སྐད་ཡིག་གི་མཚན་ཉིད་རིག་པ།
སྤྱིར་སྐད་ཡིག་ནི་འགྲོ་བ་མིའི་རིགས་ཀྱི་གྲུབ་ཆ་གཙོ་བོ་གསུམ་གྱི་ནང་ཚན། ལུས་ངག་ཡིད་གསུམ་ལས་ངག་གི་ཆར་གཏོགས་སུ་འཇོག་དགོས། ངག་ཅེས་པ་ནི་སྐྱེས་བུའི་སེམས་ཚོར་ལས་བྱུང་བའི་སྨྲ་བརྗོད་ཀྱི་སྒྲའི་རྣམ་འགྱུར་ཙམ་ཞིག་ཡིན། ཡི་གེ་ནི་སྒྲའི་རྣམ་པ་དེ་མཚོན་བྱེད་ཀྱི་བརྡ་རྟགས་རི་མོའི་རྣམ་པ་ཞིག་རེད། གསལ་བོར་བཤད་ན། སྐད་དེ་སྒྲ་དང་། ཡི་གེ་ནི་དེའི་མཚོན་རྟགས་གཟུགས་རིས་ཤིག་རེད། ང་ཚོས་སྐད་ཡིག་གི་རིག་པའི་གཞུང་ལུགས་དག་ལ་འཁྱུགས་ཙམ་ཞིག་བལྟས་པ་ཡིན་ན། འགྲོ་བ་མིའི་གྲུབ་ཆ་གཙོ་བོ་གསུམ་ལས། སེམས་སྔོན་དུ་གྲུབ་ཅིང་། ལུས་ངག་གཉིས་དེའི་རྗེས་སུ་གྲུབ་པ་ཞིག་རེད། ལྷག་པར་སྐད་དང་ཡི་གེ་གཉིས་ཀ་འགྲོ་བ་མིའི་རིགས་དང་། དེ་གང་ལ་བརྟེན་ཡུལ་གྱི་རང་བྱུང་ཁོར་ཡུག་གཉིས། ལོ་བར་ཁྲི་སྟོང་མང་བོའི་རིང་ཕན་ཚུན་གཤིབ་བསྡུར་གྱིས་འཚོ་གནས་ཉམས་མྱོང་། སྐྱེ་འཆི་ཉམས་མྱོང་། སྣང་གནས་ཉམས་མྱོང་། བདེ་སྡུག་ཉམས་མྱོང་སོགས། ཡུལ་ཅན་སེམས་ཀྱིས་ཡུལ་ལ་བློ་སྦྱོང་བྱས་པའི་ལྟ་སྟངས་སྣ་ཚོགས། མིང་བརྡ་ཐ་སྙད་སོགས་ངག་གི་སྨྲ་བརྗོད་ཀྱི་ལམ་ནས་རྗོད་པ་ནི་སྐད་དང་། ཡི་གེ་ནི་དེའི་ཚབ་མཚོན་རི་མོའི་ལམ་ནས་སྤེལ་བ་ཞིག་རེད། དེའང་ཡི་གེ་ཞེས་པ་སྒྲ་རུ་འདོད་པ་དང་། གཟུགས་སུ་འདོད་པ། ཤེས་པར་འདོད་པ་སོགས། འདོད་ཚུལ་མ་འདྲ་བ་སྣ་ཚོགས་ཡོད། ནང་བའི་རྒྱུད་ཀྱི་ཕུན་ཚོགས་ལྔའི་གླེང་གཞིའི་སྐབས། སྟོན་པ་སྐུ་ལྔས་འཁོར་ལྔ་ལ་གསུང་ལྔའི་སྒོ་ནས་ཆོས་ཉིད་ཀྱི་དོན་མངོན་སུམ་་དུ་སྟོན་པ་ལྟ་བུ་དང་། དེ་བཞིན་གཞི་དོན་དམ་པ་ཡི་དང་། ཀུན་རྫོབ་པའི་རིག་པ་གེ བདེན་གཉིས་དབྱེར་མེད་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་ཡི་གེ་ཞེས་པའི་བརྡ་ཙམ་གྱིས་སྨྲ་བསམ་བརྗོད་འདས་ཀྱི་ཆོས་འཁོར་བསྐོར་བ་ལྟ་བུ། དེ་བཞིན་བླ་སློབ་ཚད་ལྡན་ཚོས་ཕན་ཚུན་དགོངས་པ་གཏད་ཙམ་གྱིས་དོན་རྒྱུད་ཀྱི་ཡེ་ཤེས་རང་རྒྱུད་ལ་སྐྱེ་བ་ལྟ་བུ། སྒྲ་རང་མཚན་པ་ལས་འདས་པའི་ཡིག་འགྲུལ་འདི་ལྟ་བུ་ལ་བློ་རིག་གི་ཆར་གཏོགས་པའི་ཡི་གེ་ཞེས་བརྗོད་ན་འོས་པར་འདོད། དེ་བཞིན་སྒྲར་འདོད་པའི་དབང་དུ་བཏངས་ན། རང་འབྲས་མིང་ཚིག་གི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་ཤིག་ལ་འཇོག་དགོས་པར་སྣང་ཞིང་། གདངས་དེའང་སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པ། སྐད་གདངས་རང་གི་ངོ་བོ་མིང་ཚིག་བརྗོད་པ་གང་གི་ཆར་མ་ལྷུང་ཡང་། དེ་དག་ཀུན་ཀྱི་ཨ་མར་གྱུར་པ་ཞིག་སྟེ། གཞི་ནམ་མཁའ་ལྟ་བུའི་ངོ་བོ་སྣོད་བཅུད་བྱེ་བྲག་པ་གང་གི་ཆར་མ་ལྷུང་ཞིང་། དེ་ཀུན་བྱུང་ཡང་མཁའ་ལས་བྱུང་ཞིང་། ཐིམ་ཡང་མཁའ་ལ་ཐིམ་པ་བཞིན། སྐྱེས་བུའི་བརྗོད་འདོད་ལས་སྐད་གདངས་དེ་མིང་ཚིག་བརྗོད་པ་སྣ་ཚོགས་པའི་རྣམ་འགྱུར་དུ་བཞེངས་བསྐྲུན