རྔ་བ་རྒྱལ་ཁམས་པ།
གནམ་དམག་གིས་མཁའ་དབྱིངས་བཀབ་ཅིང་།
རྐང་དམག་གིས་ས་གཞི་གཡོགས་པའི་དུས་དེ་ནས་བཟུང་།
མཐོ་སྒང་ན་དབུགས་ལྷེམ་ལྷེམ་དུ་འཚོ་བའི་གསོན་སྙིང་དྲོན་མོ་ཞིག
མི་འདོད་བཞིན་དུ། དབང་མེད་དུ། འདི་ལྟར་ཕྱོགས་གཉིས་སུ་གྱེས་དགོས་བྱུང་།
སྙིང་དེ་ནི་དཀྱུས་མའི་སྙིང་ཞིག་མ་ཡིན་པར།
ཤ་རུས་ཁྲག་རྒྱུད་ཀྱི་མགོ་ཁུངས་ཡོད་ཅིང་།
སྐད་ཡིག་རིག་གཞུང་གི་མ་ལག་འཛོམས་པའི་མི་རིགས་ཤིག་གི་སྙིང་རེད།
སྙིང་འདི་ཇི་ལྟར་ཁ་སོ་སོར་འཐོར་རུང་།
སྙིང་འདིའི་སྲོག་རྩ་ཨ་ཕའི་སྨྲ་བརྗོད་ཀྱི་ཁ་སྐད་གཙང་མ་དང་།
སྙིང་འདིའི་ཟུང་བཅུད་ཨ་མའི་སླད་མེད་ཀྱི་དད་འདུན་ཞིག་དང་།
ཤ་འདྲེས་ལྤགས་འདྲེས་སུ་གནས་ཡོད་པས།
ད་གདོད། ང་ཚོ་སྟེ་བོད་དང་། བོད་མི་རིགས།
བོད་རིགས་སྤུན་ཟླ། ཕུ་ནུ་མིང་སྲང་ཞེས།
སྐྱིད་སྡུག་མཉམ་མྱོང་གི་གནས་ལུགས་བཟློག་ཏུ་མེད་པ་དེ་བྱུང་བ་རེད།
ངའི་སྙིང་ནས་བརྩེ་བའི་ཕུ་ནུ་སྤུན་ཟླ་རྣམ་པ།
ངའི་སེམས་ནས་དུང་བའི་དཔའ་བོ་དཔའ་མོ་རྣམ་པ།
འདི་འདྲའི་དཀའ་སྡུག་ཅིག་ང་ཚོས་ཅིའི་ཕྱིར་མྱོང་དགོས་བྱུང་བ་རེད།
ཅིག་ཐེངས་ན། ང་ཚོས་ད་དུང་གནའ་བོའི་ཐང་བོད་དམག་འཁྲུགས་ཀྱི་ལས་འཕྲོ་ཞིག་སྐྱོང་བཞིན་པའམ།
ཡང་ན། མཇུག་བསྡུ་བཞིན་པ་ཞིག་ཀྱང་ཡིན་ལས་ཆེ།
ང་ཚོས་མཐོང་སོང་། ང་ཚོས་ཁྱེད་ཚོའི་མཐའ་མེད་པའི་སྙིང་སྟོབས་དང་།
ངོ་མཚར་བའི་རླབས་ཆེན་གྱི་སྒུལ་སྐྱོད་དག་མཐོང་སོང་།
འཛམ་གླིང་འདིའི་སྒང་། རང་ཉིད་ཀྱི་ཆེད་གཞན་རྩ་མེད་དུ་བཟོ་བ་ནི།
ཇི་འདྲའི་མུན་ནག་གི་འཁྲུལ་སྣང་ཚབས་ཆེན་ཞིག་ཡིན་ཡང་།
ཁྱེད་རྣམ་པས། གཞན་དོན་དང་། བདེན་དོན། གནས་ལུགས་ཀྱི་ཆེད།
རང་ཉིད་ཀྱི་གཅེས་པའི་ལུས་སྲོག་མེ་ལ་བསྒྲོན་ནས།
འཁྲུལ་སྣང་གི་ལྟ་སྤྱོད་དེ་དག་ལ་རྒྱུ་འབྲས་ཀྱི་ལམ་བསྟན།
མཁྲེགས་འཛིན་གྱི་རྨོངས་ཡས་དེ་དག་ལ་གནས་ལུགས་ཀྱི་གཏན་ཚིགས་བཀོད།
ཧམ་སེམས་དང་བསླུ་བྲིད་ཀྱི་གཡོ་སྒྱུ་དེ་དག་ལ།
ནམ་ཡང་འགྲུབ་མི་སྲིད་པའི་དཔང་རྟགས་བཞག
དེ་འདྲ་ཞིག་ཡིན་ཀྱང་ལོས་ཡིན།
ཁྱེད་རྣམ་པ་ནི། སྲུང་བཙན་སྒམ་པོའི་དགོངས་པ་ལ་རྒྱབ་བསྔས་ཤིང་།
བློན་ཆེན་མགར་གྱི་རྣམ་དཔྱོད་ལ་རྡོ་རྩ་གཏོད་པ།
༧རྒྱལ་དབང་སངས་རྒྱས་གཉིས་པའི་རླབས་ཆེན་གྱི་ཐུགས་རྒྱ་ཡངས་པོར།
ཞལ་གྱིས་ཕྱོགས་བཞིན་པའི་དུས་རབས་ཀྱི་ཤམ་བྷ་ལའི་ལྷ་དམག་གི་ཁྱུ་ཚོགས་ངོ་མ་དེ་རེད།
ངས་ས་མཐར་སྐོར་གྱིན་སྐོར་གྱིན། ངས་བསམ་བློ་གཏོང་གིན་གཏོང་གིན།
ང་ཚོའི་མ་འོངས་པ་དང་། ང་ཚོའི་མངོན་འདོད་ཀྱི་རྨི་ལམ་ཡོད་ཚད།
ང་ཚོ་རང་ཉིད་ཀྱི་ལག་ན་ཡོད་པ་གསལ་བོར་རྟོགས་ཤིང་།
དེ་ལས་ཀྱང་། ཁྱེད་ཚོ་ནི་འཕྲུལ་ཆས་ཤིག་གི་ཨ་མ་དང་འདྲ་བར།
ང་ཚོའི་ཕུགས་འདུན་དང་། སྒུལ་ཤུགས་ཀྱི་ནུས་པའི་སྲོག་རྩ་རེད།
ངས་འདི་ནས་ལག་གཉིས་ཐལ་མོ་སྦྱར། པུས་གཉིས་ས་ལ་བཙུགས་ཏེ།
ཁྱེད་རྣམ་པའི་ལྷག་བསམ་དང་སྙིང་སྟོབས་ལ་གུས་བཀུར་དང་།
བཀའ་དྲིན་ལ་རྗེས་དྲན་ཡི་རངས་ཞུ་བཞིན་ཡོད།
ངོ་མ་བཤད་ན། ༼འཆི་བ་ངེས་ཅན་དང་། ནམ་འཆི་ངེས་མེད།༽
༼འདུས་བྱས་མི་རྟག་པ༽ཞེས་པའི་སྡོམ་ཚིག་ལྟར།
འཇིག་རྟེན་ནི་སྐྱེ་འཇིག་བྱེད་བཞིན་ཡོད་ཆོས་ཉིད་ཀྱི་གྲུབ་ཚུལ་ཞིག་རེད།
འོན་ཏེ་ཁྱེད་ཚོའི་སྐྱེ་འཇིག་ནི། ཕལ་བའི་སྐྱེ་འཇིག་ཞིག་དང་ག་ལ་འདྲ།
བོད་ཀྱི་ཁ་དཔེར། ཝ་རྔ་མ་ཤར་རེ་འབྲོ་བ་ལས།། སྟག་འཛུམ་དྲུག་ཉིལ་ལེ་ཤི་ན་དགའ།།
ཞེས་པ་ལྟར། ཁྱེད་ཚོ་ནི་སྟག་འཛུམ་དྲུག་ཉིལ་ལེ་ཕྱི་མཐའི་ཞིང་ཁམས་སུ་ཕེབས་སོང་།
དེ་ནི་མའོ་ཚེ་ཏུང་གིས། ༼མི་མང་གི་ཁེ་ཕན་གྱི་དོན་དུ་ཤི་བ་ནི།
རི་བོ་ཐེ་ཧྲན་ལས་ཀྱང་ལྕི་གི་རེད།
ཧྥ་ཤི་སིའི་དོན་དུ་ཤི་བ་ནི་བྱ་སྤུ་ལས་ཀྱང་ཡང་གི་རེད༽ཅེས་བཤད་མྱོང་བ་ལྟར།
ཁྱེད་ཚོ་ནི་བོད་ཁོ་ན་མ་ཡིན་པར། གོ་ལ་ཧྲིལ་བོ་དང་།
ཡང་ན། དེ་ལས་ཀྱང་རྒྱ་ཆེ་བར་བཤད་ན།
འགྲོ་བ་སེམས་ཅན་གྱི་བདེ་སྡུག་དང་།
འབྲེལ་བ་ཡོད་པའི་གནད་དོན་ཞིག་གི་ཆེད།
སྐུ་སྲོག་བཏང་བའང་ཡིན་སྲིད་པས།
ཇོ་མོ་གླང་མ་ལྟར་བརྗིད་ཆེ་ཞིང་།
ནམ་མཁའི་སྐར་ཆེན་ལྟར་མདངས་ཆེ་བར་འདོད།
མཁའ་དབུགས་དྭངས་མོའི་མཚན་དགོང་རེ་རེར།
ང་ནམ་རྒྱུན་མདུན་ངོས་ཀྱི་སྒེ་ཁུང་དུ་འགྲེངས་ནས།
མཁའ་དབྱིངས་ན་འོད་དུ་འཚེར་བཞིན་པའི༼སྐར་མ་སྨིན་དྲུག་སྐེ་འཁྱོག༽ལ་ཡང་ཡང་བལྟ་བཞིན།
ཕ་ཡུལ་དྲན་པའི་མྱ་ངན་གྱི་ཤུགས་གླུ་བླངས།
གལ་སྲིད་ང་འབྱུང་བཞི་ལ་དབང་འབྱོར་བའི་རྩལ་ཅན་ཞིག་ཡིན་ན།
ངས་ཁྱེད་རྣམ་པའི་སྐུ་ལུས་རེ་རེ།
མཁའ་དབྱིངས་ན་འབར་བཞིན་པའི་སྐར་མ་འོད་ཆེན་རེ་རེར་བསྒྱུར་ནས།
གནམ་འོག་གི་མི་ཚོར།
ཁྱེད་ཚོའི་མཚར་སྡུག་ལྡན་པའི་སྐར་ཕྲེང་ལ་ལྟད་མོར་བལྟ་རུ་འཇུག་ཅིང་།
ཁྱེད་ཚོའི་ངོ་མཚར་བའི་སྐར་བཤད་ཀྱི་ལོ་རྒྱུས་རེ་རེར།
སློབ་སྦྱོང་དང་རྗེས་དྲན་བྱེད་དུ་འཇུག་ན་འདོད།
ངའི་སྙིང་ནས་བརྩེ་བའི་ཕུ་ནུ་སྤུན་ཟླ་རྣམ་པ།
ངའི་སེམས་ནས་དུང་བའི་དཔའ་བོ་དཔའ་མོ་རྣམ་པ།
ཁྱེད་ཚོའི་མཐའ་མེད་པའི་ལྷག་བསམ་དང་སྙིང་སྟོབས་ནི།
ང་ཚོའི་བག་འཁུམས་དང་འཇིགས་སྐྲག་གི་ར་བ་གཏོར་བའི་རུ་མཚོན་དུ་ངེས་ཤིང་།
ཁྱེད་ཚོ་ཕེབས་ཟིན་པའི་བཤུལ་ལམ་རེ་རེ་ནི།
ང་ཚོ་འཇུག་འོས་པའི་གཟི་བརྗིད་ཀྱི་ལམ་ཁ་རེ་རེ་ཅི་ལ་མིན།
སྐབས་འདི་ལ་སླེབས་ཚེ།
ངས་ཨ་རིའི་སྲིད་འཛིན་འདས་པོ་ཞིག་གི་གསུང་སྒྲོས་ཤིག་ཡིད་ལ་འཁོར་བྱུང་།
ཁོང་གིས། ༼ང་ཚོ་ལ་སྐྲག་ས་གང་ཡང་མེད། འཇིགས་ས་གཅིག་རང་ཡོད་པ་ནི། རང་ཉིད་ཀྱི་སྐྲག་སྣང་དེ་རེད༽ཅེས་བཤད།
སྐད་ཆ་འདིས་ཡོད་ཚད་ང་ཚོ་རང་ཉིད་ཀྱི་ལག་ན་ཡོད་པར་ར་སྤྲོད་བྱས་ཡོད།
ང་རང་ཡུལ་དུ་ལོག་ན་འདོད་བྱུང་།
ང་ངོ་མའི་རང་ཡུལ་དུ་ལོག་ན་འདོད་བྱུང་།
ངས་མ་མཐའ་ཡང་།
ཁྱེད་རྣམ་པའི་གཟི་བརྗིད་ཀྱི་ཕྱག་ལག་རེ་རེར་འཇུས་ནས།
ཞུམ་མེད་ཀྱི་བྲང་ཁོག་མཁྲེགས་པོ་དེ་དག
རང་ཉིད་ཀྱི་སྙིང་ཁར་སྦྱར་ན་འདོད་བྱུང་།
ང་ཡངས་ཤིང་རྒྱ་ཆེ་བའི་ཕ་ཡུལ་གྱི་རྩྭ་ཐང་དུ་ཕྱིར་ལོག་ནས།
འབྲོག་པའི་སྐྱིད་སྡུག་གི་གླུ་དབྱངས་རེ་རེ།
རང་གི་སྙིང་ཁམས་ལ་སིམ་དུ་འཇུག་ན་འདོད།
ང་རང་ཡུལ་དུ་ཕྱིར་ལོག་ནས།
རོང་བའི་ཞིང་ས་གཤིན་པོ་རེ་རེ་ན།
མགོ་ལྕོག་ལྡེམ་བཞིན་པའི་ནས་ཀྱི་མྱུ་གུ་རེ་རེ།
མ་ནི་པད་དབྱངས་དང་འགྲོགས་ནས་གཅོད་ན་འདོད།
ད་དུང་། ངས་ཧི་མ་ལ་ཡའི་རི་མཐོ་ས་གཙང་གི་ཁོར་ཡུག་རེ་རེ།
རང་ཉིད་ཀྱི་རྡོག་པས་བགྲོད་ཅིང་།
མཁའ་དབུགས་རེ་རེ་ངོམས་མེད་དུ་ཧུབ་ཀྱིས་བཏུང་ན་འདོད།
ངས་རང་ཉིད་ཀྱི་བྲང་གོག་མ་ཡུམ་གངས་ཅན་གྱི་ཕང་བར་སྦྱར་ནས།
དམ་དུ་འཁྱུད་དེ་འོ་གྲངས་མེད་ཅིག་བྱས་ན་འདོད་ཅིང་།
ངས་རང་ཉིད་ཀྱི་རྣ་བ་མ་ཡུམ་གངས་ཅན་གྱི་སྙིང་ཁར་སྦྱར་ནས།
མོའི་སྙིང་རྩའི་འཕར་ལྡང་ལ་ཡང་ཡང་ཉན་ན་འདོད།
ངའི་སྙིང་ནས་ཉེ་བའི་ཕུ་ནུ་སྤུན་ཟླ་རྣམ་པ།
ངའི་སེམས་ནས་དུང་བའི་དཔའ་བོ་དཔའ་མོ་རྣམ་པ།
ཁྱེད་ཚོའི་བྱས་པ་གཏན་ནས་འབྲས་མེད་དུ་སོང་མེད།
ངས་སྔོན་ནས་བཤད་མྱོང་བ་ལྟར།
ཁྱེད་ཚོ་ནི། ང་ཚོའི་བདེན་དོན་རྩོད་པའི་སླུ་མེད་ཀྱི་གཟེར་ཆེན་རེ་རེ་གྱུར་ཅིང་།
ངས། ཁྱེད་ཚོའི་བརྗིད་ཆགས་ཀྱི་སྐུ་པར་རེ་རེ་དང་།
དྲི་མེད་དྭངས་གཙང་གི་རེ་སྨོན་རེ་རེ།
རྒྱལ་སྤྱིའི་ཁྲིམས་སྒོ་དག་ན་བགྲོ་གླེང་བྱེད་པ་རྨིས་ཤིང་།
ཡར་ཀླུང་གཙང་བོའི་རླབས་སྒྲ་དང་འགྲོགས་ནས།
ཕོ་བྲང་ཡུམ་བུ་བླ་སྒང་གི་དབུ་རྩེ་མཐོང་ཞིང་།
འཚེ་མེད་ཞི་བའི་འབོད་སྒྲ་དང་འགྲོགས་ནས།
ཕོ་བྲང་པོ་ཏྰ་ལའི་གསེར་ཟངས་ཀྱི་རྒྱ་ཕིབས།
ཉིད་འོད་དང་བསྡེབས་ནས་སའི་གོ་ལའི་ཕྱོགས་སོ་སོར་འཕྲོས་པ་རྨིས།
༧རྒྱལ་བ་ཡིད་བཞིན་ནོར་བུ་དང་།
གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་རྣམ་པ།
ཕ་ཡུལ་གངས་ཅན་གྱི་ལྗོངས་སུ་ཞབས་ཀྱིས་བཅགས་པ་མཐོང་ཞིང་།
གཞིས་བྱེས་བོད་རིགས་སྤུན་ཟླ་མཉམ་དུ་འཛོམས་ནས།
བདེ་སྐྱིད་ཀྱི་སྐོར་བྲོ་རྡུང་བའང་མཐོང་།
བཀྲ་ཤིས་པའི་ལྷ་དར་དཀར་བོ།
ནམ་མཁའི་ཁ་བ་ལྟར་འབབ་བཞིན་འདུག
སྐབས་དེར། ང་ཕལ་ཆེར་ད་དུང་རྒས་མེད་ཅིང་།
ངས་རང་གི་ཆུང་མ་དང་བུ་ཕྲུག་གཉིས་ཁྲིད་ནས།
རྒྱལ་ས་ལྷ་སའི༼གངས་ཅན་དཔའ་བོའི་རྗེས་དྲན་ཁང་།༽དུ་སླེབས་འདུག་ལ།
ངས་ཁྱེད་རྣམ་པའི་རླབས་ཆེན་གྱི་འདྲ་སྐུ་རེ་རེ།
བཞེངས་སྟབས་སུ་འགྱིང་འདུག་པ་མཐོང་ཞིང་།
ཁྱེད་རྣམ་པའི་ངོ་མཚར་གྱི་གཏམ་རྒྱུད་རེ་རེ།
བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཚང་དང་།
སློབ་གྲྭ་ཁག་གི་ལོ་རྒྱུས་ཀྱི་སྦྱོང་དེབ་ནང་བཀོད་ནས།
སློབ་སྦྱོང་རྗེས་དྲན་བྱེད་བཞིན་པའང་མཐོང་།
ང་དྲན་གསོ་ཁང་ལས་ཕྱི་རོལ་དུ་ཡོང་སྐབས།
བཀྲ་ཤིས་ཀྱི་འབོད་པས་རྨི་ལམ་དཀྲོགས།
ད་ལྟ་ང་སླར་ཡང་ནམ་རྒྱུན་བཞིན།
མདུན་ངོས་ཀྱི་ཀུན་དགའ་ར་བ་ལས།
མཁའ་དབྱིངས་ན་ཁྲ་ཆེམ་ཆེམ་བྱེད་པའི་སྐར་ཚོགས་ལ་རྒྱང་ལྟ་བྱེད་བཞིན་ཡོད་ཅིང་།
ངས་སླར་ཡང་སྔར་བཞིན་ནམ་མཁའི༼སྨིན་དྲུག་སྐེ་འཁྱོག༽དེར་བལྟས་ནས།
ང་ཚོའི་སྐྱིད་སྡུག་གི་ལས་དབང་ལ་བསམ་གཞིག་བྱེད་བཞིན་ཡོད།
ངས་རེ་སྨོན་ལྟར།
ཁྱེད་ཅག་གི་འབར་བཞིན་པའི་སྐུ་ལུས་རེ་རེ།
མཐོང་མདོག་གི་མཁའ་དབྱིངས་ན་འོད་དུ་འཚེར་བའི་སྐར་མ་འོད་ཆེན་རེ་རེར་གྱུར་ནས།
ང་ཚོའི་འཇིག་རྟེན་ལ་བདེ་སྐྱིད་ཀྱི་འོད་སྣང་སྩོལ་ན་ཅི་མ་རུང་།
མེ་ལྕེ་འུར་འུར་འབར། སྐར་འོད་ལམ་ལམ་འཕྲོ།
སྤྱི་ལོ༡༠༡༢ལོའི་ཟླ༢ཚེས༡༣ཉིན། ཨ་རི།
ཤར་ནུབ་ཀྱི་ལྟ་བའི་འདུས་མདོ་ན་གཟི་བརྗིད་ཀྱིས་བཞེངས་བའི་རྔ་བ་རྒྱལ་ཁམས་པ་ལགས། ལོ་ཤས་སྔོན་ནས་གཞིས་བྱེས་ཀྱི་དྲ་ལམ་ཁག་ན་རྔ་བ་རྒྱལ་ཁམས་པ་ཞེས་མཚན་སྙན་ཡང་ཡང་ཐོས་སོང་། དེ་རིང་སླར་ཡང་ཁྱེད་ཀྱི་སེམས་ཁོངས་ན་ལྷོག་ལྷོག་ཏུ་འཕྱུར་བའི་སྙན་ངག་འདི་ཀློག་རྒྱུ་བྱུང་། ངོ་མ་སྙན་ངག་རེད་འདུག ཐུགས་རྗེ་ཆེ། བཅོས་མིན་གྱི་ཚོར་བ་དང་སྙན་འཇེབས་ཀྱི་ཚིག་སྦྱོར་འདིས་ང་ཡང་ཞིང་ཁམས་གཞན་ཞིག་ལ་འཁྲིད་སོང་། ངོ་མ། ངས་ཀྱང་ཕ་ཡུལ་དྲན། འབར་གྱིན་པའི་མེ་ལྕེ་ཁྲོད་ཀྱི་གཞིས་བཞུགས་ཀྱི་སྤྲུན་ཟླ་རྣམས་དྲན། མ་ཡུམ་གངས་ལྗོངས་ཀྱི་པང་དུ་ང་ཚོ་ནམ་ཞིག་ལྷན་འཛོམས་ཡོང་ཐུབ་བམ།
རེད། དངོས་གནས་རེད། རྩོམ་འདི་བཀླགས་ཀྱིན་བཀླགས་ཀྱིན། སེམས་ཀྱི་ཚོར་བ་ནི། ལྡོག་མེད་ཐུར་དུ་འགྲིལ་བཞིན་པའི་རྦབ་རྡོ་དང་། དལ་མེད་དྲག་ཏུ་འབར་བཞིན་པའི་མེ་དཔུང་། ཚིམས་མེད་སྙིང་ནས་སྐྱོ་བཞིན་པའི་མིག་ཆུ། ད་དུང་། དེ་ལས་ཀྱང་བཟོད་དཀའ་ཞིང་དྲན་མི་ཐུབ་པའམ་དྲན་མི་ཕོད་པའི་གནས་ཚུལ་མང་པོ་ཞིག་བཙན་པོ་དབང་ཡོད་ཀྱིས་སྙིང་ཁོངས་སུ་ཤེད་ཀྱིས་འཇུག་བཞིན་པ་དང་ཀུན་ནས་མཚུངས། དངོས་གནས་དེ་འདྲ་ཞིག་རེད། རེད་ཚོར་བ་དེ་འདྲ་ཞིག་ཇི་ལྟར་སྐྱེས་པ་ཡིན་ནམ། དྲང་མོ་བཤད་ན་ང་ལ་ཡང་ཚོར་བ་འདི་འདྲ་ཞིག་ཡོང་དགོས་པའི་རྒྱུ་མཚན་གསལ་བོ་དག་པོ་ཞིག་བཤད་རྒྱུ་མེད། གང་ལྟར་ཚོར་བ་འདི། ཨ་ཨ་ཨ་ཨ་
