རྔ་བ་རྒྱལ་ཁམས་པ།
སྔོན་སླེང་།
ལོ་ངོ་བདུན་བརྒྱད་ཅིག་གི་སྔོན་ལ།ངས་ཕྱི་རྒྱལ་གྱི་གྲོགས་པོ་འགའ་དང་མཉམ་པོར་ནང་ཆོས་ཀྱི་སྐོར་ཅིག་གླེང་སློང་བྱས་པ་ཡིན། ཁོང་ཚོས་སངས་རྒྱས་ཀྱི་གསུང་དེ་ཆོས་ལུགས་ཤིག་མ་རེད། དེ་ནི་མཚན་ཉིད་རིག་པ་ཞིག་རེད། ཆོས་ལུགས་ཡིན་ནReligiousཡིན་དགོས་ཤིང་། Religiousཡིན་ནdogmaཡིན་དགོས། ནང་ཆོས་དེdogmaཞིག་རེད་མི་འདུག དེ་མཚན་ཉིད་རིག་པ་ཞིག་རེད་འདུག་ཅེས་གསུངས་བྱུང་། ༼འདིརdogmaཞེས་པ་ནི་ཆོས་གཞུང་ནས་གང་བཤད་ངོས་ལེན་དགོས་པ་ལས། རིགས་པས་བརྟག་དཔྱད་བྱ་མི་ཆོག་པའི་དོན༽ ཁོང་ཚོའི་སྐད་ཆ་དེས་བདག་ཕྱི་གླིང་གི་ཆོས་ལུགས་དག་ལ་ཆེད་མངགས་ཉམས་ཞིབ་ཅིག་བྱ་རྒྱུའི་འདུན་པ་ཤུགས་ཆེར་བསླངས། ནང་བ་ཞིག་གི་ངོས་ནས་བལྟས་ན། ཕྱི་ཆོས་འདི་དག་ཕལ་ཆེར་ཞིག་རྟག་ཆད་ཀྱི་མཐའ་གང་རུང་ཞིག་ཏུ་ལྷུང་ཞིང་། ལས་འབྲས་རྟེན་འབྲེལ་གྱི་ཆོས་དང་རྒྱང་རིང་དུ་སོང་བ་ལྟ་བུའི་སྣང་ཚུལ་ཞིག་སྐྱེས་སོང་། དེ་དག་གིས་ཆོས་ཞེས་པ་ཕྱི་རོལ་ཡུལ་སྟེང་ཞིག་ནས་འཇོག་གི་ཡོད་པ་ལས། ཡུལ་ཅན་རང་ཉིད་ལ་བདེ་སྡིག་འདོར་ལེན་ཐག་གཅོད་ཀྱི་ནུས་པ་ཞིག་ཧ་ལམ་མེད་པ་ལྟ་བུ་ཞིག་བཤད་ཀྱིན་འདུག སྤྱི་ཆོས་སྤྱིའི་ལྟ་སྟངས་ལྟར་ན། འཇིག་རྟེན་གྱི་བཀོད་པ་པོ་ནི་དཀོན་མཆོག་ཅེས་པ་འདི་ཉིད་ཡིན་ལ། དེ་ནི་ཆེས་ཐོག་མའམ། ཡང་ན། ཆེས་ཐ་མའི་སྒུལ་སྐྱོད་གཏོང་མཁན་རྟག་བརྟན་འགྱུར་མེད་གཟུགས་མེད་ཡིད་ཀྱི་ལུས་ཅན། རང་ཉིད་ཀྱིས་འཇིག་རྟེན་བཀོད་ཀྱང་། རང་ཉིད་ལ་འཇིག་རྟེན་གྱི་སྐྱོན་གྱིས་མ་གོས་པ། ངོ་བོ་ཡབ་དང་། རྣམ་པ་སྲས། རང་བཞིན་སེམས་སམ་ཀུན་གཞིའི་བདག་ཉིད་ཞིག་ཡིན་པར་འདོད་ཅིང་། འགྲོ་བ་མིའི་རིགས་ཕལ་མོ་ཆེ་ཞིག་ཀྱང་། དེ་ལ་ཟློག་མེད་ཀྱི་དད་སེམས་དང་ཡིད་ཆེས་རེ་བཞག་གི་ལུང་འཛིན་ཁོ་ནའི་ངང་གནས་ཡོད་པ་ཧ་ཅང་གི་གསལ་བོ་རེད། གལ་སྲིད་ང་ཚོས་དཀོན་མཆོག་ཅེས་པ་དངོས་གནས་ཅི་འདྲ་ཞིག་ཡིན་མིན་དྲི་བ་ཞིག་གཏོང་རྒྱུ་ཡིན་ན། དེ་ནི་ཆོས་ཐམས་ཅད་ཀྱི་བྱེད་པོར་རང་བཞིན་གྱིས་གནས་པ་ཞིག་རེད་ཅེས་པ་ཙམ་ལས། མཚན་ཉིད་རིག་པ་དང་། ཚན་རིག་གི་རྒྱབ་རྩ་ཡོད་པའི་ལྟ་ཚུལ་འཐད་ལྡན་ཞིག་ཕལ་ཆེར་རྙེད་དཀའ་བའི་ཚོད་དུ་སླེབས་ཡོད། ཡང་རྣམ་དཔྱོད་ཅན་གྱི་མཚན་ཉིད་པ་དང་། ཚན་རིག་པ་མང་བོ་ཞིག་གིས་རང་བྱུང་ཁམས་ལ་དཀོན་མཆོག་ཅེས་བརྗོད་པ་ལས། ཆོས་ལུགས་ལྟ་གྲུབ་ལྟར་གྱི་དཀོན་མཆོག་ལྟ་བུ་ཞིག་ཁས་མི་ལེན་པར་བཤད་ཡོད། མ་འོངས་པའི་ཆོས་ལུགས་གང་ཞིག་འཛམ་གླིང་གི་སྤྱི་ཆོས་ཤིག་ཏུ་འགྱུར་མིན་དེའང་། གཙོ་བོ་ཆོས་ལུགས་དེས་སྣོད་བཅུད་གཉིས་ཆར་འཕྲལ་ཡུན་གྱི་དགོས་མཁོ་ཁ་ཡོད་ལག་ཡོད་ཅིག་བསྒྲུབ་ཐུབ་མིན་ལ་རགས་ལས་ཡོད། འདི་ཐད་ནང་ཆོས་ཀྱིས་སྤྱི་སྙོམས་ཀྱི་ནུས་པ་གལ་ཆེན་མང་བོ་ཞིག་ཏན་ཏན་འདོན་ཐུབ་པ་ཞིག་རེད། རྒྱུ་མཚན་ནི། ཆོས་ལུགས་འདི་སྣོད་བཅུད་གཉིས་དང་། ལྷག་པར་འགྲོ་བའི་མོས་ངོར་ལྟོས་ནས་ཉམས་སུ་ལེན་རྒྱུ་ཡོད་པ་ཞིག་རེད་ལ། གཞི་ངོ་བོའི་གནས་ཚུལ་ལ་གཏུགས་ཐུབ་པའི་མཚན་ཉིད་ཀྱི་རིགས་ལམ་དང་། རང་གཞན་གཉིས་ཕན་གྱི་དབུས་ལམ་ཞིག་ལ་བརྟེན་ནས་རླབས་ཆེན་གྱི་བྱ་བཞག་སྣ་ཚོགས་སྒྲུབ་ཐབས་ཡོད་པ་ཞིག་རེད། ལོ་རྒྱུས་ནང་ཕྱིར་སྐྱོད་ཅིག་བྱས་པ་ཡིན་ན། འཛམ་གླིང་འདིའི་ཆོས་བརྒྱུད་ཆེ་ཁག་ཕལ་ཆེར་གནས་ཚུལ་ལས་སྣང་ཚུལ་ལ་ཨུ་ཚུགས་བརྒྱབས་ནས་དར་ཁྱབ་ཕྱིན་པ་ཞིག་སྟེ། ཁ་ཆེའི་ཆོས་ལུགས་ནི་གཙོ་བོ་དྲག་སྤྱོད་ལ་བརྟེན་ནས་དར་བ་ཞིག་དང་། ཡུ་ཤིའི་ཆོས་ལུགས་དཔལ་འབྱོར་དང་གནས་སྐོར་བརྒྱུད་ནས་དར་ཁྱབ་ཕྱིན་བ་ཞིག་ལས། ཚན་རིག་དང་མཐུན་ཞིང་། རྒྱུ་མཚན་དང་གནས་ལུགས་ཡང་དག་ཅིག་ལ་བརྟེན་ནས་དར་བ་ཞིག་མ་ཡིན་པར་འདོད། དཔེར་ན། ཡུ་ཤིའི་ཆོས་ལུགས་ལྟ་བུར་མཚོན་ན། དཀོན་མཆོག་གིས་སྣོད་གཉིས་ཀ་ཉི་མ་བདུན་གྱི་རིང་བཟོ་སྐྲུན་ལེགས་འགྲུབ་བྱུང་ཚུལ་བཀའ་མོལ་བྱུང་ཡོད།
ཚན་རིག་ལྟར་ན། མི་ལོ་དུང་ཕྱུར་བཅོ་ལྔའི་ཡར་སྔོན་ནས་འཇིག་རྟེན་གྱི་ཁམས་ཆགས་པའི་མགོ་ཚུགས་ཤིང་། རང་རེའི་ས་གཞི་འདི་དང་ཉི་ཟླ་གཉིས་དེའི་རྗེས་ཀྱི་མི་ལོ་དུང་ཕྱུར་ལྔའི་རྗེས་སུ་གཞི་ནས་གྲུབ་པ་ཞིག་ཡིན་ཚུལ་བདེན་དཔང་བྱས་འདུག དེ་བཞིན་ཡུ་ཤིའི་དམ་ཆོས་ལྟར་ན། དཀོན་མཆོག་གིས་ཉི་ཟླ་གཟའ་སྐར་ཡོངས་རྫོགས་བཞེངས་སྐྲུན་བྱས་ཚར་བ་ཞིག་ཡིན་ཚུལ་བཤད་པ་དང་། ཚན་རིག་ལྟར་ན། ཉི་ཟླ་སོགས་མི་ལོ་དུང་ཕྱུར་བཅོ་ལྔའི་རིང་རིམ་པར་ཆགས་འཇིག་བྱས་པ་ཞིག་དང་། ད་དུང་མ་འོངས་མི་ལོ་དུང་ཕྱུར་མང་བོའི་རིང་རྒྱ་བསྐྱེད་རྒྱུ་ཡིན་ཚུལ་སྦྱངས་བཤད་གནང་ཡོད། ཡང་དམ་ཆོས་ལྟར་ན། འགྲོ་བ་མིའི་རིགས་དཀོན་མཆོག་གིས་འཇིག་རྟེན་བཞེངས་སྐྲུན་གྱི་ཉིན་གྲངས་དྲུག་པའི་ཉིན་བཞེངས་པ་ལྟར་བྱས་ན། སའི་གོ་ལ་འདི་འགྲོ་བ་མིའི་རིགས་ཀྱིས་སྟོང་ནས་ཉི་མ་ལྔ་ལས་སོང་མེད་པ་དང་། ཚེ་སྲོག་རིག་པ་དང་། ཚན་རིག་ལྟར་ན། ས་གཞི་ཆགས་ནས་མི་ལོ་དུང་ཕྱུར་བཞི་དང་ཕྱེད་ཀའི་རྗེས། འགྲོ་བ་མིའི་རིགས་གཞི་ནས་བྱུང་བ་དང་། ཡང་དམ་ཆོས་ལྟར་ན། འཇིག་རྟེན་ཁམས་ནི་དཀོན་མཆོག་གིས་བརྡས་བསྐུལ་ནས་བཞེངས་པར་བཤད་པ་དང་། གནམ་རིག་ལྟར་ན། འཇིག་རྟེན་གྱི་ཁམས་དེ་དངོས་པོའི་ཆོས་ཉིད་ཆགས་འཇིག་གི་གོ་རིམ་བརྒྱུད་ནས་བྱུང་བ་ཞིག་ཡིན་པར་ཚོད་དཔགས་གནང་བ་སོགས། དེ་གཉིས་ཀྱི་འཇིག་རྟེན་ལྟ་ཚུལ་ཐད། མེ་ཆུ་ལྟ་བུའི་འགལ་ཟླ་ཞིག་དང་། གནམ་ས་ལྟ་བུའི་བར་སྟོང་ཆེན་པོ་ཞིག་གིས་བཅད་ཡོད། དེའང་གསལ་བོར་བཤད་ན། དེ་དག་གི་ཆོས་ནི་ཕལ་ཆེར་ཡིད་ཆེས་དང་། དད་པ། ལུང་གི་ཁ་འཛིན་མཁྲེགས་པོ་ཞིག་ལ་བརྟེན་ཡོད་པ་དང་། ཚན་རིག་ཅེས་པ་ནི་དངོས་དོན་དང་། རྒྱུ་མཚན། བརྟག་དཔྱད། བདེན་དཔངས་སོགས་ལ་གཞི་བཅོལ་བ་ཞིག་རེད། དེར་བརྟེན་རྒྱུ་མཚན་དེ་འདྲ་ཞིག་གི་ཐོག་ནས་མ་འོངས་པར་རྒྱང་ལྟ་ཞིག་བྱས་ན། མ་འོངས་པའི་ཆོས་ལུགས་དེ་རྒྱུ་མཚན་མི་འདྲ་བ་གསུམ་གྱི་ཐོག་ནས་རྒྱ་བསྐྱེད་འབྱུང་སྲིད། ཀ དྲག་སྤྱོད་ལ་བརྟེན་པ། ཁ། དཔལ་འབྱོར་ལ་བརྟེན་པ། ག གནས་ལུགས་ལ་བརྟེན་པ་ཞིག་ཡིན་ཅིང་། དེ་ལས་དང་བོ་ནི་ཁ་ཆེའི་ཆོས་ལུགས་དང་། གཉིས་པ་ཡུ་ཤིའི་ཆོས་ལུགས། གསུམ་པ་ནང་བའི་ཆོས་ལུགས་ལྟ་བུ་ཡིན། དེ་ལས་ཁ་ཆེ་ཚོས་དྲག་སྤྱོད་ལ་བརྟེན་ནས། རང་དང་ལྟ་སྤྱོད་མ་མཐུན་པའི་རྒྱལ་ཁབ་མང་བོའི་ནང་གཏོར་རྒོལ་གྱི་བརྡབ་གསིག་མུ་མཐུད་སྤེལ་ཞིང་། ཡུ་ཤི་ཆོས་བརྒྱུད་འཛིན་མཁན་གྱི་རྒྱལ་ཁབ་དག་གིས་ཁ་ཆེ་དྲག་སྤྱོད་པ་དང་། དེ་དག་གང་ལ་བརྟེན་ཡུལ་གྱི་རྒྱལ་ཁབ་དག་ལ་ཞི་དྲག་གཉིས་ཀས་ཕར་རྒོལ་ཡང་ཡང་བྱས་པའི་ཉེར་ལེན་ལས། ཨ་རབ་ཀྱི་སྐད་ཡིག་དང་། ཁ་ཆེའི་ཆོས་བརྒྱུད་ཀྱི་སྲོག་གིས་བཟུང་བའི་ཡུལ་ལུང་མང་བོ་ས་འོག་དར་ཐག་གིས་རྡོ་རྩ་གཅིག་ཏུ་བསྒྲིལ་ཅིང་། ཡུ་ཤིའི་ཆོས་བརྒྱུད་རྒྱལ་ཁབ་དག་ཀྱང་ཕྱོགས་གཅིག ནང་བ་དང་། ཧིན་རྡུའི་ཆོས་བརྒྱུད་འཛིན་པའི་རྒྱལ་ཁབ་དག་ཀྱང་མཐུན་ཕྱོགས་ལྟ་བུར་འགྱུར་ཞིང་། ས་ཚུགས་ཀྱི་དབང་དུ་བྱས་ན། ཨེ་ཤ་ཡ་དང་། ཡོ་རོབ། ཨ་མེ་རི་ཁ་བཅས་ཕྱོགས་སོ་སོར་ཆད་ནས། ཞི་དྲག་གྲུང་གསུམ་གྱི་འབྲེལ་ལམ་སྣ་ཚོགས་ཤིག་འབྱུང་ངེས་ཤིང་། ཨ་རིའི་གཙོས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་བོས་ཉི་འོད་ཀྱི་ནུས་ཤུགས་ལ་བརྟེན་ནས་འགྲིམ་འགྲིལ་གྱི་མགོ་ཚུགས་པས། དཀྱིལ་ཤར་སོགས་ས་སྣུམ་ཀྱི་ཐོན་ཁུངས་མོད་པའི་ཡུལ་གྲུ་མང་བོའི་ཡོང་འབབ་ཀྱི་བརྒྱ་ཆའི་དོན་ལྔ་ཡས་མས་མར་འབྲུབ་ཅིང་། འཁོས་ཀ་དམན་པའི་ཞིང་ཕྱུགས་ཙམ་གྱིས་རང་ཁ་སོས་དཀའ་བར་གྱུར་ཙ་ན། ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་དང་། དེ་དག་གི་མངའ་འབངས་ལུང་འཛིན་ཆོས་བརྒྱུད་ཁག་གིས་སྙིང་རྗེའི་རོགས་རམ་ལ་ཁ་གཡར་ནས། དཔལ་འབྱོར་གྱི་འགྲོ་སོང་ཕོན་ཆེ་བཏང་སྟེ་རང་གི་རྗེས་འཇུག་མ་ཡིན་པའི་མི་རིགས་མང་བོ་རང་ཉིད་ཀྱི་ཆོས་ཁོངས་སུ་འཛུད་ཐབས་བྱེད་ཅིང་། ཚན་འཕྲུལ་གྱི་ཤེས་རིག་ལ་ཡར་བསྐྱེད་དགའ་རབ་བྱུང་བས། རང་ཆོས་ལ་སྙིགས་འདོར་བཅུད་ལེན་གྱིས་ནང་བ་དང་། ཧིན་རྡུའི་ལྟ་གྲུབ་སོགས་ལས་གནས་ལུགས་ཅན་གྱི་ལྟ་ཚུལ་རྣམས་རང་གི་ཆོས་རིག་ནང་བསྲེ་སྦྱོར་བྱེད་ཅིང་། ལྟོས་བཏགས། རྟེན་འབྲེལ། རིག་པ། རྒྱུ་འབྲས། སྟོང་བདག་མེད་སོགས་ལ་གཞི་བཅོལ་བའི་ཆོས་ལུགས་ཤིག་དར་རྒྱས་འབྱུང་ཞིང་། དེའི་ཚེ་ཚན་རིག་པ་དག་གིས་ལྷ་ཡུལ་དང་། དམྱལ་ཁམས་སོགས་ཀྱི་འཇིག་རྟེན་ལ་ཉམས་ཞིབ་སྣ་ཚོགས་བྱེད་ལ། མཁའ་དབྱིངས་འདི་ན་སྲོག་ལྡན་འཚོ་གནས་ཀྱི་གཟའ་སྐར་འགའ་ཞིག་ཡོད་པར་ཐོག་མར་རྙེད་ནས། སྲོག་ལྡན་དེ་དག་གི་དབྱིབས་དང་། རྣམ་པ། ཁ་དོག འཚོ་ཐབས་སོགས་འཛམ་གླིང་འདིའི་སྲོག་ཆགས་རིགས་དང་མི་མཚུངས་ཚུལ་གསར་དུ་ཤེས་ཤིང་། དེའི་རྒྱུ་མཚན་ཐོག་ཞིབ་འཇུག་གཟབ་ནན་བྱས་པས། ནང་བའི་ལས་འབྲས་དང་། མཐའ་མེད་ཀྱི་འཇིག་རྟེན་ལྟ་ཚུལ་ཐད་གདེངས་འཇོག་ཆེན་པོ་ཞིག་བྱེད་པའི་དུས་འབྱུང་ངོ་།།
མུ་འགོད།
ཞིབ་ལྟ་ཞིག་བྱ་འདོད་ཀྱང་ད་དུང་དུས་ཚོད་མ་ཡོད་མ་སོང་།
བཀླགས་ཟིན། རྩོམ་དངོས་གཞི་བསྒུགས་ནས་ཡོད།
རྔ་བ་རྒྱལ་ཁམས་པ་ལགས་ཀྱིས་མ་འོངས་ལུང་བསྟན་འདི། རྟ་ལུག་སྤྲེལ་གསུམ་ལོ་ལ་རྒྱ་དམག་འོང་། ། ཆུ་ཕོ་སྤྲེལ་ལ་ཡར་ལུངས་དམག་སྒར་འཆའ། །མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇུག །ཕ་སྤུན་ནང་འཁྲུགས་་་་་་་་་་་ ཞེས་པ་དང་འདྲ་སེ་ཞིག་མི་འདུག་གམ། ཧ་ཧ་ཧ་་་་་ ཕྲན་རང་སྐུ་ཉིད་ཀྱི་རྩོམ་ཡིག་ཀློག་རྒྱུར་ཧ་ཅང་དགའ་བས་འདིའི་འཕྲོ་གང་མགྱོག་མཇལ་ཐུབ་པའི་རེ་བ་ཡོད། བཀྲ་ཤིས་བདེ་ལེགས།
རྒྱལ་ཁམས་པའི་དཔྱད་རྩོམ་འདི་ཆ་ཚང་བཀླག་ཐུབ་པའི་རེ་བ་བྱེད་གི་ཡིན།
དངོས་གནས་འདྲ་བོ་འདུག ད་ལྟ་ནང་ཆོས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ཡེ་ཤི་ཚང་གི་བཤད་ཚུལ་ཇེ་ཞིབ་ཏུ་འགྲོ་བཞིན་པ་རེད། ཁ་ཆེའི་ཆོས་ལུགས་སུའང་སྐབས་རེད་བདག་མེད་ཅིག་བཤད་གི་འདུག དེ་མདོ་སྡེ་གོ་རན་ཏུ་མི་འདུག ནང་པའི་ཤུགས་རྐྱེན་ཞིག་མིན་ནམ། ཕྱི་ཆོས་དང་ནང་ཆོས་ཀྱི་བགྲོ་གླེང་མུ་འཐུད་དུ་སྤེལ་དང་རྔ་ལི་ཏང་དམར་ཚང་།
ཁོ་རེ་རྔ་པ་རྒྱལ་ཁམས་པ་རྔ་བ་མ་རེད་རྔ་པ་རེད། འདིར་ནང་ཆོས་ཞེས་པའི་ནང་དུ་ཚན་རིག་ལ་མཐུན་ཚུལ་ག་རེ་ཡོད། འཇིག་རྟེན་ཆགས་ཚལ་དང་། སེམས་ཅན་གྲོལ་ཚུལ་ཇི་ལྟར་གསུངས་བཞིན་ཡོད།