་བྱེད་བཞིན་ཡོད་པས། སྐྱེས་བུའི་སྐད་གདངས་ཀྱི་ངོ་བོ་ནི་ནམ་མཁའ་ལྟ་བུ་དང་། མིང་ཚིག་བརྗོད་པ་སོགས་སྐད་ཀྱི་རྣམ་འགྱུར་ནི་མཐའ་ཡས་བའི་སྐར་ཚོམ་གྱི་འཇིག་རྟེན་དང་འདྲ། བོད་ཀྱི་ལོ་རྒྱུས་ཡི་གེ་ཕལ་མོ་ཆེའི་ནང་ཐོན་མི་ཡར་སྔོན་དུ་བོད་ལ་ཡི་གེ་མེད་པར་བཤད་ཅིང་། ཐོན་མིའི་བོད་ཡིག་གང་ལ་དཔེ་ལེན་སའི་ཕྱི་མོའང་གཅིག་མཐུན་གྱི་ངོས་འཛིན་གསལ་བོ་ཞིག་བྱུང་མེད་སྟབས། བོད་ལ་ཡི་གེ་ཡོད་མེད་ལོ་རྒྱུས་ལ་བརྟེན་ནས་ངོས་འཛིན་དགོས་ཚེ་རྙོག་དྲྭ་ཤིན་ཏུ་ཆེ། གལ་སྲིད་ཡི་གེའི་ངོ་བོ་སྐད་ཀྱི་གདངས་ཤིག་ཡིན་པ་བདེན་ན། ཐོན་མིའི་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་ལ་དྭོགས་པ་སྐྱེ་དགོས་དོན་མེད། དེར་བརྟེན་ཐོན་མིའི་སྔོན་བོད་ལ་ཡི་གེ་མེད་ཅེས་པ་བོད་ལ་ཡིག་གཟུགས་མེད་པའི་དོན་དུ་ངོས་འཛིན་བྱས་པ་དོན་དང་ལྡན་པ་ཞིག་ཡིན། དངོས་ཁམས་ཀྱི་འཇིག་རྟེན་འདི་ཆགས་ནས་ད་བར་མི་ལོ་ཐེར་འབུམ་བཅུ་གསུམ་ལྷག་ཅིག་ཕྱིན་ཞིང་། དེ་ལས་ས་གཞི་འདི་ཆགས་ནས་ད་བར་མི་ལོ་ཐེར་འབུམ་བཞི་ལྷག་སོང་། དེ་ལས་འགྲོ་བ་མིའི་རིགས་བྱུང་སྟེ་ད་བར་མི་ལོ་ས་ཡ་བཞི་ལྷག་སོང་ཡོད་པར་བཤད་ཀྱིན་ཡོད། དྲན་འཛིན་ལོ་རྒྱུས་ནས་ཡིག་བྲིས་ལོ་རྒྱུས་བར་དང་། རྟགས་འདེབས་ཡིག་འགྲུལ་ནས་དངོས་བྲིས་ཡིག་འགྲུལ་བར། མི་སྐད་ཐོག་མར་སྨྲ་མཁན་དང་། མི་ཡིག་ཐོག་མར་འབྲི་མཁན་དེ་འདི་ཡིན་ཞེས་གསལ་བོ་ཞིག་བཤད་རྒྱུ་མེད་ཀྱང་། རྒྱ་གར་ཧིན་རྡུ་ཚོས། ལྷ་ཆེན་ཚངས་པ(Brahma)མཆོག་གིས་གསེར་གྱི་ལོ་མའི་སྟེང་། རང་གི་ཕྱག་འཛུབ་ཀྱིས་ཡི་གེ་བྲིས་པ་ལས་ཡིག་གཟུགས་འབྲི་སྲོལ་བྱུང་བ་དང་། རྒུ་རིག་ཚོས་ལྷ་སྒྲུང་ལོ་རྒྱུས་ནང་གི་གྲགས་ཅན་དཔའ་བོ་ཁ་སྒྲི་མ་སས(Cadmus)ཧྥོ་ནེ་ཤི་ཡ(Phoenicia)ཞེས་པའི་ཡུལ་ཁམས་ནས་ཡི་གེ་གདན་དྲངས་བར་བཤད་པ་དང་། གནའ་བོའི་ཨེ་ལྗེབ་དག་གིས། ལྷ་བྱ་གདོང་ཅན་ཐོ་ཐི(Thoth)ཞེས་པས། ཡིག་བྲིས་རྣམ་བཞག(hieroglyhics)གསར་གཏོད་བྱས་ཚུལ་དང་། རྒྱ་ནག་པ་དག་གིས་སང་ཆན(Tsang Chien)ཞེས་པས་ཡར་གནམ་ལ་བལྟས་པས་སྐར་ཚོམ་མཐོང་ཞིང་། མར་ས་ལ་བལྟས་པས་རུས་བལ་གྱི་རྒྱབ་རིས་མཐོང་བ། རང་ཉིད་ཀྱི་བསྐྱེད་ཚལ་དུ་བལྟས་པས་བྱ་བྱེའུ་དག་གི་ལྡེར་རྗེས་མཐོང་བ་སོགས། རང་བྱུང་བྱ་དངོས་ཀྱི་རྣམ་པ་རི་མོར་ཕབ་པས། ཡིག་བྲིས་ཀྱི་སྲོལ་ཀ་དར་ཚུལ་སོགས་ཤོད་ཚུལ་མི་འདྲ་སྣ་ཚོགས་ཤིག་ཡོད་པ་དང་། ཨིན་ཇིའི་སྐད་ཡིག་ནང་གི་writeཞེས་པ་writanལས་ཆད་པ་དང་། དེའང་སྤར་འདྲེད་ཀྱི་དོན་ཡིན་པར་བཤད་པ་ལྟར་ན། གདོད་མའི་མི་ཚོས་རང་གི་མངོན་འདོད་སྟོན་ཕྱིར་སྤར་འདྲེད་ཙམ་ལས་བརྟེན་ནས་གོ་བརྡ་སྤྲད་པས། ཡིག་བྲིས་ཀྱི་སྲོལ་བྱུང་བ་ཞིག་ཀྱང་ཡིན་སྲིད་པ་རེད། གོང་གི་གནས་ཚུལ་འདི་ནི་སྤྱིར་བཏང་སྐད་ཡིག་གི་ངོ་བོ་དང་བྱུང་རབས་རགས་བཤད་ཙམ་ཡིན།
