རྔ་བ་རྒྱལ་ཁམས་པ།
ཐོ་མ་སི་ལྗ་ཧྥིར་སོན།
(Thomas Jefferson)
ཨ་རི་མངའ་སྡེ་མཉམ་འབྲེལ་གྱི་སྲིད་འཛིན་གསུམ། མང་གཙོ། (༡༨༠༡-༡༨༠༩)
ཐོ་མ་སི་ལྗ་ཧྥིར་སོན་མཆོག་ནི། སྤྱི་ལོ༡༧༤༧ལོར་བིར་ལྗི་ནི་ཡ་ས་ཁུལ་དུ་སྐུ་བལྟམས། ཁོང་གི་ལྡོག་མིང་ལ༼རང་བཙན་གྱི་ཡི་གེའི་ཨ་ཕ༽ཞེས་འབོད། ཁོང་གི་ཡབ་ནི་སྲིད་གཞུང་གི་ལས་བྱེད་པ་ས་བདག་དང་ས་ཚད་གཞལ་མཁན་ཞིག་ཡིན་ཞིང་། ལྗ་ཧྥིར་སོན་དགུང་གྲང་བཅུ་བཞིའི་ཐོག་ཡབ་སྐུ་གཤེགས། ཁོང་ལོ་ན་དགུའི་ཐོག་ཁྱིམ་གྱི་དགེ་རྒན་བསྟེན་ནས། ནག་པང་ཐོག་ས་ཚད་རིང་ཐུང་གཞལ་སྟངས་སྐོར་སློབ་གཉེར་གནང་། དེ་རྗེས་ཝེལ་ཡམ་དང་མེ་རེ་མཐོ་སློབ་ཏུ་ཞུགས་ནས་ཚན་རིག་དང་། མཚན་ཉིད་རིག་པ། ཁྲིམས། རྩོམ་རིག གནའ་བོའི་རོམ་དང་། ཧྥ་རན་སི། སྒུ་རིག་བཅས་ཀྱི་སྐད་ཡིག་དང་། ཞབས་བྲོ་ཐུགས་སྦྱོང་བ་སོགས་མཁྱེན་ཡོན་ཤིན་ཏུ་ཆེ་བར་བཤད། མཐོ་སློབ་མཐར་ཕྱིན་རྗེས་ཁྲིམས་རྩོད་པ་ཞིག་ཏུ་ཆགས། དགུང་ལོ༢༦ཐོག་བིར་ལྗི་ནི་ཡའི་ཁྲིམས་ཀྱི་ཁང་བའི་ཚོགས་མིར་ཕེབས་ནས། དབྱིན་ཇིའི་སྲིག་ལུགས་ལ་ཁ་ཐད་ངོ་རྒོལ་གྱི་གཏམ་བཤད་གནང་། སྤྱི་ལོ༡༧༧༦ཟླ༦ཚེས༧ཉིན་སྤེ་ལ་སྒྲོ་སྤེའི་ཡར་སྐོང་འཚོགས་བྱས་པའི་གླིང་ཆེན་གྲོས་ཚོགས་ཐེངས་གཉིས་པའི་ཚོགས་མིར་ཕེབས། མཉམ་འབྲེལ་གཞིས་ཆགས་རྣམས། རང་དབང་རང་བཙན་གྱི་མངའ་སྡེ་ཁག་ཏུ་འགྱུར་བར་དགོངས་བཞེས་ཡོང་བའི་སྐུལ་ལྕགས་གནང་། དེ་ནས་ཡུན་རིང་མ་འགོར་བར། ལྗ་ཧྥིར་སོན་དང་། བྷན་ལྗ་མེན་ཧྥི་རན་ཁི་ལེན། ལྗོན་ཨ་སྒྲམ་སོགས་མི་ལྔ་བསྐོ་བཞག་ཐོག ཨ་རི་རང་བཙན་གྱི་ཡིག་ཆ་རྩོམ་སྒྲིག་གཏན་འབེབས་ཞུས། ལྗ་ཧྥིར་སོན་མཆོག་ནས་དུས་ཡུན་བདུན་ཕྲག་གཉིས་རིང་། དེ་དག་གི་དགོངས་འཆར་ཁག་ཟིན་བྲིས་གནང་། ལོ་དེའི་སྤྱི་ཟླ་བདུན་པའི་ནང་འཐུས་ཚོགས་ཀྱི་ངོས་ནས། རང་བཙན་ཁུངས་སྐྱེལ་གྱི་ཡིག་ཆ་དེར་བརྟག་ཞིབ་ཡོངས་ཁྱབ་མོས་མཐུན་ཐོབ། ཡིག་ཆ་དེ་ནི་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་བརྩོན་སྐུལ་གྱི་གཏེར་མཛོད་ལྟ་བུ་ཞིག་ཡིན་པར་བཤད། གསར་བརྗེ་ངོ་རྒོལ་གྱི་དམག་དུས་རིང་། ལྗ་ཧྥིར་སོན་མཆོག་གིས་རང་ཉིད་ཀྱི་མང་གཙོའི་རྨི་ལམ་རྣམས། བྱ་སྤྱོད་དངོས་ཀྱི་ལག་ལེན་གྱི་ཁྲོད་ཕྱག་བསྟར་གནང་བ། དཔེར་ན། ཁོང་གིས༼ཆོས་དང་རང་དབང་གི་ཁྲིགས་ལུགས༽།ཞེས་པ་ཞིག