བོན་པོ་ཚོས་བཤད་ན། སྒོ་ང་ལས་གྲོལ་ཚུལ་གཅིག་དང་། ཁྲི་རྒྱལ་ཁུག་པས་ག་ཧུག་ལས་གྲོལ་ཚུལ་གཅིག་དང་། སེམས་ཅན་གྱི་ལས་སྨོན་ལས་གྲོལ་ཚུལ་གཅིག་བཅས་སྣ་གསུམ་དུ་བགོས་ནས་བཤད་བཞིན་ཡོད་པ་འདྲ།
དེ་ཡང་སྣ་གསུམ་དུ་བགོས་ནས་བཤད་དགོས་དོན་མི་ཤེས།
དེ་དག་ཚན་རིག་དང་མཏུན་ནམ
དགོངས་ཚུལ་ཞིག་གསུངས་རོགས་ཞཱུ།
ནང་ཆོས་ཚན་རིག་དང་མཐུན་དུ་ཆུག་ཀྱང་། མིའི་ལག་ལེན་དུ་ལྟར་བ་བོད་མིའི་ནང་ལ་ཡང་ཉིན་སྐར་ཙམ་ཡིན་སྟབས། དེ་ལ་དགེ་མཚན་གླེང་རྒྱུ་ཡོད་དམ།
གླག་ལགས།
རྔ་བ་མིན་པ་དང་། རྔ་པ་ཡིན་དགོས་པའི་རྒྱུ་མཚན་ནམ་སྒྲུབ་བྱེད་ཡོད་དམ།
ཁྱེད་ནས་དེ་ལྟར་སྤེལ་བར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ།
ཐུགས་རྗེ་ཆེ།
རྔ་མ་ག་ལ་ཡིན། རི་རྣམས་རྩེ་འདུས་དགའ་བ་འཁྱིལ་བ་ནི། །ཆོས་ཀྱི་རྔ་བོ་ཆེ་ཡི་དབྱིབས་སུ་གྲུབ། །དགྲ་ཡིས་གཞོན་དཀའ་རྡོ་རྗེས་ལྕག་རི་འདྲ། །སྙན་པའི་སྒྲ་སྒྲོག་སྟོབས་ལྡན་རྔ་བའི་ཡུལ། །ཞེས་པའི་ཚིག་འདིས་རྔ་ལི་ཏང་དམར་རྣམས་ཀྱིས་མགོ་བོ་གནམ་ལ་བསྟོད་པ་ཡིན། །
དཀོན་མཆོག་དང་དམ་ཆོས་ཟེར་བའི་ནང་པའི་བརྡ་ཆད་དེ་ཚོ་ཆོས་ལུགས་གཞན་གྱི་བརྡ་ཆད་དང་ར་མགོ་ལུག་སྦྱར་བྱེད་མ་ཡོང་རོགས། གོ་དོན་སྦད་དེ་ཁ་ཁ་རེད། རང་རེའི་ཤཱཀྱ་ཐུབ་པ་ལ་Godཟེར་བའི་མིང་དེ་འཇུག་ཐབས་མེད་པ་བཞིན་ཁོང་ཚོའི་God་དཀོན་མཆོག་ཟེར་བའི་ཐ་སྙད་འདོགས་མི་རུང་བ་རེད། མིང་ཚིག་གཞན་བཟོ་རོགས།
གཞན་ནི་མི་ཤེས། ངས་ནི་ང་རང་ཚོ་བོད་མིས་བཤད་པའི་བོད་ཡུལ་གྱི་སྣོད་བཅུད་ཆགས་སྟངས་དེ་ཚན་རིག་པས་བཤད་པའི་གོ་རིམ་དང་ཧ་ཅང་མཐུན་གྱིན་འདུག་བསམ་ནས་ཧ་ལས་ནས་བསྡད་ཡོད། དཔེར་ན། བོད་ཡུལ་དང་པོར་ཆུས་གང་ལ་རིམ་གྱིས་ཆུ་བྲི་ནས་ནགས་ཚལ་ཆགས། དེ་ནས་མི་རྣམས་གཞིས་ཆགས་ཐུབ་ཚུལ་བཤད་པ་དེ་ཡང་ཚན་རིག་པས་འཁྱགས་པའི་དུས་རབས་རྗེས་ཀྱི་བྱུང་རབས་དང་བཤད་པ་དང་འབྱོར་གྱི་འདུག དེ་བཞིན་མི་བྱུང་སྟངས་ཐད་ནས་སྤྲེའུ་མིརུ་གྱུར་པའི་ལྟ་ཚུལ་འདི་ཡང་དབྱིན་ཇི་བ་ཅར་སི་སྒྲར་ཝེན་གྱིས་བཤད་པའི་རང་བྱུང་གདམས་གསེས་དང་རིམ་འགྱུར་བའི་ལྟ་ཚུལ་དང་མཐུན་གྱིན་འདུག
དེ་བཞིན་རང་རེའི་གངས་སེང་དེ་ཡང་དེང་སང་གོ་ལའི་ལྷོ་སྣེ་ལ་ཡོད་པའི་ཕོ་ལར་དོམ་ཟེར་བའི་་དོམ་རིགས་དཀར་པོ་སྟོབས་ཆེན་དེའམ་དེ་དང་འདྲ་བའི་སྲོག་ཆགས་རིགས་ཤིག་གནའ་སྔ་མོ་བོད་ཀྱི་ཡུལ་དུ་འཁྱགས་རོམས་དང་འཁྱགས་པའི་མཚེའུ་ཚོའི་སྟེང་དུ་གནས་ཡོད་པ་མིན་ནམ་སྙམ་གྱིན་འདུག འབྲུག་དང་ཁྱུང་ཟེར་བ་དེ་ཚོ་ཡང་བོད་རང་ལ་དེའི་མིང་དང་ཐ་སྙད་ཡོད་པའི་ཆ་ནས་གནའ་དུས་སུ་བོད་ཡུལ་གྱི་སྲོག་ཆགས་རེ་ཡིན་ནམ་བསམ། ཕལ་ཆེར་dinosaurགྱི་རིགས་ཤིག་མིན་ནམ། བོད་གནའ་བོའི་རིག་གནས་འདི་ཚོར་ཚན་རིག་དང་མཐུན་པའི་ཆ་མང་པོ་འདུག