ཐོན་མིའི་བརྡ་སྤྲོད་ཀྱི་རྣམ་བཞག་དང་། ཡིག་གཟུགས།
བོད་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོས། དྲག་པོའི་དམག་གི་ཀི་སྒྲ་དང་། རྟ་ཕོའི་རྨིག་བཞིས་ས་གཞི་རྡུང་སྐབས། རྒྱལ་ཐབས་འཛིན་སྐྱོང་ལ་དམིགས་ནས། ཐོན་མི་སོགས་ལ་བཀའ་ཕབ་སྟེ་རྒྱ་གར་གྱི་མི་ཡིག་ལ་བརྟེན་ནས། བོད་ཡིག་བཟོས། སྒྲ་སྦྱོར་བརྩམས། ནང་ཆོས་བསྒྱུར་བ་སོགས། གནའ་བོའི་བོད་ཡུལ་དེ་ཡར་ཐོན་སྤྱི་ཚོགས་ཀྱི་ངོ་བོར་རྩ་འཛུགས་ཀྱི་སྣེ་ཁྲིད་བྱས་ཡོད། ངས་ནམ་རྒྱུན་སློབ་དཔོན་འདི་ཉིད་ནི། ཡི་གེ་གསར་གཏོད། སྒྲ་སྦྱོར་གསར་གཏོད། ལོ་ཙྰ་གསར་གཏོད་དེ་གསར་གཏོད་ཆེན་པོ་གསུམ་ལྡན་གྱི་དང་བོའི་སློབ་དཔོན་ཞེས་འབོད་བཞིན་ཡོད། ཡི་གེ་འདི་འབྲི་ཐབས་ཀྱི་ཆ་ནས་སྟབས་བདེ་བ། ཀློག་སྦྱོར་གྱི་ཆ་ནས་བརྗོད་བདེ་བ། འདུམ་ཚད་ཀྱི་ཆ་ནས་ཆོད་ཆེ་བཅས་བསམ་གྱིས་མི་ཁྱབ་པ་ཞིག་རེད། བཀའ་བསྟན་དགོངས་འགྲེལ་དང་། རིག་གཞུང་གི་གླེགས་བུ་ཁྲི་སྟོང་མང་བོ་བྲག་ལྟར་རྩིག་འདུག་པ་མཐོང་ཐེངས་རེར། ཡི་གེ་སོ་བཞིའི་ནང་ཤེས་བྱའི་རྣམ་གྲངས་དེ་འདྲའི་མང་བོ་སྡུད་ཐུབ་པའི་གནས་ལུགས་ལ་ངོ་མཚར་ཞིག་མ་སྐྱེས་རང་སྐྱེས་རེད། སྐབས་རེར་དཔེ་དེབ་ཆེན་པོ་དེ་འདྲ་མཐོང་སྐབས་ཀློག་སྤྲོའང་། བམ་གཏོས་ལ་བལྟས་ནས་དཀའ་སྣང་སྐྱེ་སྐབས། དཔེ་ཆ་འདི་ཅི་ཙམ་བམ་ཁ་ཆེའང་དབྱངས་གསལ་གཉིས་སམ། ཡིག་འབྲུ་སོ་བཞི་བོ་འདི་ལས་ལོགས་སུ་མེད་བསམས་དུས། ཀློག་འདུན་གྱི་སེམས་ཤུགས་སྐྱེ་ཡོང་གི་ཡོད། སྲོང་བཙན་གྱིས་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཏོད་ནས། མཐའ་བཞིའི་རྒྱལ་ཁམས་དབང་དུ་སྡུད་ཐུབ་པ་དེའང་ཡི་གེ་འདིའི་བཀའ་དྲིན་ཡིན། རྗེ་བཙུན་མི་ལ་རུས་པ་སྐུ་ཚེ་གཅིག་ལ་ཕྱག་རྒྱ་ཆེན་པོའི་སར་གཤེགས་པ་དེའང་ཡི་གེ་འདིའི་དྲིན་ལས་བྱུང་བ་རེད། ས་སྐྱས་སོག་པོ་ཆོས་འབངས་སུ་བཅུགས་ཏེ་རྒྱའི་མི་ཡུར་ཆེན་མོ་བསྐྱབས་པ་དེའང་ཡི་གེ་འདིའི་བཀའ་དྲིན་ལས་བྱུང་བ་རེད། རྒྱལ་བ་ཀློང་ཆེན་པས། ཀ་དག་རྫོགས་པ་ཆེན་པོའི་རྒྱལ་གཞིས་ཞབས་ཀྱིས་མནན་པ་དེའང་ཡི་གེ་འདི་ལ་བརྟེན་ཡོད། རྗེ་ཙོང་ཁ་པས། ལྟ་སྤྱོད་གཙང་མའི་ཆོས་བརྒྱུད་རྨད་དུ་བྱུང་བ་འཛུགས་ཐུབ་པ་དེའང་ཡི་གེ་འདི་ལས་བྱུང་བ་རེད། བོད་ཀྱི་ཆོས་རིག་རྒྱལ་སྤྱིའི་ཚན་རིག་གི་གླེང་སྟེགས་སུ་འགྱིང་ཐུབ་པ་དེའང་བོད་ཡིག་གི་གཟི་བརྗིད་རེད། བོད་ཀྱི་སྐད་ཡིག་གཉིས་བོ་འདི་ང་ཚོ་མདུན་དུ་བགྲོད་བྱེད་ཀྱི་རྐང་བ་དང་། རྒྱང་རིང་ལྟ་བྱེད་ཀྱི་མིག ལུས་སྲོག་འཚོ་བྱེད་ཀྱི་ཁ་ཟས་དང་བཏུང་བ་རེད། མདོར་ན། བོད་ཀྱི་སྐད་ཡིག་གཉིས་བོ་འདི་ནི་ང་ཚོ་ལ་ཚེ་རབས་ལས་སྨོན་གྱིས་ཐོབ་པའི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཤེས་རིག་གི་སྒོ་མོ་འབྱེད་པའི་གསང་བའི་ལྡེ་མིག་རིན་ཐང་དང་བྲལ་བ་ཞིག་རེད།
བོད་སྔ་རབས་པས་བཞག་པའི་བྱས་རྗེས།
ང་བོད་ནས་རྒྱ་གར་ལ་བྲོལ་བྱོལ་དུ་ཡོང་བའི་ལམ་ཁའི་དཀའ་སྡུག་ལ་ཕྱིར་དྲན་བྱེད་ཐེངས་རེར། སྙིང་སྟོབས་དང་བཟོད་བསྲན་ཆེ་ཞིང་། རྣམ་དཔྱོད་དང་བརྩོན་འགྲུས་བླ་ན་མེད་པའི་བོད་སྔ་རབས་པ་ཚོས། སངས་རྒྱས་ཆོས་ལུགས་ཀྱིས་གཙོས། གནའ་བོའི་རྒྱ་གར་ཡར་ཐོན་སྤྱི་ཚོགས་ཀྱི་རླབས་ཆེན་ཤེས་རིག བོད་ཡུལ་དུ་གདན་དྲངས་པའི་ལོ་རྒྱུས་ལ་བསམ་ཡུལ་ལས་འདས་པའི་གོ་རྟོགས་ཟབ་མོ་རེ་སྐྱེ་རུ་བཅུགས། སློབ་དཔོན་ཐོན་མིས་དབུས་ལོ་ཆེན་སྐ་ཅོག་ཞང་གསུམ་སོགས། གནའ་བོའི་བོད་ཀྱི་ཤེས་རབ་ཀྱི་བདག་པོ་དག་གིས། ནང་ཆོས་དང་། མཚན་ཉིད་རིག་པ། ཚན་རིག གཏན་ཚིག་རིག་པ་སོགས། རྒྱ་གར་གྱི་རླབས་ཆེན་ཤེས་རིག་བོད་ཡུལ་དུ་གདན་དྲངས་བཞིན་པའི་ངང་ཚུལ་དེ་དག་ལ་ཕྱིར་དྲན་རེ་བྱས་ན། བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད། སྐྱེས་བུ་དམ་པ་དེ་དག་གིས་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་སྟེ། རྒྱབ་ཏུ་ཁུར་ཤིང་ཁུར་ཞིང་ལག་ཏུ་ཕྱག་འཁར་བཟུང་ནས། གཅན་གཟན་གྱི་འཇིགས་པ། འབུ་སྲིན་གྱི་འཇིགས་པ། རྐུན་ཇག་གི་འཇིགས་པ། གནམ་གཤིས་ཀྱི་འཇིགས་པ། ངལ་དིབ་ཀྱི་འཇིགས་པ། ལྟོགས་སྐོམ་གྱི་འཇིགས་པ་སོགས། ངལ་བ་ཆད་དུ་བསད། དཀའ་བ་དང་དུ་བླངས། ཉིན་ནས་ཟླ་དང་ཟླ་ནས་ལོ་བསྟུན་ཏེ་བགྲོད་པར་དཀའ་བའི་ཧི་མ་ལ་ཡའི་རི་ཆུ་བརྒྱ་སྟོང་མང་བོ་ཞབས་ཐང་གིས་བགྲོད། རྒྱ་གར་གྱི་སློབ་དཔོན་དག་གི་ཞལ་དཀར་ནག་འཚོས། བདོག་པའི་དངོས་པོ་ཚང་མ་ཕངས་མེད་བཏང་། སྐད་ཡིག་བསླབས། ཆོས་དང་གདམས་པ་གསན། རང་ཉིད་ཀྱིས་ཉམས་སུ་བླངས་ཤིང་། ཉམས་རྟོགས་ཀྱི་ཡོན་ཏན་འཁྲུངས། སྦྱང་བྱའི་ཆོས་ཚན་རེ་རེ་བཞིན་བོད་ཀྱི་སྐད་ཡིག་ཏུ་བསྒྱུར། དེ་ལ་རང་གི་ཉམས་རྟོགས་ཀྱིས་ཟུར་བརྒྱན་ནས་འགྲེལ་བ་བརྩམས། མ་ཡིག་བསྒྱུར་ཡིག་འགྲེལ་བ་དང་བཅས་པ་བསྣམས་ནས། སླར་ཡང་དཀའ་སྡུག་གི་ལམ་འཕྲང་ཀྱག་ཀྱོག་མང་བོ་བརྒྱུད་བོད་ཡུལ་དུ་གདན་དྲངས་པ་རེད། དེ་དག་གི་བཀའ་དྲིན་ལ་བརྟེན་ནས་ཁ་བ་གངས་ཅན་གྱི་ལྗོངས་འདིར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་ལྟ་བུ་མང་དུ་བྱོན་ཞིང་། བོད་ཅེས་པ་འཛམ་གླིང་འདིའི་ཐོག སེམས་ཁམས་འཇིག་རྟེན་གྱི་གནས་ལུགས་མཐར་ཐུག་སྟོན་ཐུབ་པའི་ཤེས་རིག་གི་བདག་པོ་ངོ་མ་དེར་ཆགས་ཡོད། དཔལ་ས་སྐྱའི་གཙུག་ལག་ཁང་གི་དཔེ་ཚོགས་ནས། སྣར་ཐང་དཔར་ཁང་ཆེན་མོ། སྡེ་དགེའི་པར་ཁང་ཆེན་མོ། ལྷ་སའི་ཏང་གི་གསང་བའི་ཡིག་མཛོད་སོགས། བོད་སྔ་ཕྱིའི་མཁས་པ་རྣམ་པས་བརྩམས་པའི་གསུང་འབུམ་གྱི་རྣམ་གྲངས་དང་། བམ་གཏོས་ལ་བསམ་བློ་རེ་བཏངས་ན། ང་ཚོའི་ལུང་བ་འདི་འཛམ་གླིང་འདིའི་སྟེང་ཤེས་རིག་གི་གླེགས་བམ་གྱིས་བརྩིགས་པའི་རྒྱལ་ཁམས་ཤིག་ཡིན་ཞེས། སྤོབས་པ་གཟེངས་སུ་བསྟོད་ནས་སྨྲ་བཞིན་ཡོད། མིག་མཐོང་ལག་ཟིན་གྱི་བདེན་དཔང་དང་། གནས་ལུགས་རྒྱུ་མཚན་གྱི་སྲང་ལ་མ་གཞལ་བར་དོན་དག་ཅིའང་རང་དགར་ཁས་མི་ལེན་པའི་ཚན་རིག་པ་མགོ་མཁྲེགས་ཚོས་ཀྱང་། བོད་ཀྱི་ནང་ཆོས་ལ་གདེངས་འཇོག་ཆེན་པོ་བྱེད་བཞིན་པ་དང་། རྒྱ་གར་གྱི་མཁས་ཆེན་རྣམ་པས། རྗེ་ཙོང་ཁ་པ་དཔལ་ན་ལེན་དྲའི་མཁས་ཆེན་གྱི་ཡང་རྩེར་འགྲོ་ཐུབ་པའི་ཞལ་བཞེས་གནང་བ་དེས། བོད་མི་རིགས་ཀྱི་རྣམ་དཔྱོད་དང་ཤེས་རིག་གི་རིན་ཐང་གསལ་བོར་མཚོན་པར་བྱས་ཡོད། ང་ཚོ་བོད་ཀྱི་མཁས་ཆེན་ཚོས་སེམས་ཁམས་ཤེས་རིག་ལས། དངོས་ཁམས་ཤེས་རིག་གཙོ་བོར་མ་བཟུང་བ་རེད། གལ་སྲིད་དངོས་ཁམས་གཙོ་བོར་བཟུང་ཡོད་ན། ནོས་ཁྲོན་དང་། སྒྲར་བིན། རྒ་ལི་ལེའོ། ཁ་ཕུར་ནེ་ཁ་སི། ནེལ་བྷོ་ཡོལ་ལྟ་བུའི་འཛམ་གླིང་ཡོངས་ཁྱབ་ཀྱི་དངོས་ཁམས་པ་ཆེན་པོ་དག་དང་གདན་ཐོབ་གཅིག་ཏུ་འཛིན་ཐུབ་པ་ལ་ཐེ་ཚོམ་འགངས་ནས་བྱ་མ་དགོས་པ་ཞིག་ཡིན། དེ་ལྟ་བུའི་ཤེས་རིག་གི་དཔལ་ཡོན་ཆ་ཚང་འཛོམས་ས་དེ་བོད་ཀྱི་སྐད་ཡིག་གཉིས་པོ་འདི་མ་གཏོགས་འཛམ་གླིང་འདི་ན་ཡོད་པ་མ་རེད། དེར་བརྟེན་ང་ཚོས་མེས་པོ་དག་གི་རླབས་ཆེན་གྱི་བྱས་རྗེས་དང་། རིག་གཞུང་གི་རིན་ཐང་ངོས་ཟིན་པའི་ཐོག་ནས། ལུས་སྲོག་ལོངས་སྤྱོད་བློས་བཏང་སྟེ་རང་གི་སྐད་ཡིག་གཉིས་སྲུང་སྐྱོབ་རྒྱུན་འཛིན་བྱེད་པ་ནི། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་ལ་འོས་འགན་བླངས་པའི་རླབས་ཆེན་གྱི་བྱ་བཞག་བླ་ན་མེད་པ་ཞིག་ཡིན།
སྐད་ཡིག་སྲུང་སྐྱོབ་དང་། རིག་གཞུང་སྲུང་སྐྱོབ།
ང་ལ་མན་ཇིའི་རིགས་ཡིན་ཟེར་མཁན་དང་། སོག་རིགས་ཡིན་ཟེར་མཁན་གྱི་ངོ་ཤེས་མང་བོ་ཞིག་ཡོད། ཁོང་ཚོར་རང་རང་ལ་རྒྱུ་མཚན་དང་ལོ་རྒྱུས་རེ་བཤད་རྒྱུ་འདུག ཆ་ལུགས་དང་། ཀུན་སྤྱོད། ངོ་གདོང་། སྐད་ཡིག་ཚང་མ་རྒྱ་མི་རང་དུ་གྱུར་ཚར་འདུག རྒྱ་རིགས་ལས་རང་གི་མི་རིགས་ལ་ཆེ་མཐོངས་ཀྱི་སྤོབས་པའང་ཤོར་ཚར་འདུག བོད་ཕྱི་ལོགས་ན་ཡོད་པའི་བོད་པ་ཕལ་ཆེར་གྱིས་རྒྱ་གར་གྱི་སྐད་དང་། ཨིན་ཇིའི་སྐད། བོད་སྐད་བཅས་མཉམ་པོར་བསྲེ་ནས་སྐད་ཆ་ཤོད་ཅིང་། བོད་ནང་ལོགས་ཀྱི་བོད་པ་ཕལ་ཆེར་གྱིས་རྒྱ་མིའི་སྐད་དང་། བོད་སྐད་གཉིས་བསྲེ་ནས་སྐད་ཆ་བཤད་པའི་གོམས་གཤིས་ཤིག་འཇགས་བསྡད་འདུག འདི་རིགས་ལ་ང་ཚོ་མི་རེ་ངོ་རེས་འགན་ཁུར་ཡོད་པའི་ཐོག་ནས་མཉམ་འཇོག་གཟབ་ནན་བྱེད་དགོས་ཀྱི་འདུག ང་ཚོའི་མཚམས་ནས་བོད་ཀྱི་སྐད་ཡིག་རིག་གཞུང་གི་རིན་ཐང་ཚང་མ་ཉམས་རྒུད་དུ་བཏང་བ་ཡིན་ན། མེས་པོ་གོང་མའི་དཀའ་སྤྱད་འབད་བརྩོན་གྱི་ཕྱག་རྗེས་ཚང་མ་བརྩི་མེད་རྒྱང་སྐྱུར་གཏོང་མཁན་དེ་ང་ཚོ་རང་ཉིད་ཆགས་སྲིད་ཅིང་། མ་འོངས་པའི་བོད་མི་རིགས་ཀྱིས་སྡུག་ཡས་སྣ་དགུ་འདོན་ཡུལ་དེའང་ང་ཚོ་རང་ཉིད་ཅི་ལ་མིན། ང་ཚོས་མ་མཐའ་ཡང་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་བར་ཨུ་ཚུགས་མཐའ་སྐྱེལ་བྱེད་དགོས་ཀྱི་འདུག