བིར་ལྗི་ནི་ཡར་ཁྲིམས་བཟོའི་ཞབས་འདེགས་ཞུ་རྒྱུན་རིང་བྲིས་པ། དེ་ལ་གཙུག་ལག་ཁང་དང་མངའ་སྡེ་སོ་སོར་དབྱེ་བ་ཞེས་བྱ་ལ། དེའང་ཆོས་ཚོགས་དང་སྲིད་གཞུང་གཉིས་ཕན་ཚུན་ཕྱོགས་གཅིག་པར་འཛིན་མི་རུང་བ་དེ་ཡིན་ལ། དུས་ཕྱིས་ལྟ་ཚུལ་དེ་བཞིན་རྒྱལ་ཁབ་དང་སྲིད་གཞུང་གི་སྔོན་འགྲོའི་ལངས་ཕྱོགས་གཙོ་བོ་ཞིག་ཏུ་མོས་མཐུན་བྱུང་འདུག ཁོང་གིས་མི་ལོ་ཉི་ཤུ་ལྷག་གི་རིང་། བིར་ལྗི་ནི་ཡའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། གླིང་ཆེན་གྲོས་ཚོགས་ཀྱི་འཐུས་མི། ཧྥ་རན་སིའི་ཨ་རིའི་གཞུང་ཚབ། ཝ་ཤིང་ཁྲོན་གྱི་རྒྱལ་དོན་བློན་ཆེན། སྲིད་འཛིན་ལྗོན་ཨ་སྒྲམ་མཆོག་གི་སྲིད་གཞོན་གྱི་མཛད་འགན་བཞེས་པ་སོགས། རྒྱལ་ཁབ་དང་མི་མང་ལ་ཞབས་ཞུ་གང་ལེགས་གནང་འདུག་མོད། འགན་ཁུར་ཐ་མ་གཉིས་ཀྱི་སྐབས། སྲིད་གཞུང་གི་ཤེས་འཇོན་གཉིས་ལྡན་གྱི་དབུ་ཁྲིད་ཁག་ཅིག བསམ་སྤྱོད་གཉིས་ཆ་དབྱིན་ཇི་འབྱོར་ལྡན་དག་ལ་དཔེ་ཚད་ལེན་རྒྱུར་དགའ་མོས་ཡོད་པ་དང་། རང་ཉིད་ལྟ་སྤྱོད་དེ་དག་དང་འགལ་བ་ལྟག་སྤྲོད་ལྟ་བུའི་ལམ་དུ་ཕེབས་བཞིན་ཡོད་པའི་ཆ་ནས། བློ་ཕམ་ཆེན་པོ་བྱུང་ཚུལ་བཤད་འདུག ཁོང་གི་རྒྱབ་སྐྱོར་བ་རྣམས་ལ་ཡོངས་གྲགས༼སྤྱི་མཐུན་ཟློག་ཕྱོགས་པའམ།༽མང་གཙོ་མི་སེར་རྒྱལ་ཁབ་ཀྱི་རང་ལུགས་འཛིན་མཁན།༽༼མི་སེར་རྒྱལ་ཁབ་ཀྱི་ལམ་ལུགས་པ༽ཞེས་འབོད་ལ། ཁོང་གིས་རང་ཉིད་སྤྱི་མཐུན་རང་ལུགས་ལ་མོས་མཐུན་མེད་པའི་རྒྱུ་མཚན་གསལ་བརྗོད་ཐོག སྲིད་འཛིན་ཝ་ཤིང་ཁྲོན་གྱི་ཆབ་སྲིད་འཛིན་སྐྱོང་ལས་རྩ་དགོངས་ཞུས་ཤིང་། མངའ་སྡེ་ཁག་ལ་སྤྱི་མཐུན་ཁྲིམས་ལུགས་དེ་དག་ལ་བརྩི་འཇོག་མི་རུང་བའི་སྐུལ་མའང་བཏབ་འདུག སྤྱི་ལོ༡༨༠༠ལོར་སྲིད་འཛིན་འོས་འདེམས་སྐབས། སྐུ་ཞབས་ལྗ་ཧྥིར་སོན་དང་། ཨ་རོན་བྷོར་གཉིས་ཆར་ཆ་མཉམ་འོས་ཤོག་སོ་དྲུག་རེ་ཐོབ་ཅིང་། དེ་ཉིད་གྲོས་ཚོགས་ནས་ཟླ་གཉིས་རིང་ཞིབ་བསྡུར་གྱིས་ལྗ་ཧྥིར་སོན་མཆོག་རྒྱལ་ཏེ་སྲིད་འཛིོན་དུ་ཕེབས་འོས་ཐག་གཅོད་གནང་། དེ་རྗེས་ཁྲིམས་གཞིར་ལེགས་བཅོས་ཀྱིས་ཕྱི་མའི་སྲིད་འཛིན་དང་། སྲིད་གཞོན་གཉིས་འོས་ཤོག་མང་ཉུང་ལ་གཞིགས་ཏེ་གང་མང་བ་དེ་སྲིད་འཛིན་དང་། ཉུང་བ་དེ་ཉིད་སྲིད་གཞོན་དུ་བསྐོ་བཞག་གཏན་འབེབས་ཞུས་འདུག