རྔ་བ་རྒྱལ་ཁམས་པ།
༄།། མ་ཡུམ་ལགས། གངས་ལྗོངས།
བརྗིད་ཆགས་གངས་ཀྱི་རི་བོ་ཉི་ཟླའི་འཁོར་ས།།
རྔམ་སྟུག་ནགས་ཀློང་ཕྱུག་མོ་སྲིད་པའི་རལ་བ།།
དགོང་སྔོན་ཞུ་བའི་ཆུ་བོ་མཐའ་ལ་འབབ་ས།།
ང་ཡི་སྙིང་གི་ཕ་ཡུལ་སེམས་ཀྱི་དྲན་ཤིང་།།
མུ་མེད་བས་མཐར་འཁྱམས་པའི་རྣམ་ཤེས་གྱོང་བོ།།
ལས་རླུང་འཕྲུལ་གྱི་མདའ་མོའི་སྐེ་ལ་ཐོགས་ནས།།
མ་ཡུམ་ཁྱེད་ཀྱི་ལྟོ་བར་ཤུགས་ཀྱིས་འཛུལ་དུས།།
གངས་ལྗོངས་མ་མའི་སྐྱེ་ཁམས་སྲོག་ལ་ཐིམ་སོང་།།
ཟླ་དགུ་ཞག་བཅུའི་གསང་གཏམ་སྙིང་ལ་བཅིངས་ནས།།
འཇིག་རྟེན་སྣང་བ་དཀར་བོའི་མགྲོན་དུ་ཡོང་དུས།།
རབ་རིབ་མིག་གིས་མཐོང་བའི་ཐོག་མའི་གཟུགས་བརྙན།།
མ་ཡུམ་ཁྱེད་ཀྱི་བྱམས་བརྩེའི་འཛུམ་མདངས་ཡིན་ངེས།།
གང་འདོད་ལོངས་སྤྱོད་འཛད་སྙིང་ཡིད་ལ་མེད་ཅིང་།།
བག་ཡངས་བྱིས་པའི་དགའ་རྩེད་མེ་ཏོག་ཐང་དུ།།
ཡང་ཡང་འཁྱམས་པའི་སྐྱིད་སྙམ་རྙེད་དཀའི་སྣང་བ།།
བསམ་བཞིན་བསམ་བཞིན་མ་ཡུམ་ཁྱེད་ཉིད་དྲན་སོང་།།
ཁ་ཁོག་གཅིག་པའི་ཁ་ཡ་ན་ཟླ་མཉམ་དུ།།
བོད་རྒྱ་ཡིག་རིགས་མི་འདོད་སློབ་སྦྱོང་བྱ་སྐབས།།
ཤེས་རིག་ཡོན་ཏན་ཟེར་བའི་རྩིས་ཐང་ཅན་པོ།།
གལ་ཆེན་ཡིན་པའི་རྒྱུ་མཚན་སེམས་ལ་མ་དྲན།།
སྣང་བ་བན་བུན་ཟ་ཟིའི་འདུ་ལོང་ཁྲོད་ནས།།
འཁོར་བར་ཕྱི་ཕྱག་སེར་མོའི་གོས་ཤིག་བགོས་ཏེ།།
གནས་ལུགས་ཆོས་ལ་བལྟ་བའི་སྐལ་བ་བཟང་བོ།།
གངས་ལྗོངས་མ་ཡུམ་ཁྱེད་ཀྱི་བཀའ་དྲིན་ལོས་ཡིན།།
སྟོད་ན་གངས་ཀྱི་རི་བོའི་བླ་མཁར་མཐོ་ཞིང་།།
བར་ན་སྤང་ཐང་གཡུ་ཡི་མཚོ་མོ་འཁྱིལ་འདྲ།།
སྨད་ན་རྒྱ་རྫོང་ནགས་ཀྱི་འདབས་ར་ཡངས་པོ།།
མ་ཡུམ་ཁྱེད་ཀྱི་སྐུ་ལུས་སྲིད་པའི་རྒྱན་ཆ།།
གནས་ལུགས་ཤེས་པའི་མེས་པོ་བསམ་ཤེས་ཅན་གྱིས།།
མཐོན་པོའི་ལ་རྩེ་རི་རྩེ་བསང་གིས་བསྟོད་ཅིང་།།
དམའ་མོའི་ས་ཆུ་ལྷ་དང་ཀླུ་ལ་བཅོལ་ནས།།
མ་ཡུམ་ཁྱེད་ཀྱི་ཟུང་བཅུད་དགེ་བས་གསོས་འདུག།
དབྱར་དུས་རྩི་ཐོག་སྨན་གྱི་དྲི་བསུང་ཞིམ་པོ།།
དགུན་དུས་ཁ་བ་དཀར་བོའི་གྲང་རེག་རྩུབ་མོ།།