རྔ་སྒྲ་དང་བཀྲ་ཤིས་སྒྲོལ་མ་གཉིས་ཕེབས་ནས་གདུང་སེམས་མཉམ་བསྐྱེད་གནང་བར་ཐུགས་རྗེ་ཆེ་ཞུའོ།། ངས་ཡི་གེ་འདི་འབྲི་སྐབས་དངོས་གནས་ཚོར་བ་ལྕི་མོ་དེ་འདྲ་ཞིག་གིས་ཟིན་ཅིང་། མིག་ཆུ་ཤམ་ཤམ་དུ་འབབ་ཞོར་བྲིས་པ་ཞིག་ཡིན་ལགས། ད་ང་ཚོའི་དཔའ་བོའི་བློ་ཁོག་རྒྱ་ནག་དང་། འཛམ་གླིང་མི་མང་ལ་གསལ་སྟོན་གནང་སོང་། དཔའ་བོའི་དོན་ལ་བསམ་བློ་ཞིག་གཏོང་རྒྱུ་ཡིན་ན། སྙིང་སྟོབས་ཀྱི་ཆ་ནས་དེ་ལྷག་སྟོན་རྒྱུ་ཞིག་ཕལ་ཆེར་ཡོད་པ་མ་རེད། ད་རྣམ་དཔྱོད་བསྡུར་དགོས་ཀྱི་འདུག རྒྱ་གཞུང་རང་གིས་གཏན་ལ་ཕབ་ཟིན་པའི་བོད་རིགས་རང་སྐྱོང་ས་ཁུལ་གྱི་བདག་དབང་རེ་རེ་ཕྱི་ལ་བཏོན་ནས། རང་སྐྱོང་ས་ཁུལ་ན་དེ་དག་བརྩི་མེད་རྡོག་རོལ་བྱེད་པའི་གནད་དོན་རེ་རེ་བཞིན་རྩ་ཁྲིམས་དང་ལྟོ་སྦྱར་ནས་ངོ་རྒོལ་བྱེད་དགོས་པ་རེད། འདི་ཐད་གཞི་རིམ་མང་ཚོགས་ཀྱི་སྣེ་བླ་སྤྲུལ་བརྩི་མཐོང་ཅན་དང་། དགེ་རྒན། རྩོམ་པ་པོ། སྒྱུ་རྩལ་བ། ཁྲིམས་དོན་མཁས་པ། ས་གནས་བོད་ཀྱི་ལས་བྱེད་རང་ངོས་ནས་ཁྲིད་དེ། གོང་རིམ་དང་། རབ་བྱུང་ན་འབྲེལ་ལམ་བརྒྱུད། དབུས་སྲིད་གཞུང་གི་རྣ་ལམ་དུ་ཐད་གར་བླུག་ཐབས་གནང་དགོས་པ་རེད། ཨུ་ཚུགས་མཐའ་བསྐྱེལ་བྱ་དགོས་པ་རེད། ལས་འགུལ་འདི་རིགས་སྤེལ་སྐབས་རྒྱ་གཞུང་གི་རྩ་ཁྲིམས་ལས་མ་བརྒལ་བའི་ཐོག་ནས་བྱ་རྒྱུ་གལ་ཆེན་པོ་རེད། འབྲས་བུ་དན་དན་འབྱུང་གི་རེད། རང་སྐྱོང་ཁུལ་སོ་སོའི་ནང་གི་ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་དང་། རྩ་ཁྲིམས་གཉིས་ནག་འགྲོས་སུ་བསྡེབས་ནས་ཞུ་བའི་ངོ་རྒོལ་བྱ་དགོས་པ་རེད། འདི་ཐད་རྒྱ་བོད་ཀྱི་སྐད་ཡིག་ལ་སྦྱང་བ་མཐོ་ཞིང་། གཏམ་བཤད་ཀྱི་རྩལ་བཟང་བའི་ཤེས་ལྡན་ཚོས་ལྷག་པར་ནུས་པ་ཐོན་གི་རེད། དེ ཙམ་གྱིས། ཁ་བྲོ་བཀྲ་ཤིས།
མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།
(ཚན་བཤུས)
1984ལོའི་ཟླ5ཚེས31ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་ཞིང༌། 2001ལོའི་ཟླ་2ཚེས་28ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བའི་ཐོག་བཞག་པའི་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་ལྟར་བཟོ་བཅོས་བརྒྱབ་ཡོད།
དོན་ཚང་དང་པོ། མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ནས་གཏན་ལ་ཕབ་པ་ཡིན།
དོན་ཚན་བཅུ་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།
དོན་ཚན་བཅུ་གཅིག་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།
དོན་ཚན་བཅུ་གསུམ། མི་རིགས་རང་སྐྱོང་ས་གནས་ཀྱི་མཚོན་མིང་ནི་དམིགས་བསལ་གྱི་གནས་ཚུལ་བྱུང་ན་མ་གཏོགས་ས་གནས་དེ་གའི་ས་མིང་དང༌། མི་རིགས་ཀྱི་མིང༌། སྲིད་འཛིན་གྱི་རིམ་བབ་བཅས་ཀྱི་གོ་རིམ་ལྟར་འདོགས་རྒྱུ།
དོན་ཚན་བཅུ་བདུན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང༌།རང་སྐྱོང་ཁུལ་གྱི་འགོ་འཛིན།རང་སྐྱོང་རྫོང་གི་རྫོང་དཔོན་བཅས་ཀྱི་འགན་ནི་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དེའི་སྤྱི་དམངས་ཀྱིས་འཁུར་རྒྱུ།རང་སྐྱོང་ལྗོངས་དང༌། རང་སྐྱོང་ཁུལ།རང་སྐྱོང་རྫོང་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཁོངས་མི་གཞན་དག་གི་ནང་དུ་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་སྐྱེ་བོ་བཀོད་སྒྲིག་འོས་འཚམ་བྱ་དགོས།
དོན་ཚན་ཉེར་གཅིག་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས་མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་སྲོལ་ཡིག་ནང་གསལ་གཏན་འབེབས་ལྟར་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་ཁ་ཤས་སྤྱོད་རྒྱུ་དང༌།ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་ཁ་ཤས་ཀྱི་ཐོག་ནས་ལས་འགན་སྒྲུབ་སྐབས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དེའི་སྐད་ཡིག་གཙོ་བོར་བཟུང་ཆོག
དོན་ཚན་ཉེར་གསུམ་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་དམིགས་བསལ་གྱི་བྱེད་ཐབས་ལ་བརྟེན་ནས་ཆེད་ལས་པ་སྣ་ཚོགས་རང་སྐྱོང་ས་གནས་ཀྱི་འཛུགས་སྐྲུན་ལས་དོན་ཁག་ཏུ་ཞུགས་ཐུབ་པར་ལྟ་རྟོག་དང་བསྔགས་བསྐུལ་བྱས་ཆོག
དོན་ཚན་སོ་དྲུག་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་གཞིར་བཟུང་བ་དང་བཅའ་ཁྲིམས་ནང་གསལ་གཏན་འབེབས་ལྟར་ས་གནས་དེ་གའི་སློབ་གསོའི་འཆར་གཞི་དང༌། རིམ་པ་དང་རིགས་མི་འདྲ་བའི་སློབ་གྲྭ་ཁག་གི་འཛུགས་ལུགས་དང་སློབ་ཡུན།སློབ་གྲྭ་གཉེར་སྟངས། སློབ་ཁྲིད་ཀྱི་ནང་དོན། སློབ་ཁྲིད་བྱེད་པའི་སྐད་རིགས། སློབ་གྲྭ་བ་སྡུད་ཐབས་བཅས་ཐག་གཅོད་རྒྱུ།