རྒྱལ་ཁབ་ཀྱི་སྲིད་འཛིོན་ཡིན་པའི་ཆ་ནས། ལྗ་ཧྥིར་སོན་མཆོག་གིས་ཡིད་དུ་མི་འོངས་པའི་སྤྱི་མཐུན་རང་ལུགས་ཀྱི་ལས་འཆར་མང་བོ་ཞིག་སྒྱུར་བཅོས་བྱས་ནས། གསར་ལམ་ཁག་ལ་གཏམ་བརྗོད་རང་དབང་ཆ་ཚང་ཡོད་པ། ཡུལ་གྱར་བ་ཚོར་བཀག་སྡོམ་དམ་དྲག་ཉུང་དུ་བཏང་བ། ནུབ་ཕྱོགས་ཁུལ་གྱི་ས་ཆ་ཚོང་ཤུགས་སྤར་ཞིང་། རྒྱལ་ཁབ་ཀྱི་དངུལ་ཁང་སྒོ་བརྒྱབས་ནས་བུ་ལོན་ཉུང་དུ་བཏང་བ། ཁྲལ་བསྡུ་བ་དང་། མཚན་དཀྱིལ་གྱི་ཁྲིམས་དཔོན་དག་ཅེས་སྲིད་ཟུར་ཨ་སྒྲམ་ནས་ཕྱག་ལས་གྲོལ་རྗེས། སྤྱི་མཐུན་རང་ལུགས་པ་དང་ལྟ་སྤྱོད་མཐུན་པའི་མི་སྣ་དེ་འདྲ་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁྲིམས་དཔོན་དུ་བསྐོ་བཞག་བྱེད་བཞིན་ཡོད་པ་དེ་དག་མེད་པར་བཟོས་ཤིང་། ཨ་རི་བས་ཕྱི་ཕྱོགས་ནས་བྲན་གཡོག་ཉོ་ཚོང་བྱེད་བཞིན་པའི་ལས་མཚམས་ཀྱང་མཇུག་བསྡུས། ཁོང་གིས་སྲིད་འཛིན་གྱི་སྤྱོད་ལམ་ཐད་ཁྲིམས་ཡིག་གསར་གཏོད་གནང་ཞིང་། རང་ཉིད་ཀྱིས་དཀྱུས་མའི་གོས་གྱོན་ནས་མགྲོན་པོར་མཇལ་འཕྲད་བྱེད་པ། སྐབས་རེར་ཕོ་བྲང་དཀར་བོའི་སྒོ་བརྡར་ཡང་ལན་རང་ཉིད་ཀྱིས་འདེབས་པར་བྱེད་ཅིང་། མངའ་འབངས་དཀྱུས་མ་དག་གནམ་ལོ་གསར་ཚེས་དང། རང་བཙན་དུས་ཆེན་ནམ་ཡིན་ལ། སྲིད་འཛིན་གྱི་ཁྱིམ་དུ་མགྲོན་འབོད་ཞུ་བ་དང་། ཁོང་གི་ཆབ་སྲིད་འཛིན་སྐྱོང་གི་ལངས་ཕྱོགས་ལྟར། ཁོང་དང་ལྟ་སྤྱོད་གཅིག་པའི་སྲིད་འཛིན་ཕྱི་མ། མ་སྒྲིའི་སོན་དང་། མོན་རོ་གཉིས་ཀྱིས་དབུ་ཁྲིད་འོག སྤྱི་མཐུན་རང་ལུགས་པའི་ཚོགས་ཁག་མཇུག་བསྡུས་འདུག ཁོང་གི་སྲིད་འཛིན་གྱི་མཛད་ཁུར་རིང་གལ་གནད་ཅན་གྱི་རྒྱལ་ཁ་ཆེ་ཤོས་ཤིག་ནི། སྤྱི་ལོ༡༨༠༣ལོར་ལོས་ཟིའི་ཡ་ན་ཞེས་པའི་ས་ཆ་ཉོས་པ་དེ་རེད། ཁོང་གིས་ནོས་ཨོར་ལན་ཞེས་པའི་མཚོ་གྲུའི་འབབ་ཚུགས་ཉོ་རྒྱུ་བྱེད་སྐབས། ཧྥ་རན་སིའི་མི་ཚོས་དབྱིན་ཇིར་དམག་འཐབ་གྲ་སྒྲིག་གི་བྲེལ་ཟིང་ལྟ་བུས། ས་ཆ་དེ་དག་བཙོང་ནས་རིན་འབབ་དམག་རྒྱབ་ཏུ་གཏོང་འཆར་ཡོད་པ་རེད་ལ། གོང་ཚད་ཀྱང་ཧྥ་གོར་ས་ཡ་དྲུག་ཅུའམ། ཡང་ན་ས་ཡ་བཅོ་ལྔ་གང་རུང་ལ་བཙོང་རྒྱུ་ཡིན་སྟབས། ཨ་རི་བ་ཚོས་མེ་སེ་སི་ཕིའི་གཙང་བོའི་རྒྱུད་ནས་གོང་ཚད་ལས་ལྷག་པའི་ས་ཆ་སྤྱི་ལེ་གྲུབ་བཞིན་མ། འབུམ་བརྒྱད་ལྷག་གི་ཁེ་བཟང་ཐོབ་འདུག ལྗ་ཧྥིར་སོན་མཆོག་གིས་ས་ཁུལ་དེ་མ་ཉོས་སྔོན་ནས། ནུབ་རྒྱུད་དུ་ས་ཁུལ་བརྟག་དཔྱད་ཀྱི་ལས་འཆར་བཀོད་དེ། སྒེར་དྲུང་ལོས་ཡེ་ཟི་མཆོག་གིས་དབུ་ཁྲིད་པའི་འགྲུལ་ཁྱུ་ཞིག