསྒྲུབ་པ་ཤིན་ཏུ་འཕྱི་ཞིང་དེ་གསུམ་གྱི་གོ་དོན་ཙམ་ཡང་ལོ་མང་གི་རིང་ལ་མ་ལོན་པ་ལྟ་བུའི་སྣང་ཚུལ་སྒོ་དུ་མ་ནས་མཐོང་ཐུབ་མོད། དེ་ལས་ལྡོག་སྟེ་ལམ་སྟོན་བཞི་པ་དེ་གསུངས་ནས་ལོ་མང་མ་ལོན་པར་སྤྱི་ཚོགས་ཀྱི་གྲུ་ཟུར་རེ་རེ་ནས་དེའི་ཐད་དུ་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་ལམ་སྟོན་དེ་འགྲུབ་པ་ལ་བོད་པ་རང་ངོས་ནས་ནུས་ཤུགས་ཡོད་རྒུ་འདོན་བཞིན་པ་ནི། དཔེར་ན། ནང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་སྒྲིག་བྱས་པའི་ནང་བའི་ཚན་རིག་ཀུན་བཏུས་ཀྱི་དེབ་ཕྲེང་དེ་དག་ནི་རྒྱ་གར་གྱི་རིག་གཞུང་བསྐྱར་གསོ་བྱེད་པའི་ཡན་ལག་ལྟ་བུའི་སློབ་དེབ་ཡིན་ལ། དཔེ་དེབ་དེ་དག་གིི་ནང་དོན་ལ་སློབ་སྦྱོང་བྱེད་མཁན་ནང་པ་སངས་རྒྱས་པའི་རྗེས་འཇུག་རྣམས་ཀྱི་ནང་དུའང་། གནའ་སྲོལ་བཞིན་ཆོས་སྡེ་ཆེན་པོ་ཁག་ཏུ་སློབ་གཉེར་རྒྱུན་རིང་པོར་བྱ་རྒྱུའི་གོ་སྐབས་མེད་པའི་རིགས་ལའང་བཀའ་བསྟན་གྱི་བརྗོད་བྱ་དང་འབྲེལ་བའི་ནང་བའི་གཞི་ལམ་འབྲས་གསུམ་གྱི་གོ་བ་རགས་རིམ་ཙམ་སྟེར་ཐུབ་པ་དང། ཚན་རིག་པ་དང་ཉམས་ཞིབ་པའི་ཁྲོད་དུ་སངས་རྒྱས་པའི་གཞུང་ལས་བཤད་པའི་སེམས་ཁམས་ཀྱི་རྣམ་གཞག་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ལ་དོ་སྣང་གསར་པ་སླེབས་བཞིན་པ་རྣམས་ཀྱིས་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དེབ་འདི་དག་གིས་ལྡེ་མིག་གི་ཟོལ་གྱིས། གཏིང་ཟབ་ལ་རྒྱ་ཆེ་བའི་བཀའ་དང་བསྟན་བཅོས་ཀྱི་གཞུང་ལུགས་ལ་ཞིབ་འཇུག་གི་སྒོ་མོ་ཡངས་པོར་འབྱེད་ཐུབ་པ་སོགས་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱེད་པ་ལ་ཕན་ཐོགས་བླ་མེད་འབྱུང་བའི་ཕྱག་ལས་རྒྱ་ཆེར་གནང་ཡོད་པ་དང་། གཞན་ཡང་རྒྱ་གར་པ་བོད་ཡིག་བོད་སྐད་ཤེས་མཁན་ཚོ་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱེད་དགོས་པའི་བཀའ་དགོངས་ཀྱི་གལ་གནད་ངོ་སྤྲོད་དང་དེ་དག་གི་དོན་ལ་སློབ་སྦྱོང་བྱེད་དགོས་པའི་སྐུལ་མ་ཡང་གཞུང་སྒེར་གཉིས་ནས་ཡང་ཡང་གནང་བཞིན་པ་དང་། དེ་བཞིན་དུ་རྒྱལ་ས་ལྡི་ལིའི་ནང་དུ་གཞི་རིམ་འོག་མའི་སློབ་མ་ཚོའི་སློབ་ཚན་དུ་བཀོད་དེ་ཚོད་ལྟའི་སློབ་