འདིར་རྔ་བ་རྒྱལ་ཁམས་ལགས་ནས་ཟིན་བྲིས་བཀོད་པའི་གཏམ་གླེང་དེ་ནི་དེང་དུས་ཀྱི་ཚན་རིག་པ་རྣམས་ཀྱིས་འདས་ཟིན་པའི་མིའི་རིགས་ཀྱི་ལོ་རྒྱུས་བྱུང་རིམ་དང་། ད་ལྟའི་འཛམ་གླིང་གི་འགྱུར་ཟློག དེ་བཞིན་ཚན་རིག་དང་ལུགས་ཆོས་ཀྱི་འཕེལ་སྐྱེད་དང་ཤུགས་རྐྱེན་བཅས་ལ་དཔྱད་ཞིབ་དང་དོན་འགྱུར་གྱི་ཚོད་དཔག་བྱས་པ་བཅས་ལས་བྱུང་བའི་རྒྱུན་ལྡན་གྱི་དཔྱད་གླེང་སྣ་ཚོགས་པ་བསྡུ་འགོད་བྱས་པ་ཞིག་ཡིན་པ་ལས་རྔ་བ་རྒྱལ་ཁམས་པས་རྣམ་དཔྱོད་ལས་བྱུང་བའི་མ་ལོངས་ཚོད་དཔག་གི་ལུང་བསྟན་ཞིག་ཡིན་ན་ཁྱེད་ལ་Stephen Hawking གཉིས་པས་མིང་གིས་བསྟོད་འོས་ཤིང་། ནོ་བྷེར་ཚན་རིག་གི་གཟེངས་རྟགས་ཐོབ་པའི་རེ་བ་ཡང་ཤིན་ཏུ་ཆེ། དེ་དག་ནི་ Discovery བརྙན་འཕྲིན་ལེ་ཚན་དང་གྲགས་ཆེ་བའི་ཚན་རིག་དུས་དེབ་དང་ཟིན་བྲིས་དག་ལས་རྒྱུན་དུ་མཐོང་རྒྱུ་ཡོད། འོན་ཀྱང་འདིར་བོད་བསྒྱུར་བྱས་ནས་བཀོད་པ་ལ་རྗེས་སུ་ཡི་རིང་དང་བསྔགས་བརྗོད་ཡོད།
ཁྱེད་རྣམ་པ་ཕེབས་ནས་དགོངས་འཆར་གསུངས་པར་ཐུགས་རྗེ་ཆེ་ཞུ། ང་ལ་ཉིན་འདི་ཚོར་ཆམ་པ་ཞིག་ཕོག་ནས། དུས་ལྟར་དྲྭ་ངོས་ཀློག་ཐུབ་ཀྱིན་མི་འདུག དགོངས་དག་ཞུས་པ་ཡིན།
བཀྲ་ཤིས་དོན་གྲུབ་ལགས། བློ་གཟུར་བོར་གནས་ནས་ཞུས་ན། ནང་ཆོས་འདི་ཚན་རིག་གི་ཕ་རོལ་གནའ་སྔ་མོ་ཞིག་ནས་ཕེངས་ཚར་བ་ཞིག་རེད། ཚན་རིག་གི་ད་ལྟའི་གསར་རྟོགས་དང་། ཚོད་སྒམ་མང་བོ་ཞིག་ནང་ཆོས་ནང་གི་ཆོས་ཚན་རེ་ཟུང་གི་སྐོར་དང་། ལྟ་དགོངས་ཀྱི་ཟུར་ཙམ་རེ་རེད་ཅེས་ཞུ་འདོད་བྱུང་། ཁྱེད་ཀྱིས་སངས་རྒྱས་ཀྱི་འཇིག་རྟེན་མི་རྟག་པའི་རང་བཞིན་དུ་གསུངས་བའི་མི་རྟག་ལུགས་གཅིག་པོ་དང་ཚན་རིག་དཔྱད་པ་གཉིས་ཅིག་བསྡུར་ན། དེ་ནས་སངས་རྒྱས་ཆོས་ལུགས་རྒྱ་མཚོའི་ཚན་རིག་གི་ཆུ་ཐིག་ཅི་འདྲ་ཞིག་འབབ་ཐུབ་ཀི་ཡོད་མེད་ཧ་ལམ་ཙམ་རྟོགས་ཐུ བ་ངེས་རེད། རེད། ཁྱེད་བདེན་གི ང་ཚོ་བོད་པ་རང་ཉིད་ཀྱི་ནང་ཆོས་ཚུལ་བཞིན་དུ་ཉམས་སུ་ལེན་མཁན་ཧ་ཅང་ཉུང་ཉུང་རེད། གལ་སྲིད་ང་ཚོས་ཚུལ་བཞིན་དུ་ཉམས་སུ་བླངས་པ་ཡིན་ན། གནའ་བོའི་གསང་སྔགས་ཀྱི་གྲོང་ཁྱེར་དྷི་མ་ཐ་ལ་ལྟར། བོད་པ་དག་ཀྱང་རིག་པ་འཛིན་པའི་ས་ཐོབ་སྟེ། ཡུལ་ཁམས་ཀྱང་སྟོངས་འགྲོ་བའི་ཚད་དུ་སྣང་། ཀུ་རེ། ང་ཚོ་ནང་ཆོས་ཀྱི་སྲོག་ལ་བརྟེན་ནས་གོང་བུ་གཅིག་ཏུ་བསྡུས་བསྡད་ཡོད་པ་རེད། དེར་བརྟེན་རྒྱ་དམར་ཀྱང་བོད་བརྒྱུད་ནང་ཆོས་ཀྱི་བསྒྲིལ་བའི་ང་ཚོ་དང་། ང་ཚོའི་རྗེས་འཇུག་ལ་ཞེད་ནས་རྩ་མེད་ཅིག་བཟོ་ཨེ་ཐུབ་བལྟ་གི་ཡོད་པ་རེད། གལ་སྲིད་ང་ཚོ་ནང་ཆོས་ཀྱི་སྲོག་གིས་བཟུང་མེད་ན། མི་རིགས་ཤིག་གི་བདེ་སྡུག་གི་འཐབ་མོ་དང་། རྒྱལ་ཁབ་ཅིག་གི་ཆོས་སྲིད་ཀྱི་གནད་དོན་ཐོག