ཤར་རྒྱུད་ནས་ཕེབས་ཐོན་གྱིས་ལོ་ཡེས་ཟི་དང་། མེ་ཟོ་རིའི་ཕྱོིགས་སུ་རྒྱང་སྐྱོད་ཀྱིས་ལོ་རྗེས་མའི་དཔྱིད་དུས་མེ་ཟོ་རིའི་སྟོད་ཀྱི་གཙང་བོ་ནས། ཆུ་ལག་ཅིག་ཞི་བདེ་རྒྱ་མཚོའི་ཕྱོགས་སུ་འབབ་བཞིན་པ་དེ་ལ་ཞིབ་བརྟག་བྱས་པས། སྤྱི་ལོ༡༨༠༥ལོའི་ཟླ༡༠ནང་བྲག་གི་རི་ཚོགས་དང་། ཁི་ལིམ་བྷེ་ཡ་གཙང་བོ་རྙེད་སོན་བྱུང་མཐར། ཞི་བདེ་རྒྱ་མཚོ་ཆེན་པོར་སླེབས་འདུག་ཅིང་། ཁོང་ཚོ་སྤྱི་ལེ་བརྒྱད་སྟོང་ལྷག་གི་ས་ཁུལ་ནང་འགྲུལ་བཞུད་གནང་བ་དེས། ལོ་ཟེ་ཡ་ན་ས་ཆ་དེ་བཞིན་གཞིས་ཆགས་ཆེད་ཉོ་ཚོང་གི་སྒོ་འཕར་ཡངས་པོར་ཕྱེས་འདུག སྐུ་ཞབས་ལྗ་ཧྥིར་སོན་མཆོག་མཛད་ཁུར་མཇུག་གྲུབ་རྗེས། རང་ཉིད་ཀྱི་གཞིས་ཀ་མོན་གྲུ་སེ་ལོར་ཕྱིར་ལོག་ཕེབས་ཤིང་། སྐུ་ཚེའི་ལྷག་མ་མི་ལོ་བཅུ་བདུན་ལྷག་གི་རིང་། རང་ཉིད་ཀྱི་སྤྲོ་སྐྱིད་ལྡན་པའི་ཁྱིམ་གཞིར་འགྲོ་སོང་ཆེན་པོ་བཏང་ནས་འཛུགས་སྐྲུན་བྱས་ཏེ། གལ་གནད་ཅན་གྱི་མི་ཆེན་དཔོན་ཆེན་མང་བོ་མགྲོན་འབོད་ཐུགས་སྤྲོ་བཏང་ཐོག་རྒྱལ་ཁབ་ཀྱི་འདས་མ་ད་གསུམ་གྱི་སྐོར་བཀའ་ཞིབ་ལྷོད་ཆགས་འདྲ་གནང་ནས་བཞུགས་ཤིང་། གཞིས་ཀ་དེ་ད་ལྟའང་ཆེས་སྙན་གྲགས་ཅན་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་གནས་སུ་ཆགས་ཡོད། ཁོང་གིས་ད་དུང་བིར་ལྗི་ནི་ཡ་སློབ་ཆེན་གྱི་རྨང་གཞི་དང་བཀོད་དབྱིབས་ལེགས་གཏོད་གསར་བཞེངས་གནང་སྟབས། ཁོང་ནི༼བིར་ལྗི་ནི་ཡ་སློབ་ཆེན་གྱི་ཕ་ཡབ༽ཏུ་ཡོངས་སུ་གྲགས་ཤིང་གྲུབ་ལ། རྒྱལ་ཁབ་ཀྱི་རང་བཙན་ཡིག་ཆ་བརྩམས་པའི་ཟླ་གྲོགས་ཞུས་པ་དང་། ལོས་ཟི་ཡ་ན་ས་ཁུལ་ཉོས་པ། བིར་ལྗི་ནི་ཡ་སློབ་ཆེན་བཞེངས་སྐྲུན་མཛད་པའི་ཕྱག་རྗེས་སྐོར། རང་གི་དུར་རྡོའི་ཐོག་བསྐོས་བཀྲོལ་གསར་བོ་གནང་འདུག ངོ་རྒོལ་དམག་འཁྲུགས་སྐབས་ཀྱི་གྲོགས་རྙིང་། ལྗོན་ཨ་སྒྲམ་མཆོག་ལ་ཐུགས་རྩིས་དང་དགའ་མོས་ཧ་ཅང་ཆེ་བར་སྣང་། ཡ་མཚན་པ་ཞིག་ལ་ལ་ཁོང་གཉིས་ཆ་རང་བཙན་གྱི་ཡིག་ཆ་བཞུང་བཞེས་ཚད་ལྡན་དུ་ཆགས་ནས་མི་ལོ་ལྔ་བཅུ་སོང་། སྤྱི་ལོ༡༨༢༦ལོ་ཟླ༧ཚེས༤ཉིན་སྐུ་གྲོངས་འདུག སྐུ་ཞབས་ལྗ་ཧྥིར་སོན་ནས་དངུལ་བུན་ཁྱོན་ཆེ་བླངས་སྟེ་རང་ཁྱིམ་དང་། སློབ་ཆེན་རྩ་འཛུགས་ཞུས་རྐྱེན། ཁོང་གཤེགས་རྗེས་ཁོང་གི་མཁར་ཁྱིམ་མོན་གྲེ་སེ་ལོ་དེ་བཞིན་བཙོང་སྟེ། དངུལ་བུན་ངོ་བསྐྱེད་གཉིས་ཆ་དོ་བདག་སོ་སོར་སྤྲད་དེ། ས་གཞི་རྡུལ་དག