ང་ཚོ་ད་དུང་འཇིག་པའི་མཐའ་ལ་སླེབས་མེད། ང་ཚོའི་མི་རབས་འདིས་རང་ཉིད་ཀྱི་སྐད་ཡིག་ལ་ཨུ་ཚུགས་མཐར་སྐྱེལ་བྱས་ནས། བོད་ཀྱི་མི་རབས་གསར་བ་ལ་རྩིས་སྤྲོད་ཡག་པོ་ཞིག་བྱེད་ཐུབ་ན། བོད་མི་རིགས་ཀྱི་རིག་གཞུང་དང་། སྐད་ཡིག སྣོད་བཅུད་ཁོར་ཡུག་སོགས་ལ། དུས་གསར་རང་བཞིན་གྱི་འོད་སྟོང་འཚེར་ངེས་ཡིན་པར་ཡིད་ཆེས་བརྟན་པོ་བཅིངས་དགོས་ཀྱི་འདུག ཉེ་བའི་ལོ་ཤས་ནང་བོད་ཀྱི་དྲྭ་རྒྱ་མང་བོ་ཐོན་བཞིན་པ་དང་། བོད་སྐད་ཡིག་གི་མཉེས་ཆས་མང་བོ་ཐོན་བཞིན་པ། བཀའ་བསྟན་གྱི་ཡི་གེ་མང་བོ་རྩིས་འཁོར་དུ་འཇུག་བཞིན་པ་དེ་ཚོས། ངས་མ་འོངས་པའི་བོད་ཀྱི་རིག་པའི་ཁ་ཕྱོགས་ད་ནས་གསལ་བོར་མཐོང་ཐུབ་ཀྱིན་འདུག ང་ཚོས་སྐད་ཡིག་ཉམས་རྒུད་དུ་འགྲོ་བཞིན་པ་འདི་ཚོ། གཞན་ལ་ལེ་ཁག་དཀྲིས་ནས་སྡུག་ཡས་སྣ་ཚོགས་འདོན་པ་ལས། བོད་སྐད་ཡིག་རིག་གཞུང་གི་སྲུང་སྐྱོབ་ཟེར་བ་རང་དང་རང་གི་ཁྱིམ་ནས་མགོ་འཛུགས་དགོས་པར་འདོད། ༼༡ བོད་སྐད་ཡིག་གི་སྲུང་སྐྱོབ་དེ་ང་ཚོ་རང་ཉིད་ནས་མགོ་འཛུགས་དགོས། རྒྱ་དཀར་ནག ཨ་རི་ཡོ་རོབ་སོགས་ཕྱིའི་རྒྱལ་ཁབ་གང་གིས་ཀྱང་ང་ཚོའི་སྐད་ཡིག་སྲུང་སྐྱོབ་དང་ཡར་རྒྱས་གཏོང་གི་མ་རེད། རང་ཉིད་ཆ་འཕྲིན་དྲྭ་རྒྱའི་ཨ་མ་ཞིག་ཡིན་པའི་དབང་དུ་བཏང་ན། རང་དང་འབྲེལ་བའི་བོད་པ་དག་ནི། ཨ་མ་དེ་དང་འབྲེལ་བའི་ཡན་ལག་གི་ཆ་ཤས་རེ་རེ་ཡིན་ཞིང་། རང་ཉིད་ཀྱིས་བོད་སྐད་བཤད། བོད་ཡིག་བྲིས། བོད་དཔེ་ཀློག རང་ཉིད་ཀྱི་ཁྱིམ་ཚང་དང་། བུ་བུ་མོ། གྲོགས་པོ་གྲོགས་མོ་ནང་ཕན་ཚུན། བོད་ཀྱི་སྐད་ཡིག་གཉིས་དོན་གནད་ཆེན་པོར་བཞག་ནས་བེད་སྤྱོད་གཏོང་དགོས། རང་ཉིད་ནས་ཁྱིམ་ཚང་དང་། ཁྱིམ་ཚང་ནས་གྲོགས་པོ་གྲོགས་མོ། གྲོགས་པོ་ནས་གྲོགས་པོའི་གྲོགས་པོ་སོགས་ལ། བོད་སྐད་ཡིག་གི་ཉེན་ཚབས་རང་བཞིན་དང་། བོད་སྐད་ཡིག་གི་རིན་ཐང་སོགས་ངོས་ཟིན་དུ་འཇུག་དགོས། ངས་གྲོགས་པོ་བཅུར་བོད་སྐད་ཡིག་བེད་སྤྱོད་གཏོང་དགོས་བའི་སྐུལ་མ་ཐེབས་ཐུབ་ཅིང་། དེ་དག་རེ་རེས་རང་རང་གི་གྲོགས་པོ་བཅུར་དེ་ལྟར་བྱེད་ཐུབ་ལ། འདི་ཚོ་གཙོ་བོ་དྲྭ་ལམ་དང་། ཁ་པར། གློག་འཕྲིན། མྱུར་འཕྲིན། ཡིག་འགྲུལ་སོགས་བརྒྱུད་སྟངས་སྣ་ཚོགས་ཡོད་པ་རེད། དེ་ལྟར་ང་ཚོ་མི་རེ་ངོ་རེས་བྱེད་ཐུབ་ཚེ། བོད་སྐད་ཡིག་བེད་སྤྱོད་འགྲིམ་འགྲུལ་དེ། བོད་རིགས་ཁྱོན་ཡོངས་སུ་འགྲོ་ཐུབ་པའི་ལམ་ཁ་ཡོད། ༼༢ བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་གྱི་རྐང་། དགོན་པ་དང་། གྲྭ་ཚང་དག་གིས་ཁུར་ཐུབ་ན་དགེ་མཚན་ཆེན་པོ་ཡོད། བོད་ཀྱི་སྲོལ་རྒྱུན་ནང་། ཆོས་བྱེད་དགེ་འདུན་གྱི་སྡེ་མ་གཏོགས་བོད་ཡིག་སློབ་སྦྱོང་གི་སྲོལ་ཀ་ཆེར་བྱུང་མེད། རྐྱེན་དེས་བོད་རིགས་བརྒྱ་ཆ་བདུན་ཅུ་ཡས་མས་ཡིག་རྨོངས་ལས་གྲོལ་ཡོད་པ་མ་རེད། འགྲོ་སྟངས་འདིར་འགྱུར་བ་གཏོང་རྒྱུ་ཕྱིས་དྲགས་ཡོད། དགེ་འདུན་པའི་སྡེ་ནི་བོད་ཀྱི་ཤེས་རིག་གི་རྨང་གཞི་འཛིན་མཁན་ཞིག་དང་། སངས་རྒྱས་ཆོས་ལུགས་ཀྱི