སྦྱོང་བྱེད་བཞིན་པ་རེད། དེ་ལྟ་བུའི་རིག་གཞུང་དེ་དར་སྤེལ་བྱེད་དགོས་ན་དགེ་རྒན་ནི་མེད་ཐབས་མེད་པ་ཞིག་སྟབས། ཆོས་བརྒྱུད་རིས་མེད་ཀྱི་གདན་ས་ཁག་དང་བཤད་གྲྭ་ཁག་ནས་དགེ་རྒན་གསོ་སྐྱོང་གནང་རྒྱུའི་རེ་ཞུ་ཡང་ཡང་གནང་བཞིན་ཡོད་ཚོད་དུ་འདུག་མོད། ཕན་འབྲས་ཅི་ཞིག་ཐོན་ཡོད་མེད་ནི་ཁ་ཚོན་བཅད་དེ་སྨྲ་བའི་གདེང་སྤོབས་བདག་ལ་དབེན།
གང་ལྟར། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་ཤེས་ཡོན་སློབ་གསོའི་ཤུགས་རྐྱེན་ཆེན་པོ་ཡོད་མཁན་གྱི་མཁས་པ་མང་པོས་བཀའ་དགོངས་དེའི་ཐད་དུ་ཕྱག་ལས་རྒྱ་ཆེར་གནངས་དང་གནང་མུས་ཡིན་པར་མ་ཟད། གཞོན་སྐྱེས་ཤེས་ཡོན་ཅན་ཚོས་མགོན་པོ་གང་ཉིད་ཀྱི་ལམ་སྟོན་ཆེན་པོ་བཞིའི་གཙོས་དགོངས་གཞི་ཐ་མའི་སྐོར་ལ་དམིགས་བསལ་གྱིས་དོ་སྣང་བྱེད་བཞིན་པའི་སྣང་ཚུལ་བདག་ལ་བྱུང་། དེ་བཞིན་དུ་ཚོགས་སྡེ་བྱེ་བྲག་པ་ཚོའི་ངོས་ནས་ཀྱང་ལམ་སྟོན་ཐ་མའི་དགོངས་གཞི་འགྲུབ་ཐབས་ལ་ཆེད་དམིགས་ཀྱི་ཚོགས་འདུ་སྐོང་བཞིན་པ་ནི། དཔེར་ན། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཤར་བྱང་གྲྭ་ཚང་གཉིས་ཀྱི་གོ་སྒྲིག་འོག་<<རྒྱལ་ཡོངས་འཕགས་བོད་མཁས་པའི་བགྲོ་གླེང་ཆེན་མོ་>>ཞེས་པ་ཞིག་བསྟུད་མར་ཐེངས་གཉིས་ལ་འགྲོ་སོང་འབོར་ཆེན་བཏང་སྟེ་ཚོགས་ཡོད་པ་དང་། བགྲོ་གླེང་དེའི་སྟེང་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་རྒྱུས་མངའ་གཏིང་ཟབ་ཡོད་པའི་ཡུལ་ལུང་འདྲ་མིན་ནས་བཅར་པའི་རྒྱ་གར་པ་བརྒྱ་ཕྲག་བརྒལ་བ་དང་ལྷན་དུ་གདན་ས་དེ་ཉིད་ཀྱི་མཁན་བླ་དགེ་བཤེས་སོགས་རིགས་པ་སྨྲ་བའི་སློབ་མ་བརྒྱ་ཕྲག་དུ་མ་གདན་འཛོམས་པའི་དབུས་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་སྙིང་བཅུད་གླེང་ཞིང་རིག་གཞུང་དེའི་ཕན་འབྲས་ལ་བརྒལ་བརྟག་གནད་དུ་སྨིན་པ་གནང་བཞིན་ཡོད་པ་དེ་ནི་མགོན་པོ་གང་ཉིད་ཀྱི་ལམ་སྟོན་ཐ་མ་སྟེ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་གནང་དགོས་པའི་བཀའ་དགོངས་འགྲུབ་ཐབས་ཀྱི་ལས་གཞི་གལ་ཆེན་ཞིག་ཏུ་མཐོང་། དེ་ལྟར་ལྡི་ལི་བོད་ཁང་གི་གོ་སྒྲིག་འོག་ལོ་ལྟར་འཕགས་བོད་ཀྱི་མཁས་དབང་དང་དགེ་རྒན་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་དོ་སྣང་ཡོད་རིགས་མང་པོ་གདན་འཛོམས་ཏེ་བགྲོ་གླེང་དུས་ནས་དུས་སུ་གནང་བཞིན་པ་དང་། ད་དུང་ཝ་ཎ་དབུས་གཙུག་ལག་སློབ་གཉེར་ཁང་ནས་དེ་སྔ་བོད་ཀྱི་ལོ་ཙཱ་པ་ཚོས་ལེགས་སྦྱར་ལས་བོད་ཡིག་ཏུ་བསྒྱུར་ཟིན་པ་རྣམས་ད་ལྟ་མ་དཔེ་བོར་བརླག་ཏུ་སོང་བའི་རིགས་མང་དག་ཅིག་བསྐྱར་དུ་ལེགས་སྦྱར་གྱི་ནང་དུ་བསྐྱར་གསོ་བྱས་ཡོད་པ་འདི་བཞིན་ལམ་སྟོན་བཞི་པའི་དགོངས་གཞི་ལ་ཆར་བ་ཆུ་གྲོགས་ཀྱི་ཚུལ་དུ་འགྱུར་བཞིན་པ་དང། སྟོང་ལོ་ཉེར་གསུམ་ལོའི་སྤྱི་ཟླ་དང་པོའི་ནང་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་གནའ་བོའི་རིག་གཞུང་བསྐྱར་གསོ་གནང་ཆེད་དུ་ཡུལ་དེའི་ནང་དུ་མཐོ་སློབ་ཁང་ཞིག་གསར་འཛུགས་གནང་རྒྱུའི་ཐུགས་རེ་ཡོད་པ་བཞིན། ལས་དོན་དེ་ལ་ཞབས་འདེགས་ཀྱི་ཚུལ་དུ་གོང་སྨོས་ཀྱི་ཟླ་ཚེས་ལ་ཐོག་མའི་མཐོ་སློབ་ཁང་གསར་བསྐྲུན་གནང་རྒྱུའི་རྨང་བསླངས་ཡོད་པ་བཅས་ཀྱིས་མགོན་པོ་གང་ཉིད་ཀྱི་དགོངས་གཞི་བསྒྲུབ་ཐབས་སུ་གཞུང་དམངས་གཉིས་ནས་འབད་པ་རྒྱ་ཆེར་གནང་བཞིན་པ་མཚོན་ནོ།།
མཇུག་གི་གཏམ།
ཉེ་ཆར་དཔལ་ལྡན་སློབ་སྤྱི་མཆོག་གིས་ལོ་འདིའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ལ་གཅར་དགོས་པའི་བཀའ་ཡང་ཡང་ནན་གྱིས་ཕེབས་ངོ་བཟློག་མ་ནུས་པར་ཁས་བླངས་པ་ཡིན། མ་གཞི་ང་ནི་གཏམ་བཤད་པ་ཞིག་མིན་ལ་ཤེས་ཡོན་པའི་ཐ་སྙད་ནི་དེ་བས་ཀྱང་མི་འཇུག་མོད།ཡང་མནོ་བསམ་གཞན་ཞིག་བཏང་ན། ང་རང་གདན་ས་འདི་ནས་འདུ་ཤེས་གསུམ་གྱི་ལས་ལ་ཞུགས་ཞུགས་པའི་རིན་དོད་ཙམ་ལ་ལས་འདི་འདྲ་ཞིག་བསྒྲུབ་ཐུབ་ན་ཡག་པོ་འདུག་སྙམ་པ་བྱུང་སྟེ། བརྗོད་གཞི་དངོས་ལ་འཇུག་པའི་ཚེ། ཐེངས་འདིའི་བརྗོད་བྱ་ནི་ཟབ་ཅིང་རྒྱ་ཆེ་བས་བརྗོད་གཞི་དེ་ཉིད་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་འབྲི་ཐུབ་པའི་གདེང་སྤོབས་མ་སྐྱེས་མོད། འོན་ཏང་། ང་རང་ནར་སོན་གྱི་ལོ་ཟླའི་གོ་རིམ་ཁྲོད་དུ་ཆེས་བག་ཆགས་ཆེ་ཤོས་དང་ཤན་ཤུགས་ཐེབས་ཤོས་ནི་༸གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་ཡིན་པས་ལོ་དུ་མ་ཞིག་གི་ཡར་སྔོན་ནས་ངས་མགོན་པོ་མཆོག་གི་གསུང་རྩོམ་དག་ལ་ཆེད་སྦྱོང་ཞིག་བྱ་རྒྱུ་བྱུང་ན་ཅི་མ་རུང་སྙམ་པ་ཞིག་སེམས་ཀྱི་གཏིང་རིམ་དུ་མ་བཅོས་ངང་གིས་འཁོར་ཏེ་སྐུ་མདུན་གྱི་གསུང་རྩོམ་དང་དེ་འབྲེལ་གྱི་དཔེ་དེབ་གང་མང་ཞིག་མཁོ་སྒྲུབ་བྱས་པ་ཡིན། ཡིན་ན་ཡང་། རེ་འབྲས་དོན་འཁྱོལ་ལྡན་པ་ཞིག་མ་བྱུང་མོད། ཐེངས་འདིར་སྐུ་མདུན་གྱི་དགོངས་གཞིའི་སྐོར་ལ་དཔྱད་རྩོམ་ཞིག་འབྲི་རྒྱུ་བྱུང་བ་ནི། གཅིག་ནས་རང་གི་བློ་རྒྱ་ཇེ་ཆེར་འགྲོ་བ་ལ་ཕན་ཞིང་། གཉིས་ནས་སྐུ་མདུན་གྱི་དགོངས་གཞི་དང་དགོངས་པའི་སྐོར་ལ་རྒྱུས་མངའ་གང་འཚམས་རེ་ཡོང་བར་ཕན་ཐོགས་ཡོད་པ་དང་། གསུམ་ནས་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མའི་གསུང་ཁོ་ནར་ཉིན་འདི་དག་གི་རིང་ལ་ཆེད་དམིགས་ཀྱིས་དཔེ་མཚམས་ལྟ་བུར་བསྡད་དེ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་པ་ནི་སྐལ་བ་བཟང་པོར་བསམ་ནས་མགོན་པོ་གང་ཉིད་ཀྱི་རྨད་དུ་བྱུང་བའི་བཀའ་གསུང་བདུད་རྩིའི་བཅུད་བཟང་གི་དོན་ལ་འོལ་སྤྱི་ཙམ་གྱི་ངེས་པ་རྙེད་པ་དེས་ཀྱང་བདེ་བ་ཟད་མི་ཤེས་པར་སྐྱེས་སོ།།
གཞན་ཡང་བཤད་འདོད་པ་ཞིག་ནི། ང་རང་བཙན་བྱོལ་ནང་གི་དཔེ་མཛོད་ཁང་ཁག་ཏུ་འགྲོ་ཐེངས་རེ་རེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་རྩོམ་དང་བཀའ་སློབ་སོགས་གང་ལ་གང་འཚམས་མང་པོ་ཡོད་པ་མཐོང་མོད། འོན་ཀྱང་། ང་ཚོ་ཕྱི་ཡུལ་རང་དབང་ལུང་བར་ཡོད་པའི་ཚོགས་སྡེ་ཞིག་གི་ངོས་ནས་བལྟས་ན་ཡིད་ཕངས་དགོས་པ་དང་ཞེ་ཐག་ཆད་དགོས་པའི་ཚོར་སྣང་མངར་ལ་སྐྱུར་བའི་འདུ་འཛིའི་ཡོ་ལང་ཞིག་གིས་ནང་སེམས་ཀྱི་གཏིང་རིམ་བསྔོགས་བྱུང་། ང་ཚོས་ངག་སྒོ་ནས་སྨྲ་ཤེས་ཙམ་ལ་རྒྱལ་བ་དོན་གྱི་བདག་པོ་མཆོག་གི་མཚན་མ་ཎི་བཞིན་བཟླས་ཏེ་དུས་ད་ལྟ་བར་དུ་སླེབས། དུས་འདིར་སླེབས་མཚམས་སུ། ང་ཚོས་རྒྱལ་བ་དོན་གྱི་བདག་པོ་མཆོག་གི་སྐུ་ཚེ་སྟོད་ཀྱི་ཆ་ནས་བཟུང་དུས་ད་ལྟ་ལ་ཐུག་གི་བར་གྱི་མཛད་པ་ཀུན་ལས་ལྷག་པའི་གསུང་གི་མཛད་པ་བཀའ་སློབ་ལམ་སྟོན་ཁག་དང་གསུང་རྩོམ་ཁག