གཞུང་པ་ཚེ་དབང་བསོད་ནམས།
སྤྱི་ལོ་ ༡༩༥༩ ལོར་རྒྱ་མིའི་བོད་ལ་བཙན་འཛུལ་གྱིས་༧ གོང་ས་མཆོག་གི་དབུ་ཁྲིད་འོག་ཁོང་གི་བཀའ་ཤག་ལྷན་རྒྱས་དང་། ཕེབས་རྗེས་སུ་བོད་མི་ཁྲི་ཚོ་བརྒྱད་ལྷག་ཙམ་བཅས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་མ་ཐག་མ་འོངས་རང་ཡུལ་རང་བདག་ཆེད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ཀྱི་གནས་སྟངས་ཐོག་སྐབས་དེའི་ཕྱི་འབྲེལ་བཀའ་བློན་སྐུ་ངོ་ཞ་སྒབ་པ་དབང་ཕྱུགས་བདེ་ལྡན་མཆོག་དང་ཕྱག་རོགས་སུ་སྐུ་ངོ་རྒྱལ་ལོ་དོན་སྒྲུབ་མཆོག་དང་། སྐུ་ངོ་ས་འདུ་ཚང་རིན་ཆེན་མཆོག་བཅས་ནས་ཞུ་སྙན་རིམ་ཕུལ་ལ་སྤྱི་ལོ་ ༡༩༥༩ /༡༩༦༣/༡༩༦༥ བཅས་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་དོན་དང་འབྲེལ་བའི་ཐོག་གྲོས་ཆོད་བཞག་ཡོད་ན་ཡང་མུ་མཐུད་ནས་ང་ཚོའི་འཇུག་སྐྱོང་མ་ཐུབ་པའི་འགན་དེ་ང་ཚོ་བོད་མི་རང་ཉིད་ལ་ཡོད་པ་ལས་གཞན་སུ་གཅིག་ལ་ངན་ཁག་གཡོགས་ས་མེད་པ་དང་། ལོ་རབས་དགུ་བཅུའི་ནང་བོད་མི་གཅིག་སྟོང་ཨ་རིར་གཞུང་འབྲེལ་གྱིས་གཞིས་སྤོའི་ལས་འཆར་འོག་ནས་ཨ་རིར་གནས་སྤོ་གནང་བ་འདིའི་ང་ཚོའི་དམིགས་ཡུལ་བོད་ཡུལ་བོད་མིར་བདག་ཐོབ་ཡོང་བའི་རེ་བ་ལ་བར་ཆད་བཏང་བ་ཙམ་མ་ཟད་བོད་མི་རིགས་དང་བོད་པའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་མ་འོངས་འཚོ་གནས་ཐུབ་མིན་ལ་བསམ་ཞིབ་ནན་པོ་གཏོང་དགོས་པའི་དུས་ལ་བབ་མི་འདུག་གམ། གཞུང་འབྲེལ་གྱི་བོད་མི་གཅིག་སྟོང་ཨ་རིར་གཞིས་སྤོ་གནང་བ་འདིའི་བོད་མི་ཁྱིམ་ཚང་སྒེར་གྱི་འཚོ་བ་ལ་གཟེངས་སུ་ཐོན་པའི་ཕན་ཐོག་ཆེན་པོ་བྱུང་ཡོད་ན་ཡང་ང་ཚོའི་དམིགས་ཡུལ་ངོ་མ་བོད་ཡུལ་བོད་མིར་བདག་ཐོབ་ཡོང་བའི་ཆེད་བཙན་བྱོལ་དུ་ཡོང་བ་ལས་དཔལ་འདུར་འདུ་འགོད་ཆེད་མི་ཡུལ་དུ་ཡོང་མེད་པ་ནས་ད་ལྟའི་ཆ་ལ་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་རྒྱུན་གནས་དང་སྲ་བརྟན་ཐུབ་པའི་ལས་འཆར་ལ་དོ་ཕོག་ཆེན་པོ་བཟོས་མེད་དམ་བསམ་པའི་རི་བོང་གནམ་སྡིབས་ཀྱི་སེམས་ཁྲལ་དེ་ང་ཙམ་མིན་པ་བོད་མི་མང་པོ་ཞིག་ལ་ཡོད་པ་ངས་ཤེས་ཐུབ་པ་ནི་ལོ་གཞོན་ཚོ་ལོ་རེ་ནས་ལོ་རེ་བཞིན་ཕྱི་རྒྱལ་ལ་ཁ་ཕྱོགས་མཁན་གྱི་གྲངས་ཚད་དེ་ཉུང་ཉུང་མིན་པ་དང་། ལོ་རྒན་པོ་ཚོ་ལོ་ནའི་བབས་ཀྱི་ཞིང་ལས་དང་བ་ཕྱུགས་གསོ་སྐྱོང་ཐུབ་པའི་ཤུགས་ལས་ཀྱིས་ནུས་པ་མེད་པ་དང་། བཙན་བྱོལ་སྤྱི་ཚོགས་ནང་ཕྲུ་གུ་གསར་སྐྱེས་ཀྱི་གྲངས་ཚད་དེ་བརྒྱ་ཆ་གཅིག་ཙམ་ལས་མེད་པ་ནས་ང་ཚོའི་ཐོག་མའི་དམིགས་ཡུལ་བོད་དོན་བདེན་མཐའ་སེལ་རྒྱུ་ཕར་བཞག་བཙན་བྱོལ་གྱི་སྒྲིག་འཛུགས་འདི་ཡང་རྒྱུན་གནས་དང་སྲ་བརྟན་ཐུབ་མིན་གྱི་ས་མཚམས་དུ་སླེབས་པ་འདི་ཡང་དྲང་པོར་བཤད་ན་ལོ་རབས་དགུ་བཅུའི་ནང་བོད་མི་གཅིག་སྟོང་ཨ་རིར་གཞིས་སྤོ་གནང་བ་དེའི་འཇུག་འབྲས་ལ་ངོས་འཛིན་ཞུས་ན་མ་འགྲིག་པའི་ཉེས་པ་ག་ནས་ཡོད།
གཞུང་པས། ༢༠༢༤/༡༡/༡༡
གོང་གནས་སུ་མཆན་མ་ཕུལ་གོང་གལ་པོ་ཆེ་་ལ་ནན་གཏན་ཞིག་ཞུ་ཡི་ཡིན། གཞུང་པ་ལགས་ཉིད་ཀྱི་ང་ལ་བཀའ་ལན་ཞིག་གནང་ཡོད་གསུངས་བ་ད་ལྟ་མཇལ་ཁམས་བྱུང་མ་སོང་། ཁྱད་ཚར་བའི་གནད་དེ་མ་ཤེས་ན་དེ་ལས་ལས་ཁ་ལ་མཛུག་མོ་འཛུགས་དགོས་ཡོང་མི་སྲིད་མིན་པའི་དམ་དོན་ཞུས་ཡིན།
གཞུང་པ་ལགས་ནས། སྐུ་ཞབས་ཚེ་བརྟན་འགྱུར་མེད་ལགས་ཀྱི་ཞུ་དོན་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་པར་ཐེངས་དང་པོའི་དོན་ཚན་ལྔ་བཅུ་ང་བདུན་དང་། དོན་ཚན་གསུམ་པ་དང་། བཅའ་ཁྲིམས་པར་ཐེངས་དྲུག་པའི་དོན་ཚན་ལྔ་བཅུ་ང་བདུན་དང་། དོན་ཚན་གསུམ་པ་བཅས་ཁ་བརྡར་ཕུལ་ཡོད།
༈ བོད་མི་ཚིག་སྟོང་ཨ་རིར་གཞིས་སྤོས་ལས་ང་ཚོའི་དམིགས་ཡུལ་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་བར་ཆད་བྱུང་རེད་དང་མ་རེད་གཉིས་ཀྱི་དཔྱད་མཚམས་སུ་བསམ་ཚུལ་འདྲ་མིན་ཡོད། བར་ཆད་བྱུང་རེད་གསུང་མཁན་ཚོར་བདེན་པ་གཅིག་ཡོད་འདུག་བསམ་ཆོག་པ་ནི་བོད་སྐད་དང་རིག་གཞུང་གནད་དོན་དེ་འཇོག་ཆོག