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཉམས་སུ་ལེན་མཁན་ཞིག་ཡིན་པའི་ཆ་ནས། རང་ཉིད་ལ་འདི་ཕྱིའི་སྐྱབས་བཅོལ་བའི་བོད་མི་རིགས། ཡིག་རྨོངས་ལས་གྲོལ་ཐབས་དགེ་བའི་ལས་ལ་འཇུག་པ་དེ། ལྷ་ཆོས་མི་ཆོས་གང་གི་ཆ་ནས་ཀྱང་འོས་ཤིང་མཚམས་པ་ཞིག་ཡིན། འདི་ནི་ཆབ་སྲིད་དང་མི་རིགས་འཐབ་རྩོད་ཀྱི་གནད་དོན་ཞིག་མ་ཡིན་པར། མའོ་ཚེ་ཏུང་གིས། ༼མི་མང་ལ་ཞབས་འདེགས་ཞུ་བ༽ཞེས་པ་དང་། རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་གི་རྩ་ཁྲིམས་དོན་ཚན་བཅུ་བའི་ནང་དོན༼མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།༽ཞེས་པ་དང་༼དོན་ཚན་སོ་བདུན་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་རང་ཐག་རང་གཅོད་ཀྱི་སྒོ་ནས་མི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་བཏང་སྟེ་ཡིག་རྨོངས་བསལ་རྒྱུ་དང༌།༽ཞེས་པ་སོགས་དང་ཀུན་ནས་མཐུན་པ་ཞིག་ཡིན། བོད་ཀྱི་དགེ་འདུན་པ་ཚོ་མ་བསྐུལ་དང་བླངས་ཀྱི་སྒོ་ནས། གཞི་རིམ་མང་ཚོགས་ཀྱི་ཁྲོད་ཕེབས་ནས་རང་གི་སྐད་ཡིག་འབྲི་ཀློག་སློབ་གསོའི་ཞབས་འདེགས་ཞུ་དགོས་ཀྱི་འདུག བོད་ཡུལ་ཕལ་ཆེར་ན་གྲོང་ཚོ་རེར་དགོན་པ་དང་ཆོས་སྡེ་རེ་ཡོད་པ་རེད། དེ་ཚོའི་ནང་མ་མཐའ་ཡང་བདུན་ཕྲག་རེ་ཐེངས་གཅིག་གྲོང་གསེབ་དང་། གྲོང་བརྡལ། གྲོང་ཁྱེར་ཁག་ཏུ་ཕེབས་ནས་བོད་ཀྱི་སྐད་ཡིག་འབྲི་ཀློག་ཤོད་གསུམ་གྱི་བྱ་བཞག་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་མི་རིགས་སློབ་གསོའི་བྱ་འགུལ་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་འཕྱར་གྲུ་མཉམ་འདེགས་བྱེད་དགོས། དེ་བཞིན་བོད་ཀྱི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་ལ་སྣང་ཆུང་བྱེད་པའི་བོད་མི་དག་ལ་མཐོངས་མི་བྱེད་ཅིང་། བོད་སྐད་ཡིག་བརྩི་མཐོངས་ནུས་པ་འདོན་པའི་མི་རྣམས་ལ་བཀུར་གཟོས་བདག་རྒྱན་གྱི་བྱ་དགའི་གཟེངས་བསྟོད་འབུལ་བ་སོགས། མདོར་ན། བོད་རིགས་ཁྱོན་ཡོངས་གཞི་རྩའི་ཡིག་རྨོངས་ལས་གྲོལ་ཐབས། དགེ་འདུན་པ་ཚོས་དང་བླངས་ཡིག་རྨོངས་སེལ་བའི་འཕྲལ་སེལ་དགེ་རྒན་གྱི་ལས་འགན་འཁྱེར་ཐུབ་ན་དགེ་མཚན་ཆེན་པོ་འབྱུང་ཐུབ་པར་འདོད། ༼༣ བོད་སྐད་ཡིག་གཉིས་གཏན་དུ་གནས་ཐུབ་མིན་ནི། སྐད་ཡིག་དེ་གཉིས་བཀོལ་སྤྱོད་གཏོང་སའི་ཁོར་ཡུག་འཐུས་ཚང་ཞིག་ཡོད་མེད་དང་། དེའང་ཁོར་ཡུག་དེ་ལ་བརྟེན་ནས་འཚོ་གནས་ལ་ཕན་ཐོགས་ཡོད་པ་སྟེ། བོད་ཡིག་ལ་བརྟེན་ནས་ཡོང་འབབ་བམ་ཁེ་ཕན་ཡོད་མེད་ལ་ལྟོས་ཚབས་ཆེན་པོ་ཡོད། འདིའི་ཐད་བོད་ཀྱི་འབྱོར་ལྡན་དང་ཚོང་རིགས་དག་གིས། འགན་ཁྱེར་ཐུབ་མིན་ལ་བསམ་བློ་གཏོང་འོས་པ་ཞིག་ཡིན། དཔེར་ན། འཇོན་ནུས་ཅན་དག་གིས་འཕྲལ་གྱི་ཁེ་ཕན་གཅིག་པུར་བསམ་བློ་མ་བཏངས་པར། བོད་གངས་ཅན་གྱི་ཕུགས་རྒྱང་རིང་བོའི་འཚོ་གནས་ཀྱི་ཁེ་ཕན་གཙོ་བོར་བཟུང་ནས། བོད་ཡུལ་