དེ་འབྲེལ་གྱི་འཛམ་གླིང་ཤར་ནུབ་ཀུན་ཏུ་འཕྲིན་ལས་ཉ་གང་ཟླ་བ་ལྟར་རྒྱས་པའི་རྗོད་བྱེད་གླེགས་བམ་དུ་བསྒྲིགས་ན་བྲག་རི་བརྩིགས་འདྲ་དང་བརྗོད་བྱའི་དོན་ལ་བསམ་ན་རྒྱ་མཚོ་ལས་གཏིང་ཟབ་པའི་གསུང་འབུམ་དག་ལ་དཔེ་སྒྲོམ་ལེགས་པོ་ཞིག་གི་མཐུན་སྦྱོར་འོག་དཔེ་མཛོད་ཁང་རེ་རེའི་ནང་དུ་གཙོ་བཀུར་རང་བཞིན་གྱིས་བཞེངས་བསྐྲུན་ཐུབ་མེད་པ་ནི་ཁོ་བོ་ཡིད་སེམས་རྨང་ནས་སྐྱོ་དགོས་པའི་གནས་སུ་གྱུར་ཏོ།། དེ་ལྟའི་དུས་སྐབས་འདིར་རང་གི་ནུས་པས་ལྕོག་ཚོད་ཀྱིས་མགོན་པོ་གང་ཉིད་ཀྱི་ལམ་སྟོན་བཀའ་སློབ་དག་ལ་སློབ་སྦྱོང་ས་བཅད་མ་སྟོང་བ་ཙམ་ཞིག་བྱེད་རྒྱུ་བྱུང་བ་ནི་བསྐལ་བ་དུ་མའི་ཚོགས་བསགས་ཤིག་ཏུ་ངོས་འཛིན་བཞིན་མུ་འཐུད་ནས་འབད་བརྩོན་བྱེད་འདུན་ཡོད་དོ།།
(དཔྱད་གཞིའི་ཡིག་ཆ་དག།)
སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག། ༢༠༡༩ དཔེ་དེབ།
ཆོས་ལུགས་ཀྱི་མཚམས་ལས་འདས་པ། ༢༠༡༤
ནང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། པོད་ཕྲེང་། དང་པོ་དང་གཉིས་པ། ༢༠༡༤ དཔེ་དེབ།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྦེལ་གནང་ཕྱོགས་དང་། བཅར་འདྲི། རྩོམ་ཡིག་ཕྱོགས་བསྒྲིགས།། ༢༠༡༩ དཔེ་དེབ།
བཙན་བྱོལ་ནང་གི་རང་དབང་། ༢༠༡༧ དཔེ་དེབ།
གསུང་བཤད།
གླང་རི་བ་བསྟན་སྦྱིན་པ་ལགས་ཀྱིས་ཐུགས་བསྐྱེད་དམ་བཅའ་དང་པོའི་སྐོར་གྱི་གསུང་བཤད།
ཡང་སྟེང་རིན་པོ་ཆེས་མཆོག་གིས་ཐུགས་བསྐྱེད་དམ་བཅའ་བཞི་སྐོར་གྱི་གསུང་བཤད།
རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཐུགས་བསྐྱེད་དམ་བཅའ་བཞི་པའི་སྐོར་གྱི་གསུང་བཤད།
ཞེས་པ་འདི་ནི་དགའ་ལྡན་ཤར་རྩེའི་སློབ་མའི་གྲལ་གྱི་ཡང་མཐའ་འཛིན་པ་བློ་བཟང་རབ་བརྟན་རྒྱ་མཚོར་འབོད་པས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་རང་ཤག་ནས་ ༢༠༢༣/༢/༡༥ཉིན་ལ་མཇུག་གྲུབ་པར་བགྱིས་སོ།། །།
དུས་མཐའ་གསོ་བའི་སྨ་གཅིག་པུ་།
རྒྱལ་བའི་དགོང་པ་འགྲུབ་པ་ལ་།
ནང་བསྟན་རྒྱུན་གནས་་ནང་པའི་འགན་།
སྙིགས་དུས་བར་ཆད་སེལ་བ་ཤོག་།
ལས་འཆར་བདེ་ལེགས་འགྲུབ་པ་ཤོག་།
ནོར་བཅོས་། དུས་མཐའ་གསོ་བའི་སྨན་གཅིག་པུ་།
དེང་རབས་དཔྱད་རྩོམ་དང་ངོ་སྤྲོད་རྩོམ་ཡིག་གཉིས་མི་འདྲ། ཁྱེད་ཀྱི་འདི་ངོ་སྤྲོད་རྩོམ་ཡིག་མ་གཏོགས་དཔྱད་རྩོམ་ཅང་རེད་མི་འདུག གཉིས་ཀར་ཁ་བྱང་ཐུང་ངུ་ལས་འདོགས་སྲོལ་མེད།