དོན་ཚན་སོ་བདུན་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་རང་ཐག་རང་གཅོད་ཀྱི་སྒོ་ནས་མི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་བཏང་སྟེ་ཡིག་རྨོངས་བསལ་རྒྱུ་དང༌། སློབ་གྲྭ་སྣ་ཚོགས་འཛུགས་རྒྱུ།ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་རྒྱུ། རྣམ་པ་སྣ་མང་ལ་བརྟེན་ནས་མཐོ་གྲས་འབྲིང་རིམ་དཀྱུས་མའི་སློབ་གསོ་དང་འབྲིང་རིམ་ལས་རིགས་ཀྱི་ལག་རྩལ་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ། ཆ་རྐྱེན་དང་དགོས་མཁོ་དང་བསྟུན་ནས་མཐོ་རིམ་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་བཅས་དང༌།གྲངས་ཉུང་མི་རིགས་ཁག་གི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ།
མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱི་གྲངས་ཉུང་མི་རིགས་ཀྱི་འབྲོག་ཁུལ་དང་འབྱོར་བ་དབུལ་ཞིང་སྡོད་ཡུལ་ཁ་ཐོར་བའི་གྲངས་ཉུང་མི་རིགས་ཀྱི་རི་ཁུལ་དུ་སློབ་གྲྭར་ཞག་སྡོད་བྱེད་པ་དང་སློབ་གྲྭ་བར་རོགས་དངུལ་སྤྲོད་ཐབས་གཙོ་བོར་འཛིན་པའི་གཞུང་གཉེར་མི་རིགས་སློབ་ཆུང་དང་མི་རིགས་སློབ་འབྲིང་བཙུགས་ནས་སློབ་གྲྭར་ཡོད་པའི་སློབ་གྲྭ་བས་འོས་འགན་སློབ་གསོ་མྱོང་རིམ་གྱི་སྦྱོང་ཚན་སྦྱངས་ཚར་བར་འགན་སྲུང་བྱ་རྒྱུ། སློབ་གཉེར་གྲོན་དངུལ་དང་སློབ་ཞུགས་རོགས་དངུལ་ས་གནས་དེ་གའི་ནོར་སྲིད་ནས་ཐག་གཅོད་རྒྱུ་དང༌། ས་གནས་དེ་གའི་ནོར་སྲིད་ལ་དཀའ་གནད་ཡོད་ན། གོང་རིམ་ནོར་སྲིད་ཀྱིས་ཁ་གསབ་བྱ་དགོས།
གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་བ་བསྡུ་རྒྱུ་གཙོ་བོར་འཛིན་པའི་སློབ་གྲྭ(འཛིན་གྲྭའམ་སློབ་རིམ)དང་སློབ་གསོའི་སྒྲིག་གཞི་གཞན་དག་གི་ནང་ནས་ཆ་རྐྱེན་འཛོམས་པའི་རིགས་ཀྱི་གྲངས་ཉུང་མི་རིགས་ཡི་གེའི་སློབ་དེབ་སྤྱོད་དགོས་པ་མ་ཟད།གྲངས་ཉུང་མི་རིགས་ཀྱི་སྐད་ཐོག་ནས་སློབ་འཁྲིད་ཀྱང་བྱ་དགོས།གནས་ཚུལ་ལ་གཞིགས་ཏེ་སློབ་གྲྭ་ཆུང་བའི་སློབ་རིམ་དམའ་བའམ་སློབ་རིམ་མཐོ་བ་ནས་རྒྱའི་སྐད་ཡིག་གི་སློབ་ཚན་བཙུགས་ཏེ་རྒྱལ་ཡོངས་སུ་སྤྱི་ཁྱབ་ཏུ་སྤྱོད་པའི་རྒྱ་སྐད་དང་རྒྱ་ཡིག་ཚད་ལྡན་ཅན་ཁྱབ་སྤེལ་གཏོང་རྒྱུ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ནོར་སྲིད་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་སློབ་དེབ་དང་དཔེ་སྐྲུན་ཡིག་རིགས་རྩོམ་སྒྱུར་དང་དཔེ་སྐྲུན་ལས་ཀར་རོགས་སྐྱོར་བྱ་དགོས།
དོན་ཚན་སོ་བརྒྱད་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཐག་རང་གཅོད་ཀྱིས་མི་རིགས་ཀྱི་རྣམ་པ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་རིག་དང༌། སྒྱུ་རྩལ། གསར་འགྱུར། དཔེ་སྐྲུན། རླུང་འཕྲིན། གློག་བརྙན།བརྙན་འཕྲིན་སོགས་ཀྱི་མི་རིགས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ། རིག་གནས་བྱ་གཞག་ཐད་མ་དངུལ་འཇོག་གྲངས་མང་དུ་གཏོང་རྒྱུ་དང༌། རིག་གནས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་བྱ་གཞག་སྣ་ཚོགས་གོང་དུ་ཇེ་མགྱོགས་སུ་སྤེལ་རྒྱུ།
མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ནས་འབྲེལ་ཡོད་སྡེ་ཚན་དང་སྡེ་ཁག་གིས་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་གྱི་དཔེ་དེབ་འཚོལ་བསྡུ་དང༌། ལེགས་སྒྲིགཡིག་སྒྱུར།པར་སྐྲུན་བཅས་བྱེད་པའི་སྒྲིག་འཛུགས་བྱ་རྒྱུ་དང་དེར་རྒྱབ་སྐྱོར་བྱ་རྒྱུ། མི་རིགས་ཀྱི་གནའ་ཤུལ་གནས་མཆོག་དང༌། རིག་གནས་ཤུལ་དངོས་གཙིགས་ཆེན། དེ་བཞིན་ལོ་རྒྱུས་དང་རིག་གནས་ཀྱི་གནས་ཤུལ་གལ་ཆེ་བའི་རིགས་སྲུང་སྐྱོབ་བྱས་ནས་མི་རིགས་ཀྱི་སྲོལ་རྒྱུནརིག་གནས་ཕུལ་བྱུང་རྣམས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ།
དོན་ཚན་ཞེ་བདུན་པ། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་དེ་གར་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་རིགས་ཐོག་ནས་གྱོད་དོན་ལ་ཞིབ་གཅོད་དང་ཞིབ་དཔྱོད་བྱ་རྒྱུ་དང༌། དེའི་གྲས་སུ་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའིགྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཤེས་མཁན་མི་སྣ་བཀོད་སྒྲིག་ལུགས་མཐུན་ཡང་བྱ་རྒྱུ།གཏུག་བཤེར་བྱེད་མིའི་གྲས་སུ་ས་གནས་དེ་གར་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་ཡིག་མི་ཤེས་མཁན་ཡོད་ན་དེ་ཚོའི་སྐད་དུ་བསྒྱུར་དགོས། ཁྲིམས་དོན་གྱི་ཡིག་རིགས་རྣམས་དགོས་མཁོ་དངོས་ལ་གཞིགས་ནས་ས་གནས་དེ་གར་སྤྱི་ཁྱབ་ཏུ་སྤྱོད་པའི་ཡིག་རིགས་གཅིག་གམ་འགའ་ཞིག་ཐོག་ནས་བྲིས་ཏེ་མི་རིགས་ཁག་གི་སྤྱི་དམངས་ཚང་མར་མི་རིགས་སོ་སོའི་སྐད་ཡིག་ཐོག་ནས་གཏུག་བཤེར་བྱེད་པའི་དབང་ཆ་ཡོད་པར་འགན་སྲུང་བྱ་རྒྱུ།
དོན་ཚན་ཞེ་དགུ་བ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་རྣམས་ལ་ཕན་ཚུན་སྐད་ཡིག་སློབ་སྦྱོང་བྱེད་རེས་བྱ་རྒྱུའི་སློབ་གསོ་གཏོང་རྒྱུ་དང་བསྔགས་བསྐུལ་བྱ་རྒྱུ།རྒྱ་རིགས་ལས་བྱེད་པས་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱང་དགོས་ལ།གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་རང་ཉིད་མི་རིགས་ཀྱི་སྐད་ཡིག་སྦྱང་བ་དང་བེད་སྤྱོད་དགོས་པ་དང་འབྲེལ་རྒྱལ་ཡོངས་སུ་སྤྱི་ཁྱབ་ཏུ་སྤྱོད་པའི་རྒྱ་སྐད་དང་རྒྱ་ཡིག་ཚད་ལྡན་ཅན་ཡང་སྦྱང་དགོས།
མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱལ་ཁབ་གཞུང་གི་ལས་བྱེད་པའི་གྲས་ནས་ས་གནས་དེ་གར་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་ཡིག་གཉིས་ཡན་བེད་སྤྱོད་ཐོགས་མེད་བྱེད་ཐུབ་མཁན་ལ་བྱ་དགའ་སྤྲོད་རྒྱུ།
དོན་ཚན་དོན་གཅིག་པ། རྒྱལ་ཁབ་ནས་མི་རིགས་རང་སྐྱོང་ས་གནས་ཀྱི་སློབ་གསོའི་ཐད་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་རྒྱུ་དང་སྦྲགས་དམིགས་བསལ་གྱི་བྱེད་ཐབས་ལའང་བརྟེན་ནས་མི་རིགས་རང་སྐྱོང་ས་གནས་སུ་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་མགྱོགས་སུ་གཏོང་རྒྱུ་དང་སློབ་གསོའི་བྱ་གཞག་གཞན་དག་འཕེལ་རྒྱས་གཏོང་བར་རོགས་རམ་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་ཚན་རིག་དང་རིག་གནས་ཤེས་ཚད་མཐོ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱིས་མི་རིགས་མཐོ་རིམ་སློབ་གྲྭ་འཛུགས་གཉེར་བྱ་རྒྱུ་དང༌། མཐོ་རིམ་སློབ་གྲྭར་མི་རིགས་ཀྱི་འཛིན་གྲྭ་དང་མི་རིགས་ཀྱི་གྲ་སྒྲིག་ཚན་ཁག་འཛུགས་གཉེར་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་བ་དམིགས་བཀར་རམ་གཙོ་བོར་བསྡུ་རྒྱུ་མ་ཟད།བསྡུ་ཡུལ་གཏན་ཁེལ་གྱིས་སློབ་གྲྭ་བ་གསར་པ་བསྡུ་བ་དང་བགོ་ཡུལ་གཏན་ཁེལ་གྱིས་སློབ་གྲྭ་བ་བགོ་ཐབས་ཀྱང་སྤྱད་ཆོག མཐོ་རིམ་སློབ་གྲྭ་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་བས་སློབ་གྲྭ་བ་གསར་པ་སྡུད་སྐབས་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མ་རྣམས་ལ་བསྡུ་བའི་ཚད་གཞི་དང་ཆ་རྐྱེན་བབ་མཚུངས་ཀྱིས་དམའ་རུ་གཏོང་རྒྱུ།མི་འབོར་ཧ་ཅང་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མ་རྣམས་ལ་དམིགས་བསལ་གྱི་ལྟ་རྟོག་བྱ་རྒྱུ། རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་སློབ་གྲྭས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཁྱིམ་ཚང་འབྱོར་བ་ཞན་པའི་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་བས་སྦྱོང་ཚན་སྦྱངས་ཚར་བར་རོགས་སྐྱོར་བྱ་དགོས།རྒྱལ་ཁབ་ཀྱིས་དར་རྒྱས་ཆེ་བའི་ས་ཁུལ་དུ་མི་རིགས་ཀྱི་སློབ་འབྲིང་འཛུགས་གཉེར་བྱེད་པའམ་ཡང་ན་སློབ་འབྲིང་དཀྱུས་མར་མི་རིགས་ཀྱི་འཛིན་གྲྭ་འཛུགས་གཉེར་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་བ་བསྡུས་ནས་འབྲིང་རིམ་སློབ་གསོ་ལག་བསྟར་བྱ་རྒྱུ།རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་ཀྱིས་མི་རིགས་ཁག་གི་དགེ་རྒན་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པར་རོགས་རམ་བྱ་རྒྱུ།རྒྱལ་ཁབ་ཀྱིས་མི་རིགས་ཁག་གི་དགེ་རྒན་དང་དགེ་རྒན་བྱེད་པའི་ཆ་རྐྱེན་འཛོམས་པའི་མི་རིགས་ཁག་གི་སྦྱངས་ཐོན་སློབ་མ་མི་རིགས་རང་སྐྱོང་ས་གནས་སུ་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་དོན་བསྒྲུབ་པར་འགྲོ་བའི་སྒྲིག་འཛུགས་དང་བསྔགས་བསྐུལ་བྱ་རྒྱུ་མ་ཟད། ཁོང་ཚོར་བབ་མཚུངས་ཀྱི་དམིགས་བསལ་ཐོབ་ཐང་ཡང་སྤྲོད་རྒྱུ།
མི་རིགས་རང་སྐྱོང་ས་གནས་འཛུགས་སྟངས་དང་རང་སྐྱོང་ལས་ཁུངས་འཛུགས་ཕྱོགས་སྐོར།
དོན་ཚན་དང་པོ།གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ས་གནས་སུ་ས་གནས་དེ་གའི་མི་རིགས་ཀྱི་འབྲེལ་བ་དང་། དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་སོགས་ཀྱི་ཆ་རྐྱེན་ལ་བལྟ་རྒྱུ་དང་འབྲེལ་ལོ་རྒྱུས་ཐོག་གི་གནས་ཚུལ་དང་ཡང་བསྟུན་ནས་གྲངས་ཉུང་མི་རིགས་གཅིག་གམ་ཁ་ཤས་འདུས་སྡོད་བྱེད་ཁུལ་རྨང་གཞིར་བྱས་པའི་རང་སྐྱོང་ས་གནས་བཙུགས་ཆོག་མི་རིགས་རང་སྐྱོང་ས་གནས་སམ་མི་རིགས་ཤང་འཛུགས་རྒྱུ། མི་རིགས་རང་སྐྱོང་ས་གནས་ཀྱི་ཁོང་སུ་སུ་ས་གནས་དེ་གའི་གནས་ཚུལ་དངོས་ལ་གཞིགས་ཏེ་རྒྱ་རིགས་སམ་མི་རིགས་གཞན་དག་ཡོད་པའི་སྡོད་དམངས་ཁུལ་དང་།གྲོང་ཁྱེར་དང་གྲོང་རྡལ་ཁག་གཅིག་གཏོགས་པར་བྱས་ཆོག
དོན་ཅན་གཉིས་པ།མི་རིགས་རང་སྐྱོང་ས་གནས་ཀྱི་མཚོན་མིང་ནི་དམིགས་བསལ་གྱི་གནས་ཚུལ་བྱུང་ན་མ་གཏོགས་ས་གནས་དེ་གའི་ས་མིང་དང་། མི་རིགས་ཀྱི་མིང་། སྲིད་འཛིན་གྱི་རིམ་བབ་བཅས་ཀྱི་གོ་རིམ་ལྟར་འདོགས་རྒྱུ།
དོན་ཚན་གསུམ་པ། མི་རིགས་རང་སྐྱོང་ས་གནས་འཛུགས་རྒྱུང་དང་། ས་མཚམས་གཅོད་སྟངས།མཚོན་མིང་འདོགས་ལུགས་བཅས་ནི་གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་ནས་ཁུངས་འབྲེལ་ས་གནས་ཀྱི་རྒྱལ་ཁབ་གཞུང་གི་ལས་ཁུངས་དང་། དེ་འབྲེལ་མི་རིགས་ཀྱི་འཐུས་མི་དང་གྲོས་མོལ་ལེགས་པར་བྱས་ནས་འཆར་འགོད་བཟོསཐོག བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་གོ་རིམ་ལྟར་སྙན་སེང་བཀའ་འཁྲོལ་ཞུ་རྒྱུ། མི་རིགས་རང་སྐྱོང་ས་གནས་བཙུགས་མཚམས་སུ་ཁྲིམས་འཁོད་གོ་རིམ་མ་བརྒྱུད་ན། མེད་པར་བཟོ་བའམ་ཟླ་སྒྲིལ་བཏང་མི་ཆོག མི་རིགས་རང་སྐྱོང་ས་གནས་ཀྱི་ས་མཚམས་གཏན་ཁེལ་མཚམས་སུ་ཁྲིམས་འཁོད་གོ་རིམ་མ་བརྒྱུད་ན།གང་བྱུང་དུ་བསྒྱུར་བཅོས་བྱས་མི་ཆོག མེད་པར་བཟོ་དགོས་པ་དང་ཟླ་སྒྲིལ་བྱ་དགོས་པའམ་བསྒྱུར་དགོས་བྱུང་ཚེ་གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་གྲོས་མོལ་ལེགས་པར་བྱས་ཏེ་འཆར་འགོད་བཟོས་རྗེས་ཁྲིམས་འཁོད་གོ་རིམ་ལྟར་སྙན་སེང་བཀའ་འཁྲོལ་ཞུ་རྒྱུ།