རླུང་གིས་ལྡེམ་པའི་སྟོན་ཐོག་གར་གྱི་སྙེ་མ།།
དཔྱིད་དཔལ་འཛོམས་པའི་མ་ཁྱོད་དྲན་པའི་ཡུལ་རེད།།
སྐར་ཚོགས་འཛུམ་པའི་ནམ་མཁའ་གཡུ་ཡི་གུར་ཁང་།།
རྒྱུ་བའི་སྤྲིན་པ་ངོ་མཚར་སྣང་བའི་རི་མོ།།
ཟབ་གསེང་འབྲུག་སྒྲའི་བྲག་ཅས་རི་སུལ་ལྟེབ་ས།།
གངས་ལྗོངས་མཚར་སྡུག་མ་བཅོས་སེམས་ཀྱི་རྨི་ལམ།།
འཇའ་ཚོན་འགྲེམས་པའི་འབབ་ཆུ་ཤེལ་གྱི་ཡོལ་བ།།
ཆར་ཆུ་གཙང་མའི་བང་མཛོད་ནོར་བུའི་མཚོ་མོ།།
འབབ་པའི་གཙང་བོ་ཆེ་ཆུང་ནམ་མཁའི་འཐབ་ཡ།།
མ་ཡུམ་ཁྱེད་ཀྱི་ཟུང་ཁྲག་བདུད་རྩིའི་མཆོད་ཆང་།།
འབྲོག་པའི་དབྱངས་ལ་འཁྱིལ་བའི་རྟ་ནོར་ལུག་ཁྱུ།།
རོང་བའི་སེམས་ན་འཁྱིལ་བའི་འབྲུ་རིགས་སྣ་ལྔ།།
རོང་འབྲོག་སྙིང་ལ་འཁྱིལ་བའི་ཕུ་ནུའི་ཞེན་ཁོག།
མ་ཡུམ་ཁྱེད་ཀྱིས་གནང་བའི་བརྩེ་སེམས་ལོས་ཡིན།།
བྱམས་བརྩེ་གཏིང་ན་འཁྱིལ་བའི་ཡི་གེ་དྲུག་མ།།
ཤ་ཁྲག་རུས་པར་ཐིམ་པ་མེས་པོའི་གཤིས་སྤྱོད།།
རང་ཚུགས་བཤིགས་ཀྱང་མི་འཇིག་སྐད་དང་ཡི་གེ།
མ་ཡུམ་ཁྱེད་ཀྱི་བུ་རྒྱུད་སྤྲེལ་ཚ་རིགས་བཞི།།
གཙང་མའི་ཆུ་མིག་མ་འཐུང་རིང་ཞིག་ལོན་སོང་།།
མེ་ཏོག་གདན་དུ་མ་བཏངས་ཡུན་རིང་འགོར་སོང་།།
ཕྱིང་བུའི་གདན་ལ་མ་བསྡད་ཡུན་རིང་ལོན་སོང་།།
ཚར་རྩག་དྲི་མ་མ་བསྣམས་ཡུན་རིང་འགོར་སོང་།།
ཕྱུག་རྫིའི་འུར་སྒྲ་མ་གོ་ཡུན་རིང་འགོར་སོང་།།
རྫ་མགོའི་ཀོས་མོ་མ་མཐོང་ཡུན་རིང་འགོར་སོང་།།
ཁུ་བྱུག་སྐད་སྙན་མ་གོ་ཡུན་རིང་འགོར་སོང་།།
འགྲུལ་བའི་ཀི་སྒྲ་མ་ཐོས་ཡུན་རིང་འགོར་སོང་།།
ལ་ཁའི་རྡོ་འབུམ་མ་བསྟོད་ཡུན་རིང་འགོར་སོང་།།
བསང་གསུར་དྲི་མ་མ་ཚོར་ཡུན་རིང་འགོར་སོང་།།
མཚམས་པའི་ཏིང་ཤགས་མ་ཐོས་ཡུན་རིང་འགོར་སོང་།།
རྩོད་པའི་ཐལ་སྒྲ་མ་གོ་ཡུན་རིང་འགོར་སོང་།།
ན་ཟླའི་ཁ་ཤག་མ་ཐོས་ཡུན་རིང་ལོན་སོང་།།
སྨུག་པོའི་རི་ལུང་མ་བགྲོད་ཡུན་རིང་འགོར་སོང་།།
ཚོ་བའི་སྲན་མ་མ་བརྐུས་ཡུན་རིང་འགོར་སོང་།།
ཀོག་གཞུས་བྱ་བྱེའུ་མ་བསད་ཡུན་རིང་འགོར་སོང་།།
ཨ་ཁུའི་དངུལ་ལོ་མ་བརྐུས་ཡུན་རིང་འགོར་སོང་།།
གནག་ཕྱུགས་ལྕི་བ་མ་བཏུས་ཡུན་རིང་འགོར་སོང་།།
རྩྭ་ཐུན་ཤིང་ཐུན་མ་བྱས་ཡུན་རིང་འགོར་སོང་།།
ནས་རྡུང་གྱང་རྡུང་མ་བྱས་ཡུན་རིང་འགོར་སོང་།།
སྲོལ་རྒྱུན་ལོ་སར་མ་བཏང་ཡུན་རིང་འགོར་སོང་།།
ནས་གཅོད་སྟོན་མོ་མ་བྱས་ཡུན་རིང་འགོར་སོང་།།
རྟ་རྫིའི་ཕྱིང་ཞྭ་ཕུད་ནས་ཡུན་རིང་འགོར་སོང་།།
ནག་ལི་འགྲོས་བཟང་མ་ཞོན་ཡུན་རིང་འགོར་སོང་།།
ལ་ཆུ་ལོ་ཆུ་མ་འཐུང་ཡུན་རིང་འགོར་སོང་།།
ཤ་མར་ཐུད་གསུམ་མ་ཟོས་ཡུན་རིང་འགོར་སོང་།།
ཞོ་རྩམ་ལུག་མགོ་མ་ཟོས་ཡུན་རིང་འགོར་སོང་།།
ན་གཞོན་རྐང་གཤིབ་མ་འགྲན་ཡུན་རིང་འགོར་སོང་།།
སྐེ་འདྲུད་ཐག་འདྲུད་མ་འགྲན་ཡུན་རིང་འགོར་སོང་།།
ཟན་ཙོ་སྔོན་ཐང་མ་འཐུང་ཡུན་རིང་འགོར་སོང་།།
ལོག་འགྲོ་བསམ་ཀྱང་རང་ཡུལ་བཙན་པོའི་དབང་འོག།
བསྡད་འདུག་བསམ་ཀྱང་འདུག་ས་མི་ཡི་ལུང་པ།།
ཡར་ལ་ལངས་ན་དྲན་རྒྱུ་གནམ་མཐའི་ཕ་ཡུལ།།
ས་ལ་བསྡད་ཀྱང་ཤོད་འདོད་ང་ཚོའི་སྐྱིད་སྡུག།
གང་ལ་བསམས་ཀྱང་མི་ཡུལ་ས་མཐའ་འདི་ལ།།
གཏན་སྡོད་རྫོགས་ཚིག་འབྲི་བའི་དུས་ལ་བབ་འདུག།
མ་ཡུམ་ལགས།
གང་ལ་སོང་ན་ཁྱོད་དྲན། གང་དུ་བསྡད་ན་ཁྱོད་དྲན།
གངས་ལྗོངས་ལགས།
རི་འབའ་འབིར་རིག་ན་ཁྱོད་དྲན། དགུན་ཁ་བ་བབས་ན་ཁྱོད་དྲན།
མ་ཡུམ་གངས་ལྗོངས་དྲན་པ་ཁག་ཅི་ཡོད། །
ཐོག་མའི་ལྟེ་ཕྲག་འཐོར་སའི་ས་ཆ་རེད། །
མ་ལོའི་ནུ་ཞོ་ཐོག་མར་འཐུང་ས་རེད། །
རྐང་མཐིལ་དང་བོ་ཐང་ལ་སྤོས་ས་རེད། །
མ་ཡུམ་གངས་ལྗོངས་དྲན་པ་ཁག་ཅི་ཡོད། །
ན་ཆུང་བྱིས་པའི་དུས་ཀྱི་རྩེད་ར་རེད། །
དཔེ་ཁུག་རྒྱབ་ལ་ཐོག་མར་ཁུར་ས་རེད། །
དགེ་རྒན་གསུང་སྐད་དང་བོར་ཐོས་ས་རེད། །
མ་ཡུམ་གངས་ལྗོངས་དྲན་པ་ཁག་ཅི་ཡོད། །
སྦྲང་དཀར་རྩམ་པ་ཐོག་མར་ཟོས་ས་རེད། །
འབྲུ་མོའི་འོ་ཞོ་ཐོག་མར་འཐུང་ས་རེད། །
ཤ་མར་ཐུད་གསུམ་དང་བོར་ཟོས་ས་རེད། །
མ་ཡུམ་གངས་ལྗོངས་དྲན་པ་ཁག་ཅི་ཡོད། །
དང་བོར་གཞོན་པའི་སྣང་བ་ཁུར་ས་རེད། །
བར་དུ་ན་ཆུང་དགའ་རོགས་བསྒྲིགས་ས་རེད། །
མཐའ་མར་ཕྱི་རོལ་ཡུལ་ལ་བྲོས་ས་རེད། །