རང་ནས་བཟོ་གྲྭ་དང་། ཡུལ་སྐོར་སྤྲོ་འཁྱམས། མགྲོན་ཁང་། སྐྱེལ་འདྲེན། རང་ཡུལ་གྱི་ཐོན་རྫས་ཕྱིར་ཚོང་ལྟ་བུའི་ཚོང་རར་བསམ་བློ་གཏོང་རིགས་ཤིང་། དེའང་ལས་གྲྭ་དེ་དག་གི་ནང་སྐད་ཡིག་གི་འགྲིམ་འགྲུལ་དེ་བོད་པ་རང་གི་སྐད་ཡིག་གཙོ་བོར་འཛིན་དགོས་ཤིང་། ལས་བྱེད་དག་ལའང་བོད་ཀྱི་སྐད་ཡིག་འབྲི་ཀློག་སྤྱོད་གསུམ་གྱི་ཤེས་ཚད་རང་སྐྱ་འཕེར་བའི་སྔོན་འགྲོའི་ཆ་རྐྱེན་འདོན་རིགས། སྒོ་བྱང་དང་། ལས་ཤོིག ལས་ཐམ། ཐོ་ཡིག དཔང་ཡིག འཛིན་ཡིག ཆོད་ཡིག་སོགས་བོད་ཡིག་གི་ཐོག་འབྲི་དགོས་པའི་སྲོལ་ཀ་དར་ཐབས་ལ་འབད་དགོས། དེ་ནི་ཟ་ཁང་དང་། ཚོང་ཁང་། ཇ་ཁང་སོགས་ལའང་གཅིག་མཚུངས་རེད། ཉེ་ཆར་ངས་ལྷ་སས་གཙོས་བོད་ཁུལ་གྲོང་དང་གྲོང་ཁྱེར་ཁག་ཅིག་གི་བཟོད་བཀོད་བརྙན་འཕྲིན་ཞིག་མཐོང་རྗེས། རྒྱའི་ངག་རྒྱུན་ན་ཡོད་པའི༼གནམ་ས་བླ་འོག་སྡེབ་པ་ལྟ་བུའི༽འཕོ་འགྱུར་བྱུང་འདུག འགྱུར་བ་དེ་ནི་ལོ་གྲངས་བཅོ་ལྔ་ཡས་མས་ཀྱི་འགྱུར་ལྡོག་ཅིག་རེད། ཧང་སེང་བ་ཞིག་རེད། གནའ་བོའི་བོད་ཀྱི་རྣམ་པ་ཕལ་ཆེར་རྒྱ་ལུགས་རང་དུ་ཆགས་ཚར་འདུག ད་ང་ཚོས་བོད་ཀྱི་སྐད་ཡིག་གཉིས་སྲུང་སྐྱོབ་ཆེད་རང་རང་ས་ནས་ཨུ་ཚུགས་ཚུན་ཆད་བྱས་ཏེ། སྐད་ཡིག་རྒྱུན་འཛིན་གྱི་ལས་འགུལ་སྤེལ་དགོས་ཀྱི་འདུག ང་ཚོས་ཐང་གི་རྡོ་ལེན་ས་ནས། རུམ་གྱི་བྲོ་ལྷུང་རྒྱུའི་ཉེན་ཁ་ཆེན་པོ་འདུག བྲོ་མེད་ན་མུ་གེར་འཆི་བ་ལས་ཡོང་རྒྱུ་ཅིའང་ཡོད་པ་མ་རེད། ངས་བསམས་ན་མང་གཙོ་དང་། རང་དབང་། ཆོས་དད་སོགས་ཆེན་པོ་དག་རྩོད་པ་ལས། རང་གི་སྐད་དང་ཡི་གེ་འབྲི་ཀློག་སྤྱོད་གསུམ་གྱི་ལས་འགན་རང་མལ་ནས་ཁུར་ཏེ། བོད་ཀྱི་མི་རབས་གསར་བ་ཁྱོན་ཡོངས་ནས། བོད་སྐད་ཡིག་གི་བདག་པོར་འགྱུར་ཐུབ་པའི་བྱ་བཞག་དམིགས་འབེན་དུ་བཟུང་ན། ད་གདོད་བོད་གནས་ཐུབ་པའི་ལམ་ཁ་མ་ནོར་བ་རེད་ལ། མ་འོངས་པའི་ཕུགས་འདུན་ཡང་དེ་ལ་བརྟེན་ནས་འགྲུབ་རྒྱུ་ཡིན་པའི་གོ་རྟོགས་སད་དགོས།
དངོས་གནས་ཡག་པོ་ཅིག་བྲིས་འདུག།ཡིན་ནའང་།གྲོགས་པོ་དེང་སང་གི་བོད་གཞོན་གསར་ཞེན་ཨ་གསར་ཆེ་བའི་མི་བུ་སྒལ་ཚིགས་ཅན་ཚོས་རྣམ་དཔྱོད་ལྡན་ལ་འཕྲལ་ཕུགས་རྒྱང་གསུམ་མཐོང་བའི་དཔྱད་རྩོམ་འདི་འདྲར་ཐུགས་མཉེས་ཀི་མ་རེད།
སྐབས་འཕྲལ་ཚོར་བ་ཡར་འཇོག་མར་བརྡབ་ཀྱི་ཁ་གཡང་འདྲ་པོ་སྒྲོགས་དང་དེའི་བསླུ་བྲིད་རྗེས་སུ་ཁྱི་བཞིན་དུ་རྒྱུགས་ཀི་རེད།
ཐུགས་རྗེ་ཆེ། ཡག་པོ་ཞེ་དྲག་བྲིས་འདུག
ང་རང་ངོས་ནས་དེ་རིང་ནས་དམ་བཅའ་བཞག་པ་ཡིན།
ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་བཅོས་མིན་ལྷག་བསམ་ཞིག་གིས་འདི་འདྲ་རེ་རེ་བྲིས་ཀྱང་། བོད་ཀྱི་རིག་གཞུང་ལ་ཞབས་ཞུ་སྒྲུབ་པ་ཡིན་ངེས་ན„„། ཨ་གསར་མ་ཡིན་པར་མུ་མཐུད་རྒྱུན་སྐྱོང་རོགས་གནང་།
རྩོམ་རིགས་འདི་ནི་བོད་མི་རིགས་ཀྱིས་སྐད་ཡིག་གི་ཛ་དྲག་གནས་རིམ་ང་མོ་བརྗོད་འདུག རྒྱབ་སྐྱོར་ཡོད།
ངོ་མ་བརྗོད་འདུག