ནམ་མཁའ་གཡའ་དག་བྱས་འདུག དེ་ལྟར་མོད་ཀྱི་དེང་རབས་ཀྱི་ཨ་རིའི་སྤྱི་ཚོགས་ཁྲོད། ཁོང་བར་རང་གི་བྲན་མོ་ས་ལེས་ཧེམ་ཟེར་བ་དང་མཉམ་པོར་དགའ་གྲོགས་ཀྱི་བརྩེ་དུང་ཆགས་ཡོད་པ་དང་། རང་ཉིད་ཀྱི་ལྕམ་སྐུ་གཤེགས་རྗེས། དེ་དང་མཉམ་པོར་ཕྲུ་གུ་ཁ་ཤས་ཀྱི་ཕ་རུ་ཆགས་ཚུལ། སྐུ་གཤེགས་སྐབས་རང་གི་བུ་རྒྱུད་ཐེ་བས་བྲན་གཡོག་ལྔ་ལས་རང་དབང་མ་སྤྲད་པ་དང་། བྲན་གཡོད་ཉིས་བརྒྱ་ལྷག་བཙོང་ནས་རང་གི་བུན་ལོན་འཇལ་བ་རེད་ཅེས་སྨྲ་ཞིང་། འགའ་རེས་གཟུར་བོར་སྦྱངས་བཤད་ལྟ་བུས། ཁོང་གིས་རྒྱལ་ཁབ་ཀྱི་རང་དབང་རང་བཙན་རྩོད་ལེན་བྱེད་པའི་མདུན་སྐྱོད་ཀྱི་ལངས་ཕྱོགས་དང་། བྲན་གཡོག་བཀོལ་སྤྱོད་བྱེད་པ་གཉིས་ལྡོག་ཕྱོགས་ལྟ་བུས་གཞི་གཅིག་ཏུ་ཇི་ལྟར་འདུ་ཐུབ་ཅེས་སྨྲ་བ་སོགས། དཀྲོགས་གཏམ་སྣ་ཚོགས་ཤིག་སྒྲོག་པར་བྱེད་པ་དེ་དག་ལ་ཆ་རྒྱུས་མེད་སྟབས་བདེན་མིན་ཧ་མ་གོ་ཡང་། དངོས་འབྲེལ་ཞིག་ལ། བུ་ལོན་གྱི་གནོན་ཤུགས་ལས་བྲན་གཡོག་གི་ལས་གཞི་རྒྱ་བསྐྱེད་མ་གནངས་ཐུ་མེད་བྱུང་འདུག་ལ། ཁོང་གིས་མི་རབས་རྗེས་མའི་ནང་བྲན་གཡོག་ལམ་ལུགས་མཇུག་བསྡུ་བ་དང་། དེའང་ལག་བསྟར་གནང་ཕྱོགས་ཐད། དཀའ་ངལ་མང་བོ་ཞིག་བརྒྱུད་དགོས་པར་སྔོན་མ་ནས་ཚོད་དཔགས་བྱས་འདུག་གོ།
ལྗེམ་སི་མ་སྒྲིའི་སོན།
(James Madison)
ཨ་རི་མངའ་སྡེ་མཉམ་འབྲེལ་གྱི་སྲིད་འཛིན་བཞི་བ། མང་གཙོ། (༡༨༠༩-༡༨༡༧)
ལྗེམ་སི་མ་སྒྲིའི་སོན་མཆོག་ནི། སྤྱི་ལོ༡༧༥༡ལོའི་ཟླ༣ཚེས༡༦ཉིན་བིར་ལྗི་ནི་ཡ་ས་ཁུལ་ནང་། དབྱིན་ཇིའི་མངའ་ཞབས་ཀྱི་གཞིས་ཆགས་ཤིག་ཏུ་སྐུ་འཁྲུངས། ཁོང་གི་ལྡོག་མིང་ལ༼ཁྲིམས་ཀྱི་ཕ་ཡབ༽ཅེས་འབོད་ཅིང་། མ་ཕི་རེན་ཞེས་པའི་སློབ་ཆེན་ནས་སྦྱངས་པ་མཐར་ཕྱིན། ཁོང་ནི་ཨ་རི་མངའ་སྡེ་མཉམ་འབྲེལ་གྱི་སྔོན་འགྲོའི་ཆབ་སྲིད་འཛིན་སྐྱོང་གི་སྒྲིག་གཞི་དང་། དབང་ཚད་ཀྱི་ཡིག་ཆ་བཟོ་སྐྲུན་གནང་མཁན་དེ་ཡིན་ལ། ཨ་རིའི་སྲིད་འཛིན་རིམ་ཕེབས་ཀྱི་ནང་ནས་སྐུ་གཟུགས་ཆུང་ཤོས་དེ་ཡིན་ཏེ། སྐུའི་མཐོ་ཚད་ལ་ཕི་ཁྲི་ལྔ་དང་ཨེན་ཅི་བཞི་ཙམ་ལས་མེད་ལ། ལྗིད་ཚད་ལ་རྒྱ་མ་བརྒྱ་ཙམ་ལས་མེད་པར་གྲགས། ཁོང་གིས་གླིང་ཆེན་གྲོས་ཚོགས་དང་མཉམ་དུ་བིར་ལྗི་ནི་ཡར་ཁྲིམས་བཟོའི་ཕྱག་ལས་དང་ཞབས་ཞུ་མཇུག་གྲུབ་རྗེས། སྤྱི་ལོ༡༧༨༧ལོའི་གླིང་ཆེན་ལྷན་ཚོགས་སུ་སླར་ཡང་ཕེབས་ནས། གྲོས་འཐུས་གཞན་པ་དག་དང་མཉམ་འབྲེལ་ཐོག