ཆོས་ནི་སེམས་འདུལ་པའི་གནད་ལ་སོང་དེ་ཙམ་གྱི་ཁྱད་ཅིག་ཨེ་འདུག ང་རང་ཚོ་ནང་པ་ཡིན་ཀྱང་ནང་ཆོས་དང་པོ་ནས་བོད་སྐད་དུ་མེད་ལ་དངོས་སུ་ནང་ཆོས་ནི་སྐད་རིགས་འདྲ་མིན་ནང་སྦྱང་བརྩོན་བྱེད་ཀྱི་ཡོད་། འབྱོར་བ་ཡོད་ནས་བོད་ཀྱི་སྐད་ཡིག་ཀྱང་དར་སྤེལ་བྱེད་ཐབས་ཡོད་དགོས་པ་མ་གྲུབ་བམ། གཉིསུ་ཆིག་སྟོང་ཨ་རིར་མ་འབྱོར་གོང་བོད་པ་ཨ་རིར་ཡོད་ལ་གོ་སྐབས་དང་གནས་ཚུལ་ཤེས་ཀྱིན་ཤིས་ཀྱིན་དུས་བསྒྱུར་ཡང་འགྲོ་ངེས་མི་སྲིད་དམ། སྲིད་པའི་ཨ་རིར་བོད་མི་ཉིས་སྟོང་ཡིན་ཟེར་མཁན་ཆོས་ཅན།
གོང་ཞུས་ལས་འདས་པའི་བོད་དོན་འཐབ་རྩོད་ལ་བོད་མི་རྣམས་ཡིན་གཅིག་མིན་གཅིག་རྒྱ་གར་དུ་སྡོད་དགོས་ཨེ་ཡོད། གཙོ་ཆེ་ཤོས་ནི་འཐབ་རྩོད་དེ་ལུས་ངག་ཡིད་གསུམ་དུ་ཤོག་བུ་སྣུམ་ཐིག་ལྟར་དུ་འཇག་ཐོག་འཐབ་རྩོད་ཀྱི་བྱ་ལམ་ཆུ་རྒྱུན་དེ་ཆུ་བོ་ཡངས་པའི་རྒྱལ་ཁམས་སྐོར་ནས་རྒྱ་མཚོར་བབས་པ་ལྟར་དགོས་གལ། བོད་མི་ཨ་རིར་གནས་སྤོས་ཀྱི་གནད་ཅིག་ནི་རྒྱ་གར་གཅིག་པུར་མིན་པར་རྒྱལ་ཁབ་གཞན་དུའང་བོད་ཀྱི་འཐབ་རྩོད་དེ་ཤུགས་ཆེའི་ལམ་ནས་འབད་པ་ཞུ་རྒྱུ་ཡོད་གནས་དེ་ཡིན། ཕལ་ཆེར་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྙན་མི་སྲིད་པའི་དཔེ་དེ་སྲིད་ཕྱོགས་སུ་ཁ་བལྟས་པ་ཞིག་ཡིན་སྙམ། དགོངས་གཞི་ལྟར་ཡོང་གི་ཡོད་དང་མེད་དེ་རང་རེའི་སེམས་ལ་བལྟ་བའམ་བྱ་ར་བྱས་ནས་བརྩིས་དང་།
བོད་པའི་ཆོས་དང་རིག་གཞུང་དེ་གལ་ཆེ་མ་རེད་ཞུ་ཡི་མེད། དེ་དག་རང་ཚོར་དགོས་པའི་པག་ཁུ་ད་ར་དེ་རེད་ལ་དེའི་ཆེད་དབུ་མའི་ལམ་གྱི་ཐབས་བྱུས་དེ་སྟོན་གནང་རེད། དེ་མིནགྱི་ཐབས་བྱུས་མེད་པའང་ཕེབས་མེད་པ་བཞིན་བོད་ཀྱི་བདག་པོ་བོད་མི་ཡིན་གལ་ལས་ཡིན་གཅིག་མིན་གཅིག་གམ་དེ་དག་མ་ཤེས་ན་མ་འཐུས་ས་ཞིག་ག་ནས་ཡིན་དགོས། བོད་ས་བོད་མིར་བདག་ན་སྐད་ཡིག་གམ་རིག་གཞུང་ལས་ཀྱི་མི་འཁོར་རམ། བསམ་ཚུལ་དུ་སྤེལ་ཡིན། བོད་རྒྱལོ།།