འཐབ་ཕྱོགས་གཅིག་གྱུར་གྱི་ལངས་ཕྱོགས་སྲ་མཁྲེགས་ཤིག་ཡོང་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དེ་བས་ནང་ཆོས་ཚན་རིག་དང་མཐུན་པའི་དགེ་མཚན་སྐོར་གླེང་སློང་བྱ་རྒྱ་དེ། དུས་གསར་གྱི་བོད་གསར་ལ་ལྷག་པར་ཡང་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་ཞུ་བཞིན་ཡོད།
གླག་ལགས། ཁྱེད་ཀྱི་དྲི་བ་དེ་ང་ཚོའི་བརྡ་སྤྲོད་ནང་རྩོད་རྙོག་ཆེ་བའི་གླེང་གཞི་ཞིག་རེད། སྔ་འགྲེལ་ཕལ་ཆེར་གྱིས། རྩ་ཚིག པུལིངྒ་ཡི་སྒྲ་མེད་པ།། ཞེས་སོགས་ཀྱི་པུ་རུ་ཥ་སྐྱེས་པ་དང་། ལིངྒ་རྟགས་སུ་བཀྲལ་ནས་སྐྱེས་རྟགས་སུ་ངོས་འཛིན་ཞུས་པ་དང་། དངུལ་ཆུ་བས། པུ་པ་སྡེ་རུ་བཀྲལ་ནས། པ་སྡེའི་པ་པོ་བ་བོ་སོགས་བདག་སྒྲར་བཞེད་པ་ཡིན། དེ་ནས་ཁྱེད་ཀྱི་དྲི་བ་དངོས་ཡོང་ཚུལ་དེ་ཕལ་ཆེར་དབྱངས་ཅན་གྲུབ་པའི་རྡོ་རྗེའི་བདག་སྒྲ་ཆ་ཡ་བརྩི་ཚུལ་ལས་བྱུང་བ་ཞིག་རེད། འདིར་རྔ་བ་ཞེས་པའི་བ་དེ་བདག་པོ་གསལ་བྱེད་ཀྱི་སྒྲ་ཡིན་ཞིང་། དེ་ཡང་བདག་སྒྲ་སྦྱོར་ཚུལ་འདིར་ཆ་ཡ་བརྩི་ཚུལ་སོགས། རྙོག་འཛིངས་ཆེ་སྟབས། དུས་རབས་གོང་མའི་སྨད་ཀྱི་ཆར། མཁས་དབང་ཚེ་ཏན་ཞབས་དྲུང་ཚང་དང་། དམུ་དགེ་བསམ་གཏན་རིན་པོ་ཆེ། རྡོ་རྗེ་རྒྱལ་བོ། ཉན་ཤུལ་མཁྱེན་རབ་འོད་གསལ་སོགས། བོད་རིག་པའི་མཁས་དབང་རྣམས་ཁྲི་འདུ་གྲོང་ཁྱེར་དུ་བསྐོངས་པའི་ལྷན་ཚོགས་ཤིག་གི་སྟེང་། བདག་སྒྲ་སྦྱོར་སྟངས་འདི་དག་ཡིག་མཁས་པ་དགའ་བསྐྱེད་རྩ་འགྲེལ་དགོངས་དོན་ལྟར་། ག་ད་ན་བ་མ་ས་པ།། ང་འ་ར་ལ་མཐའ་མེད་མཐའི།། བ་ཕྱེད་ཝར་འབོད་རྣམས་ལ་བ།། ཞེས་པའི་ཐོབ་ཐང་ལྟར་གཅིག་གྱུར་གྱིས་འབྲི་དགོས་པའི་གྲོས་འཆམ་བྱུང་བ་ལྟར། ངས་ནམ་རྒྱུན་བདག་སྒྲའི་སྦྱོར་ཚུལ་རྩ་ཚིག་དེ་གཞི་ལ་བཞག་ནས་འབྲི་བཞིན་ཡོད། དེར་བརྟེན། མཐའ་རྟེན་འ་ཕྱིས་པའི་རྔ་ཡིག་དང་། ཡང་ན། འ་མཐའ་ཅན་གྱི་རྔ་ཡིག་ལ་གོང་གསལ་རྩ་ཚིག་གི་ཐོབ་ཐང་ལྟར། བདག་སྒྲ་བ་དེ་སྦྱར་བ་ཞིག་རེད། བདག་སྒྲ་སྦྱོར་ཚུལ་གྱི་རྙོག་འཛངས་ལས་ཐར་འདོད་ན། གོང་གི་རྩ་ཚིག་གི་ཐོབ་ཐང་ལྟར་ཕྲིས་དང་། སྟབས་བདེ་བོ་ཡོད། དེ་བཞིན་རྔ་བ་ཞེས་པའི་མིང་ཐོགས་ཚུལ་ཐད། ཡུལ་འདིའི་ས་བཀོད་རྔ་དབྱིབས་སུ་ཡོད་པས་རྔ་དང་། དེ་ལ་གནས་མཁན་གྱི་བདག་པོའི་སྒྲ་གཉིས་གཅིག་ཏུ་སྦྱར་བས་ཡུལ་མིང་ལ་རྔ་བ་ཞེས་ཐོགས་པ་ཡིན་ཞེས་བཤད་ཀྱང་ཆོག་ལ། ཡུལ་འདིའི་མི་རྣམས་སྟོད་མངའ་རིས་ནས་ཆད་པའི་རྒྱུད་པ་ཡིན་པས་༼མངའ་རིས་པ༽ཞེས་པའི་བསྡུས་མིང་ལ་༼རྔ་བ༽ཞེས་ཤོད་སྲོལ་ཞིག་ཀྱང་ཡོད་པ་འཕྲོས་བཤད་ཙམ་ཡིན་ལགས།