དོན་ཚན་བཞི་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ནི་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ་རང་སྐྱོང་རྫོང་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་ཡིན།མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་སྲིད་གཞུང་གིས་རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་དང་རང་ལས་རིམ་པ་གཅིག་གི་མཐོ་བའི་རྒྱལ་ཁབ་གཞུང་སྲིད་ལས་ཁུངས་ལ་འགན་འཁུར་རྒྱུ་དང་འབྲེལ་ལས་དོན་གྱི་སྙན་ཞུའང་འབུལ་རྒྱུ།རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་མི་འཚོགས་པའི་རིང་ལ་རིམ་པ་དེ་རང་གི་མི་དམངས་འཐུས་མིའིཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་རྒྱུ་དང་འབྲེལ་ལས་དོན་གྱི་སྙན་ཞུའང་འབུལ་རྒྱུ། མི་རིགས་རང་སྐྱོང་ས་གནས་སོ་སོའི་མི་དམངས་སྲིད་གཞུང་ཚང་མ་ནི་རྒྱས་སྲིད་སྤྱི་ཁྱབ་ཁང་ནས་གཅིག་གྱུར་གྱི་འགོ་ཁྲིད་བྱས་འོག་གི་རྒྱལ་ཁབ་གཞུང་སྲིད་ལས་ཁུངས་ཡིན་པས་ཚང་མས་རྒྱལ་སྲིད་སྦྱི་ཁྱབ་ཁང་གི་བཀོད་པར་ཉན་དགོས།
དོན་ཚན་ལྔ་པ། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ནང་གི་འཐུས་མིའི་གྲས་སུ་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་ཀྱིའཐུས་མི་ཡོད་དགོས་པ་མ་ཟད་སྲིད་འཛིན་ས་ཁོངས་དེར་གནས་བཅའ་བའི་མི་རིགས་གཞན་དག་གི་འཐུས་མིའི་ཁ་གྲངས་འོས་འཚམ་ཡང་ཡོད་དགོས།
མི་རིགས་རང་སྐྱོང་ས་གནས་ཀྱི་ཐུས་མིའི་ཚོགས་ཆེན་ནང་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་ཀྱི་འཐུས་མི་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མིའི་ཁ་གྲངས་གང་དགོས་ཀྱི་བསྡུར་ཚད་ནི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་རྩ་དོན་གཞིར་བཟུང་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་་་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་གྲོས་ཐག་བཅད་ཐོག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོད་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཡང་ཞུ་རྒྱུ།མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་རེན་ནམ་ཀྲུའུ་རེན་གཞོན་པའི་འགན་འཁུར་བའི་གྲས་སུ་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དེའི་སྦྱི་དམངས་ཡོད་དགོས།
དོན་ཚན་དྲུག་པ། རང་སྐྱོང་ལྗོངས་གྱི་ཀྲུའུ་ཞི་དང་། རང་སྐྱོང་ཁུལ་གྱི་ཁུལ་དཔོན། རང་སྐྱོང་རྫོང་གི་རྗོང་དཔོན་བཅས་ཀྱི་འགན་ནི་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དེའི་སྦྱི་དམངས་ཀྱིས་འཁུར་རྒྱུ། རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ་། རང་སྐྱོང་རྗོང་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཁོངས་མི་གཞན་དག་གི་ནང་དུ་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་སྐྱེ་བོ་བཀོད་སྒྲིག་འོས་འཚམ་བྱེད་དགོས།མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་སྲིད་གཞུང་ནས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་། རང་སྐྱོང་ཁུལ་གྱི་ཁུལ་དཔོན།རང་སྐྱོང་རྫོང་གི་རྫོང་དཔོན་བཅས་ཀྱིས་འགན་འཁུར་བའི་ལམ་ལུགས་ལག་སྟར་བྱ་་་རྒྱུ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་། རང་སྐྱོང་ཁུལ་གྱི་ཁུལ་དཔོན།རང་སྐྱོང་རྫོང་གི་རྫོང་དཔོན་བཅས་ཀྱིས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་ལས་དོན་གཙོ་སྐྱོང་བྱ་རྒྱུ།
དོན་ཚན་བདུན་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱི་ཁོངས་སུ་གཏོགས་པའི་ལས་དོན་སྡེ་ཁག་གི་ལས་བྱེད་པའི་ནང་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་སྐྱེ་བོ་བཀོད་སྒྲིག་འོས་འཚམ་བྱ་དགོས།།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་(ལེ་ཚན་གདམ་བཀོད)
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་བཞི་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཚང་མ་འདྲ་མཉམ་ཡིན་ཞིང་། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་གི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་འགན་སྲུང་དང་། མི་རིགས་སོ་སོ་བར་གྱི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་ཀྱི་འབྲེལ་བ་སྲུང་སྐྱོང་དང་གོང་དུ་སྤེལ་དགོས། མི་རིགས་གང་ཞིག་ལངའ་མཐོང་ཆུང་དང་གཉན་གནོན་བྱེད་པར་གཏན་འགོག་བྱེད་དགོས། མི་རིགས་མཐུན་སྒྲིལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་བའི་བྱ་སྤྱོད་བཀག་སྡོམ་བྱེད་དགོས།
རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་སྟེ་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིགས་གནས་འཕེལ་ཚད་ཇེ་མགྱོགས་སུ་གཏོང་རོགས་བྱེད་དགོས། གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་ལེན་བསྟར་ཏེ་རང་སྐྱོང་ལས་ཁུངས་འཛུམས་པ་དང་རང་སྐྱོང་དབང་ཆ་སྤྱོད་དགོས། མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུབ་ཆ་འབྲལ་དུ་མི་རུང་བ་ཞིག་ཡིན། མི་རིགས་སོ་སོ་ཚང་མར་རང་ཉིད་ཀྱི་སྐད་ཆ་དང་ཡི་གེ་སྤྱོད་བ་དང་གོང་དུ་སྤེལ་བའི་རང་དབང་ཡོད་པ་དང་། ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་ཉར་འཇོག་གམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད།
དོན་ཚན་ལྔ་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཀྱིས་བཅའ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་དེའི་གཟི་རྔམ་སྲུང་སྐྱོང་བྱེད་དགོས། བཅའ་ཁྲིམས་དང་སྲིད་འཛིན་གྱི་ཁྲིམས་སྲོལ། ས་གནས་རང་བཞིན་ལྡན་པའི་ཁྲིམས་སྲོལ་མཐའ་དག་རྩ་ཁྲིམས་དང་འགལ་མི་ཆོག རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་པོའི་སྟོབས ་ཤུགས་མཐའ་དག སྲིད་ཏང་སོ་སོ་དང་སྤྱི་ཚོགས་ཀྱི་ཚོགས་ཁག་སོ་སོ། ཁེ་དོན་ལས་རྩ་འཛུགས་སོ་སོ་དང་བཅས་ཚང་མས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཚང་མར་ངེས་པར་རྩད་གཅོད་བྱེད་དགོས། རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ཡིན་རུང་ཚང་མར་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འདས་པའི་དམིགས་བསལ་གྱི་དབང་ཆ་ཡོད་མི་ཆོག
དོན་ཚན་བཅུ་གསུམ་པ། སྤྱི་དམངས་ཀྱི་ཁྲིམས་མཐུན་སྒེར་དབང་རྒྱུ་ནོར་ལ་བཙན་མཛུལ་བྱེད་མི་ཆོག རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་སྤྱི་དམངས་ཀྱི་སྒེར་དབང་རྒྱུ་ནོར་དབང་ཆ་དང་རྒྱུན་འཛིན་བྱེད་དབང་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་ཀྱིས་སྤྱི་པའི་ཁེ་ཕན་དོན་དུ་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་སྤྱི་དམངས་ཀྱི་སྒེར་དབང་རྒྱུ་ནོར་བསྡུ་ལེན་བྱེད་པ་འམ་བསྡུས་སྤྱོད་བྱེད་ཆོག་པ་དང་སྐྱིན་ཚབ་འཇལ་དགོས།
དོན་ཚན་ཉེར་བརྒྱད་པ། རྒྱལ་ཁབ་ཀྱིས་སྤྱི་ཚོགས་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང ་ །མེས་རྒྱལ་ལ་རྒྱབ་གཏོད་པ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་སྤྱོད་གཞན་དག་དྲག་གནོན་བྱེད་དགོས་པ་དང་། སྤྱི་ཚོགས་བདེ་འཇགས་ལ་གནོན་འཚེ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་ཉེས་སྤྱོད་གཞན་དག་ལ་ཁྲིམས་གཅོད་བྱེད་པ་དང་། ཉེས་ཅན་ལ་ཁྲིམས་ཆད་གཅོད་པ་དང་སྒྱུར་བཀོད་བྱེད་དགོས།
ལེའུ་ལྔ་བ། རྒྱུ་ནོར་ལ་གནོད་འཚེ་བཟོས་པའི་ཉེས་བསགས།
དོན་ཚན་ཉིས་བརྒྱ་རེ་གསུམ་པ། དྲག་ཤུགས་དང་བཙན་ཤེད་དང་ཡང་ན་བྱེད་ཐབས་གཞན་པ་སྤྱད་ནས་སྤྱི་སྒེར་གཉིས་ཀྱི་རྒྱུ་ནོར་རྐུ་འཕྲོག་བྱེད་མཁན་ལ། ལོ་གསུམ་ཡན་ཆད་དང་ལོ་བཅུ་མན་ཆད་ཀྱི་དུས་བཙོན་གྱི་ཉེས་ཆད་གཅོད་པ་མ་ཟད། དངུལ་ཆད་ཀྱང་གཅོད་དགོས།གཤམ་དུ་བཀོད་པའི་གནས་ཚུལ་རིགས་གཅིག་ཡོད་ཚེ། ལོ་བཅུ་ཡན་ཆད་ཀྱི་དུས་བཙོན་དང་ཚེ་བཙོན་དང་ཡང་ན་སྲོག་ཐོག་གི་ཉེས་ཆད་གཅོད་པ་ང་ཟད། དངུལ་ཆད་གཅོད་པ་དང་ཡང་ན་རྒྱུ་ནོར་ཀྱང་གཞུང་བཞེས་བྱེད་དགོས་པ་སྟེ།
(གཅིག)ཁྱིམ་དུ་འཛུལ་ནས་འཕྲོག་བཅོམ་བྱེད་པ།
(གཉིས)སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་སྟེང་ནས་འཕྲོག་བཅོམ་བྱེད་པ།
(གསུམ)དངུལ་ཁང་དང་ཡང་ན་དངུལ་ལོར་ལས་ཁུངས་གཞན་པ་ནས་འཕྲོག་བཅོམ་བྱེད་པ།
(བཞི)ཐེངས་མང་འཕྲོག་བཅོམ་དང་ཡང་ན་གྲངས་འབོར་ཧ་ཅང་ཆེན་པོ་འཕྲོག་བཅོམ་བྱེད་པ།
(ལྔ)འཕྲོག་བཅོམ་བྱས་ནས་མི་ལ་ཤི་རྨས་བཟོས་པ།
(དྲུག)དམག་མི་དང་ཉེར་རྟོག་པར་བརྫུས་ནས་འཕྲོག་བཅོམ་བྱེད་པ།
(བདུན)མེ་མདའ་ཐོགས་ནས་འཕྲོག་བཅོམ་བྱེད་པ།
(བརྒྱད)དམག་སྤྱོད་དངོས་རྫས་འཕྲོག་འཅོམ་བྱེད་པ་དང་ཡང་ན་ཉེར་སེལ་དང་རྒུད་སྐྱོབ།དབུལ་སྐྱོབ་བཅས་ཀྱི་དངོས་རྫས་འཕྲོག་བཅོམ་བྱེད་པ།
དོན་ཚན་ཉིས་བརྒྱ་དང་རེ་བདུན་པ། སྤྱི་སྒེར་གཉིས་ཀྱི་རྒྱུ་ནོར་འཕྲོག་འཅོམ་བྱས་ཏེ། གྲངས་འབོར་ཅུང་ཆེ་བར། ལོ་གསུམ་མན་ཆད་ཀྱི་དུས་བཙོན་པ་མ་ཟད། ཆད་གཅོད་ཧ་ཅང ་ཆེ་བ་དང་དེ་མིན་གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་པར། ལོ་གསུམ་ཡན་ཆད་དང་ལོ་བཅུ་མན་ཆད་ཀྱི་དུས་བཙོན་གྱི་ཉེས་ཆད་གཅོད་པ་མ་ཟད། དངུལ་ཆད་ཀྱང་གཅོད་དགོས། གྲངས་འབོར་ཧ་ཅང་ཆེ་བ་འམ་ན་གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་པར། ལོ་བཅུ་ཡན་ཆད་ཀྱི་དུས་བཙོན་དང་ཡང་ན་ཚེ་བཙོན་གྱི་ཉེས་ཆད་གཅོད་པ་མ་ཟད། དངུལ་ཆད་གཅོད་པ་དང་ཡང་ན་རྒྱུ་ནོར་ཀྱང་གཞུང་བཞེས་བྱེད་དགོས། མཚོན་ཆ་བཟུང་ནས་འཕྲོད་བཅོམ་བྱས་པར་བཅའ་ཁྲིམས་འདིའི་དོན་ཚན་ཉིས་བརྒྱ་རེ་གསུམ་པའི་གཏན་ཁེལ་ལྟར་ནག་ཉེས་གཏན་ཁེལ་བྱས་ནས་ཉེས་ཆད་གཅོད་དགོས།