ཉིན་གྲངས་བརྒྱ་ཅུ་གྱ་དྲུག་རིང་གྲོས་ཚོགས་ཀྱི་བཀོད་དབྱིབས་དང་། སྲིད་འཛིན་གྱི་ཐོབ་དབང་། སྤྱི་མཐུན་ཁྲིམས་ཁང་གི་བརྒྱུད་རིམ། རྒྱལ་ཁབ་ཀྱི་འབངས་མི་དང་། མངའ་སྡེ་ཁག་གི་གཞི་རྩའི་ཐོབ་དབང་སོགས། ཨ་རིའི་སྲིད་གཞུང་གི་བཟོད་བཀོད་ཆ་ཚང་ཞིག་གསར་གཏོད་ཀྱི་རྩོམ་བྲིས་ཡིག་ཆ་ཁག་གཏན་འབེབས་ཞུས་པ་དང་། ཁོང་གིས་ཟིན་བྲིས་བཏབ་པའི་ཕྲ་ཞིབ་ཀྱི་ཟིན་ཐོ་ཚང་མར་རིན་ཐང་རྨད་དུ་བྱུང་བ་ཞིག་ཡོད་པར་བཤད། ཁོང་གིས་མངས་སྡེ་ཁག་ནས་ཁྲིམས་ལུགས་གསར་བ་དེ་བཞིན་བརྩི་སྲུང་ངོས་ལེན་ཡོང་བའི་འབོད་སྐུལ་ཤུགས་ཆེ་གནང་ཞིང་། རྣམ་གྲངས་གྱ་ལྔ་ཅན་གྱི་རྩོམ་བྲིས་དེས། རྒྱལ་ཁབ་བམ་སྲིད་གཞུང་གི་བསམ་བློའི་ནུས་ཤུགས་གཅིག་སྒྲིལ་ཡོང་བར་དམིགས་བསལ་གྱི་ཕན་ཐོགས་ཆེན་པོ་བྱུང་བར་བཤད། ཁོང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཚད་དབང་ཡིག་ཆ་དེའི་འགྲོ་སྟངས་བརྟན་པོར་བཟོས་པ་སོགས་རྩོམ་སྒྲིག་གི་གཙོ་འགན་ལྷུར་བཞེས་གནང་རྐྱེན། ཨ་རི་པ་དག་གིས་ཁོང་གི་ལྡོག་མིང་དུ༼རྩ་ཁྲིམས་ཀྱི་ཕ་ཡབ༽ཅེས་བཏགས་མོད། ཁོང་གི་དགོངས་གཞི་ནི་དེ་ལས་གཞན་པ་ཞིག་སྟེ། རྩ་ཁྲིམས་དེ་བཞིན་མི་གཅིག་ཁོ་ནས་ཀླད་པར་ཤར་བའི་བསམ་ཚུལ་དག་ཡིག་ངོར་བཀོད་པ་ཞིག་མ་ཡིན་པར། མི་མང་བོས་བསམ་འཆར་བརྗེ་རེས་དང་ཞིབ་འཇུག་བརྒྱུད་གཏན་འབེབས་གནང་བ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་འདུག རྩ་ཁྲིམས་ལ་ཕྱག་རྟགས་སྐྱོན་མཁན་གྱི་གྲས་ནས་སྲིད་འཛིན་དུ་ཕེབས་པ་ནི། སྲིད་འཛིན་འདི་དང་ལྗོན་ལྗེ་ཝ་ཤིང་ཁྲོན་ཁོ་ན་ཡིན་འདུག མ་སྒྲིའི་སོན་མཆོག་གིས་ཐེངས་བཞི་ཙམ་ལ་གྲོས་ཚོགས་ཚོགས་འཐུས་ཀྱི་ཞབས་ཕྱི་བསྒྲུབས་པ་དང་། དེ་རྗེས་བིར་ལྗི་ནི་ཡ་མངའ་སྡེའི་སྲིད་གཞུང་གི་ནང་ཕྱག་ལས་གནང་སྒང་། ཁོང་གི་གྲོགས་པོ་དང་སྲིད་འཛིན་གཉིས་ཆ་ཡིན་པ་ཐོ་མ་སི་ལྗ་ཧྥིར་སོན་མཆོག་གིས་བསྐུལ་མ་བཏབ་པ་ལྟར། དེ་ཉིད་ཀྱིས་སྲིད་འཛིན་གྱི་མཛད་འགན་བཞེས་ཐེངས་གཉིས་ཀར། རྒྱལ་དོན་བློན་ཆེན་གྱི་ལས་འགན་བཞེས་ཤིང་། ཐོ་མ་སི་ལྗ་ཧྥིར་སོན་མཆོག་གིས་མཛད་ཁུར་མཇུག་གྲུབ་ཉེར། མ་སྒྲིའི་སོན་རང་ཉིད་ཀྱི་བརྗེ་ཚབ་ཡོང་བའི་ཐུགས་རེ་བཏོན་ཁར། མ་སྒྲིའི་སོན་མཆོག་གི་ལྕམ་སྒྲོ་ལེས་ཀྱང་མི་མང་དགའ་མོས་ཆེ་བའི་སྲིད་དོན་པ་ཞིག་ཏུ་སོང་བས། ཁོང་གིས་ལས་སླ་བོའི་ངང་རང་ཉིད་ཀྱི་ཁ་ཐད་སྲིད་འཛིན་འོས་གཞི་སྐུ་ཞབས་ཕེན་ནིའི་དེ་བཞིན་ཕམ་པར་བྱས་ཡོད། ཕེན་ནིའི་མཆོག་གི་གསུང་སྒྲོས་ཤིག་ན། གལ་སྲིད་མ་སྒྲིའི་སོན་མཆོག་གི་ལྕམ་མ་ཐེ་བར་ངེད་གཉིས་ཁེར་རྐྱང་ལྟ་བུས་འགྲན་རྒྱུུ་ཞིག་བྱུང་ཡོད་ཚེ། ཁོ་བར་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་སྲིད་པ་ཞིག་ཡིན་ཞེས་བཤད་འདུག མ་སྒྲིའི་སོན་སྲིད་འཛིན་དུ་ཕེབས་སྐབས་དབྱིན་ཇི་དང་ཧྥ་རན་སི་གཉིས་དམག་འཐབ་བྱེད་སྒང་ཞིག་ཡིན་ཞིང་། ཨ་རིའི་ཕྱོགས་ནས་སྐྱེལ་འདྲེན་མཚོ་གྲུ་ཁག་ཅི་ཧྥ་རན་སིའི་ཕྱོགས་སུ་བཏང་བ། དབྱིན་ཇིའི་དམག་གིས་བཀག་ནས་གྲུ་བ་བཅའ་དངོས་བཅས་གར་སོང་ཆ་མེད་དུ་གྱུར་བར་བརྟེན། ཨ་རི་ཕྱོགས་བློ་སེམས་ཧ་ཅང་ཕམ་སྟེ་དབྱིན་ཇིར་ཁ་ཐད་དམག་འཁྲུགས་ཀྱི་མགོ་མ་བརྩམས་རང་བརྩམས་ལྟ་བུས། སྤྱི་ལོ༡༨༡༢ནས༡༨༡༤བར་ལོ་གསུམ་རིང་དམག་འཐབ་བྱས། ཨ་རི་བ་ཚོས་མཚོ་སྐམ་གཉིས་ཆ་ནས་ཕ་རོལ་བོར་གཡུལ་འཁྲུགས་ཅི་ཡོང་བྱས་རུང་། དབྱིན་ཇིའི་དམག་ཤུགས་ཀྱི་ངོ་བཟློག་མ་ཐུབ་པར་རྒྱལ་ས་ཝ་ཤིང་ཁྲོན་དུ་སླེབས་ནས་ཕོ་བྲང་དཀར་པོར་ཡང་མེ་སྒྱོགས་བརྒྱབ་འདུག སྐབས་དེའི་ཐ་མའི་དམག་འཁྲུགས་ནི་ནོས་ཨོར་ལན་སིར་གྲགས་པའི་ས་ཆར་དམག་འགྲན་བྱས་པ་དེ་ཡིན་ཞིང་། དུས་ཚོད་དེ་ཡོ་རོབ་ནང་རྒྱལ་ཁབ་གཉིས་བར་ཞི་ཆིངས་ཕྱག་རྟགས་བསྐྱོན་ཚར་རྗེས་ཡིན་སྟབས། དེང་རབས་ཀྱི་འགྲིམ་འགྲུལ་ལྟ་བུའི་མྱུར་ཤུགས་མེད་ནའང་། གནས་ཚུལ་དེ་བཞིན་དམག་དུས་དེའི་སྔོན་ནས་གོ་ཐུབ་པ་ཞིག་ཡིན་པ་ལ། ཕྱོགས་གཉིས་ཀ་ཕན་ཚུན་འཁོན་སེམས་ལྟ་བུས་དམག་མཇུག་བསྡུ་རྒྱུ་ལྷག་སོང་བ་ཞིག་ཡིན་ནམ་སྙམ། དམག་འཁྲུགས་མཇུག་རྫོགས་རྗེས་མ་སྒྲིའི་སོན་མཆོག་གིས་མི་མང་ཚང་མར་འཇིགས་སྐུལ་དང་། བཙོན་འཇུག་སོགས་ཀྱི་གནོན་ཤུགས་སྤུ་ཙམ་ཡང་མེད་པར། དམག་འཁྲུགས་སྐབས་རང་ཉིད་ཀྱི་ཆབ་སྲིད་འཛིན་སྐྱོང་ཐད། དགེ་སྐྱོན་དབྱེ་འབྱེད་ཀྱི་བསམ་འ ཆར་དང་སྐད་ཆ་ཤོད་རྒྱུའི་རང་དབང་ཆ་ཚང་སྤྲད་ཀྱང་། ཁོང་གི་ལྕམ་སྒྲོ་ལེས་ནས་མ་སྒྲིའི་སོན་མཆོག་གིས་དབྱིན་དམག་ཕོ་བྲང་དཀར་པོའི་ནང་སླེབས་ཉེར། རྒྱལ་ཁབ་དང་སྲིད་གཞུང་གི་རྩ་ཆེན་གྱི་ཡིག་ཆ་ཁག་དང་། ཝ་ཤིང་ཁྲོན་གྱི་ཚོན་བྲིས་འདྲ་རིས་སྙན་གྲགས་ཅན་སོགས་སྲུང་སྐྱོབ་གནང་ཐུབ་སྐོར་གསལ་བཤད་བྱས་སྟབས། སྟེང་གཅལ་གཉིས་ཀའི་མཚན་སྙན་དར་རྒྱས་ཆེན་པོ་བྱུང་འདུག