ཟླ་བ་བཟང་བོ་ལགས། ཁྱེད་ཀྱིས་ངའི་གླེང་བརྗོད་འདིར། ནོར་ཝེ་ཚན་རིག་གི་བྱ་དགའ་ཐོབ་འོས་ཚུལ་ངོ་བསྟོད་གནང་བ། ངས་དང་ལེན་ཞུས་པ་ཡིན། སྐུ་རྩེད། ཉིད་ཀྱིས་བཤད་པ་ལྟར། ངས་གླེང་བརྗོད་དེའི་ནང་ཚན་རིག་གི་ཚོད་དཔགས་དང་། ཕྱི་ཆོས་ཀྱི་ལྟ་སྟངས་གཉིས་ཀར་རང་གི་བསམ་ཚུལ་གྱིས་ཟུར་བརྒྱན་ནས་བྲིས་པའི་ཁུལ་ཡིན། ཁྱེད་ཀྱིས་ང་ལStephen Hawkingགཉིས་པའི་མིང་གིས་བསྟོད་འོས་པའི་ཟུར་ཟ་དེར། ངའི་བློར་ཅུང་བབ་མ་སོང་། ངས་དཔྱད་རྩོམ་འདིའི་ནང་དོན་ཕལ་ཆེར་ཁོང་གི་འཇིག་རྟེན་ལྟ་ཚུལ་གྱི་ཕ་རོལ་དུ་བརྒལ་ཟིན་པའི་མཐར་ཐུག་གི གཏན་ཚིགས་རྐྱང་རྐྱང་རེད། མཚམས་འདིར་ལྷག་པར་ཡང་ཉིད་ལ་བགྲོ་སྙིང་འདོད་པ་ཞིག་ལ། Stephen Hawkingམཆོག་གི་ཚན་རིག་གི་མཁྱེན་རྒྱ་གཙོ་བོ་དེBlack Holes༼ནག་ཁུང༽གི་ཕྱོགས་རེད། ངས་རྒྱུན་དུ་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་དེ་དང་། Black Holes༼ནག་ཁུང༽གི་སྐྱེ་འཇིག་བར་གསང་བ་ལྐོག་གྱུར་གྱི་འབྲེལ་ལམ་ཞིག་ཡོད་སྣང་འཆར་གི ཉི་ཟླ་གཟའ་སྐར་སོགས་ཀྱི་འཐེན་ཤུགས་དང་། དེ་དག་སྣུམ་ཤུགས་མེ་དཔུང་ཆེན་པོ་དག་གིས་ཚིག་སྟེ་འབར་ཚར་རྗེས། སྐར་མ་དེ་དང་དེའི་རང་ཚུགས་ཤོར་ནས། ཐོག་ལྡིབ་སྟེ། འོད་ཀྱི་མྱུར་ཤུགས་ཀྱང་རྔུབ་ཐུབ་པའི་༼ནག་ཁུང༽ཤུགས་ཆེན་པོ་དག་འགྲུབ་ཡོང་གི་ཡོད་པ་རེད། ནག་ཁུང་དེ་འཁོར་སྟོབས་ཀྱིས་སླར་ཡང་མེ་དང། དུག་རླངས། དང་མའི་ཕྲ་རྫས་སོགས་གྲུབ་ནས་སྐར་ཆེན་དང་སྐར་ཕྲན། གོ་ལ་སོགས་འགྲུང་ཡོང་གི་ཡོད་པ་རེད། དེ་བཞིན་ཚན་རིག་པ་འདིའང་། ལུས་ཀྱི་རྒྱུས་ཤུགས་དང་། ལྷུ་ཚིགས་སོགས་ཀྱི་ནུས་པ་ཕལ་ཆེར་ཤོར་ནས། མི་དཀྱུས་མའི་ལུས་ཀྱི་ལྷུ་ལག་ནུས་པ་ཕལ་ཆེར་ཐོག་ལྡིབ་ལྟ་བུ་བྱུང་མི་འདུག་གམ། ཅིག་བྱས་ན། Stephen Hawkingའདི་ཉིད་ནག་ཁོང་མང་བོའི་ནང་སྐྱེ་བ་ལེན་མྱོང་མཁན་གྱི་་སྲོག་ལྡན་ཞིག ང་ཚོའི་བགོ་སྐལ་དུ་ཕེབས་པ་ཞིག་ཨེ་ཡིན་སྙམ་དུ་དོགས་པ་སྐྱེ་བཞིན་འདུག དེ་ཙམ་ཡིན། ཉིད་ཡང་ཡང་ཕེབས་པར་དགའ་བསུ་ཡོད།
རྒ྄་ཁམས་བ་ལགས།ཐུགས་རྗེ་ཆེ་ཞུ།
ནང་ཆོས་ནང་དུ་འཇིག་རྟེན་ལ་ཐོག་མ་མེད་ལ་མཐའ་མ་ཡང་མེད་པར་གསུངས།ཚན་རིག་པ་ཚོས་འཇིག་རྟེན་གྱི་ཐོག་མ་གོས་འཐོར་ཆེན་མོ་ལ་ངོས་འཛིན་བྱེད་བཞིན་ཡོད་པས །ཁྱེད་ཀྱིས་འདི་སྐོར་ལ་ཅུང་ཙམ་གསུང་བར་རེ་འདུན་ཞུ་བ་ལགས།