ལྕམ་སྒྲོ་ལེས་ནི་ཁྱིམ་འཛིན་ལས་ལ་བརྩོན་ཞིང་། ནམ་རྒྱུན་ཆས་གོས་སྤམ་པོར་སྤྲས་པ། དབུ་ཐོག་ཏུ་རིན་ཆེན་རྒྱན་ཆའམ་བྱ་སྒྲོས་བརྒྱན་པ། ཚོགས་པ་ཁག་དང་མཉམ་པོར་བཀའ་མོལ་བྱེད་པར་ཐུགས་མཉེས་བོ་ཡོད་མཁན་ཞིག་ཡིན་འདུག མོ་ཕོ་བྲང་དཀར་པོར་མི་ལོ་ཧྲིལ་བོ་བརྒྱད་བཞུགས་རྗེས། རང་གི་ཁྱོ་ག་དང་མཉམ་པོར་མོན་གྲི་ཕེལ་ཡལ་དུ་ཕྱིར་ལོག་ཕེབས་ཤིང་། དེ་ནས་མ་སྒྲིའི་སོན་མཆོག་གིས་ཐོ་མ་སི་ལྗ་ཧྥིར་སོན་ལ་རོགས་དན་མཛད་དེ། བིར་ལྗི་ནི་ཡའི་སློབ་ཆེན་འཛུགས་སྐྲུན་བྱས་པས་མ་ཚད། བྲན་གཡོག་བཀོལ་སྤྱོད་ཀྱི་ལས་འགུལ་མཚམས་འཇོག་དགོས་པའི་བསྒྲགས་གཏམ་རྒྱུན་མར་སྤེལ་སྟབས། མངའ་སྡེ་ཁག་ཅིག་གིས་གལ་སྲིད་བྲན་གཡོག་འཆང་མི་ཆོག་ན། མངའ་སྡེ་མཉམ་སྤྲེལ་གྱི་ཚོགས་གྲལ་ནས་ཕྱིར་ཐོན་རྒྱུའི་རྒོལ་གཏམ་སྤེལ་བར་རྩོད་ལན་མཐིལ་ཕྱིན་གནང་། ཁོང་གིས་ད་དུང་ཨ་ཧྥི་རི་ཁའི་ནང་དུ་བྲན་གཡོག་རང་དབང་གི་ཆེད་གཞིས་ཆགས་བཙུགས་པ་དང། རང་ཉིད་ནས་གཙོ་འགན་བཞེས་ཐོག་གཏན་འབེབས་གནང་བའི་ཨ་རིའི་རྩ་ཁྲིམས་ཟིན་བྲིས་མ་ལག་དང་བཅས་པར། ཕྱི་རབས་དག་གིས་གཟིགས་རྟོགས་སྟབས་བདེའི་ཆེད་ཕྲ་ཞིབ་ཀྱི་འགྲེལ་བརྗོད་གྲ་དག་སྒྲོས་གཙང་ཞིག་རྩོམ་སྒྲིག་མཛད། ཁོང་དགུང་གྲངས་བརྒྱད་ཅུ་གྱ་ལྔ་བར་འཚོ་བཞུགས་གནང་བས། ཨ་རི་འཛུགས་སྐྲུན་གྱི་རྨང་གཞི་འདེངས་མཁན་ཨ་ཕ་དག་གི་གྲས་ནས་ཚེ་ཐག་རིང་ཤོས་དེ་རེད། སྤྱི་ལོ༡༨༣༦ལོར་རྒྱལ་ཁབ་རང་བཙན་གྱི་དུས་ཆེན་ཐེངས་དྲུག་ཅུ་བའི་མཛད་སྒོའི་སྔོན་གྱི་ཉིན་དྲུག་པའི་ནང་། བིར་ལྗི་ནི་ཡའི་རང་གཞིས་མོན་གྲི་ཕེལ་ཡར་སྐུ་ཚེའི་འཕེན་པ་རྫོགས་འདུག་གོ།
ཨ་ལ་ལ་ལ། ཡང་རྔ་བ་རྒྱལ་ཁམས་པས་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག ང་ལྟ་བུར་ཆེད་དུ་དམིགས་ནས་བྲིས་པ་འདྲ། དངོས་གནས་བཀའ་དྲིན་ཆེ་ཞུས་པ་ཡིན། ད་འདི་ཐེངས་གཉིས་ལ་ཅིས་ཀྱང་ཀློག་དགོས་ཀྱི་འདུག་སྙམ། ཐེངས་གཅིག་བཀླགས་པས་མཁོ་སོད་མ་སོང་ཡ།
རྩོམ་ཡིག་ཧ་ཅང་ཡག་པོ་འདུག། ཐུགས་རྗེ་ཆེ། སླད་མང་ཙམ་ཡོད་པ་ཞུ།།།།།།།།།
ཡག་པོ་བྲིས་འདུག མུ་མཐུད་སྤེལ་ཐུབ་ལ་ཡག་གི ཕལ་ཆེར་ཁྱེད་ཀྱི་མ་འོངས་པར་ཕྱོགས་བསྒྲིགས་ཀྱི་དེབ་གཅིག་འདོན་ཐུབ་ན་གང་འདྲ་འདུག