དོན་ཚན་ཉིས་བརྒྱ་དང་རེ་བརྒྱད་པ། མི་ཚོགས་འདུས་ནས་གཞུང་སྒེར་གྱི་རྒྱུ་ནོར་ཧམ་འཕྲོག་བྱས་པ་དང་གྲངས་འབོར་ཅུང་ཆེ་བའམ་གནས་ཚུལ་ཚབས་ཆེན་གཞན་པ་ཡོད་ཚེ། ཉེས་ཅན་གཙོ་བོ་དང་དེའི་ཁྲོད་ཧུར་ཐག་གིས་ཞུགས་མཁན་ལ། ལོ་གསུམ་མན་གྱི་དུས་བཙོན་དང་བཙན་ཉར་ལས་སྐུལ་ལམ་ཡང་ན་དོ་དམ་བྱེད་པ་མ་ཟད་དངུལ་ཆད་ཀྱང་གཅོད་དགོས། གྲངས་འབོར་ཧ་ཅང་ཆེ་བའམ་གནས་ཚུལ་ཤིན་ཏུ་ཚབས་ཆེན་གཞན་པ་ཡོད་ཚེ།ལོ་གསུམ་ཡན་ཆད་དངུལ་ཆད་ཀྱང་གཅོད་དགོས།
དོན་ཚན་ཉིས་བརྒྱ་དང་དོན་ལྔ་བ། གཞུང་སྒེར་གྱི་རྒྱུ་ནོར་ལ་བསམ་བཞིན་དུ་གཏོར་བརླག་བྱས་པ་གྲངས་འབོར་ཅུང་ཆེ་བའམ་གནས་ཚུལ་ཚབས་ཆེན་གཞན་པ་ཡོད་ཚེ། ལོ་གསུམ་མན་གྱི་དུས་བཙོན་དང་བཙན་ཉར་ལས་སྐུལ་བྱེད་པའམ་གནས་ཚུལ་ཤིན་ཏུ་ཚབས་ཆེན་གཞན་པ་ཡོད་ཚེ། ལོ་གསུམ་ཡན་དང་ལོ་བདུན་མན་གྱི་དུས་བཙོན་གྱི་ཉེས་ཆད་གཅོད་དགོས།
ལེའུ་དྲུག་པ། སྤྱི་ཚོགས་དོ་དམ་སྒྲིག་ལམ་ལ་གནོད་སྐྱེལ་བའི་ནག་ཉེས།
དོན་ཚན་ཉིས་བརྒྱ་དོན་བརྒྱད་པ། མང་ཚོགས་ངན་སྐུལ་བྱས་ཏེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལག་བསྟར་བྱེད་པར་དྲག་ཤུགས་ཀྱིས་ངོ་རྒོལ་བྱེད་པ་ལ། ལོ་གསུམ་མན་གྱི་དུས་བཙོན་དང་བཙན་ཉར་ལས་སྐུལ། དོ་དམ་མམ་ཡང་ན་ཆབ་སྲིད་ཀྱི་དབང་ཆ་ལེན་པའི་ཉེས་ཆད་གཅོད་དགོས། མཇུག་འབྲས་ཚབས་ཆེན་བཟོས་པ་ལ། ལོ་གསུམ་ཡན་དང་ལོ་བདུན་མན་གྱི་དུས་བཙོན་གྱི་ཉེས་ཆད་གཅོད་དགོས།
དོན་ཚན་ཉིས་བརྒྱ་དང་གྱ་དགུ་བ། མི་ཚོགས་འདུས་ནས“རྡུང་གཅོག་འཕྲོག་གསུམ”བྱས་ཏེ་མི་ལ་རྨས་སྐྱོན་བཟོས་པ་དང་ཤི་རུ་བཅུག་པར། བཅའ་ཁྲིམས་འདིའི་དོན་ཚན་ཉིས་བརྒྱ་དང་སོ་བཞི་བ་དང་ཉིས་བརྒྱ་དང་སོ་གཉིས་པའི་གཏན་ཁེལ་ལྟར་ནག་ཉེས་གཏན་ཁེལ་བྱས་ནས་ཉེས་ཆད་གཅོད་དགོས། གཞུང་སྒེར་རྒྱུ་ནོར་བརླག་པའམ་འཕྲོག་པར། ཕྱིར་སྤྲོད་པ་དང་སྐྱིན་ཚབ་འཇལ་དགོས་པའི་བཀའ་འབེབ་པ་ལས་གཞན། ཉེས་ཅན་གཙོ་བོར་བཅའ་ཁྲིམས་འདིའི་དོན་ཚན་ཉིས་བརྒྱ་དང་རེ་གསུམ་པའི་གཏན་ཁེལ་ལྟར་ནག་ཉེས་གཏན་ཁེལ་བྱས་ནས་ཉེས་ཆད་གཅོད་དགོས།
དོན་ཚན་ཉིས་བརྒྱ་དང་དགུ་བཅུ་བ། མི་ཚོགས་འདུས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པའི་གནས་ཚུལ་ཚབས་ཆེ་ཞིང་། བྱ་བ་དང་ཐོན་སྐྱེད། ཚོང་གཉེར། སློབ་ཁྲིད། ཚན་ཞིབ་བཅས་བྱེད་ཐབས་མེད་པར་བཏང་ནས་གྱོང་གུད་ཚབས་ཆེན་བཟོས་པ་ལ། ཉེས་ཅན་གཙོ་བོར་ལོ་གསུམ་ཡན་དང་ལོ་བདུན་མན་གྱི་དུས་བཙོན་གྱི་ཉེས་ཆད་གཅོད་པ་དང་། དེའི་ཁྲོད་ཧུར་ཐག་གིས་ཞུགས་མཁན་གཞན་དག་ལ་ལོ་གསུམ་མན་གྱི་དུས་བཙོན་དང་བཙན་ཉར་ཆད་གཅོད་དགོས།
མི་ཚོགས་འདུས་ནས་རྒྱལ་ཁབ་ལས་ཁུངས་ལ་ཕོག་ཐུག་བཏང་སྟེ། རྒྱལ་ཁབ་ལས་ཁུངས་ཀྱིས་བྱ་བ་སྒྲུབ་ཐབས་མེད་པར་བཏང་ནས་གྱོང་གུད་ཚབས་ཆེན་བཟོས་པ་ལ། ཉེས་ཅན་གཙོ་བོར་ལོ་ལྔ་ཡན་དང་ལོ་བཅུ་མན་གྱི་དུས་བཙོན་གྱི་ཉེས་ཆད་གཅོད་པ་དང་། དེའི་ཁྲོད་ཧུར་ཐག་གིས་ཞུགས་མཁན་གཞན་དག་ལ་ལོ་ལྔ་མན་གྱི་དུས་བཙོན་དང་བཙན་ཉར་ལས་སྐུལ། དོ་དམ་མམ་ཡང་ན་ཆབ་སྲིད་ཀྱི་དབང་ཆ་ལེན་པའི་ཉེས་ཆད་གཅོད་དགོས།
དོན་ཚན་ཉིས་བརྒྱ་དང་གོ་གཅིག་པ། མི་ཚོགས་འདུས་ནས་འབབ་ཚུགས་དང་གྲུ་ཁ། དམངས་སྤྱོད་མཁའ་འགྲུབ་འབབ་ཚུགས། ཚོང་ར། སྤྱི་གླིང་། གློག་བརྙན་ཟློས་གར་ཁང་། བཤམ་སྟོན་ཁང་། ལུས་རྩལ་ར་བའམ་མི་ཚོགས་འདུ་ས་གཞན་པའི་སྒྲིག་ལམ་དཀྲུགས་པ་དང་། མི་ཚོགས་འདུས་ནས་བགྲོད་ལམ་བཀག་པའམ་འགྲིམ་འགྲུལ་སྒྲིག་ལམ་ལ་གཏོར་བརླག་བྱས་པ། རྒྱལ་ཁབ་ཀྱི་བདེ་སྐྱོང་དོ་དམ་ལས་བྱེད་མི་སྣས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་ངོ་རྒོལ་དང་འགལ་རྐྱེན་བཟོས་པའི་གནས་ཚུལ་ཚབས་ཆེ་བ་ལ། ཉེས་ཅན་གཙོ་བོ་ལོ་ལྔ་མན་གྱི་དུས་བཙོན་དང་བཙན་ཉར་ལས་སྐུལ་བྱེད་པའི་ཉེས་ཆད་གཅོད་དགོས།
དོན་ཚན་ཉིས་བརྒྱ་དང་གོ་གསུམ་པ། གཤམ་གསལ་གྱི་བསྙད་འཚོལ་འཁྲུག་སློང་གི་བྱ་སྤྱོད་ནང་གི་གཅིག་ཡོད་ཅིང་། སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བྱས་པར། ལོ་ལྔ་མན་གྱི་དུས་བཙོན་དང་བཙན་ཉར་ལས་སྐུལ་ལམ་དོ་དམ་བྱེད་པའི་ཉེས་ཆད་གཅོད་རྒྱུ་ཡིན་ཏེ།
(གཅིག)གང་འདོད་ལྟར་མི་གཞན་པར་གཅེར་རྡུང་བྱས་པའི་གནས་ཚུལ་ཚབས་ཆེ་བ།
(གཉིས)མི་གཞན་པར་བདའ་འདེད་དང་བཀག་འགོག་སྡིག་དམོད་བཅས་བྱས་པའི་གནས་ཚུལ་ཚབས་ཆེ་བ།
(གསུམ)གཞུང་སྒེར་གྱི་རྒྱུ་ནོར་བཙན་གྱིས་ལེན་པའམ་གང་འདོད་ལྟར་བརླག་པ་དང་འཛིན་སྤྱོད་བྱས་པའི་གནས་ཚུལ་ཚབས་ཆེ་བ།
(བཞི)མི་ཚོགས་འདུ་ས་རུ་འུར་བརྒྱབ་ཏེ་ཟིང་ཆ་བསླངས་ནས་སྤྱི་པའི་སྒྲིག་ལམ་དཀྲུགས་པའི་ཚབས་ཆེ་བ་བཅས་སོ།
དོན་ཚན་ཉིས་བརྒྱ་དང་གོ་དྲུག་པ། མི་ཚོགས་འདུ་བ་དང་ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་སྐབས། བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་རེ་འདུན་མ་ཞུ་བའམ་རེ་འདུན་ལ་ཆོག་མཆན་མ་ཐོབ་པ། ཡང་ན་གཙོ་གཉེར་ལས་ཁུངས་ཀྱིས་ཆོག་མཆན་བཀོད་པའི་འགོ་རྩོམ་པ་དང་མཇུག་བསྡུ་བའི་དུས་ཚོད་དང་ས་གནས། ལམ་ཕྱོགས་ལྟར་མི་བྱེད་ཅིང་། ཁ་ཐོར་དགོས ་པའི་བཀའ་ཁྱབ་ཡང་བརྩི་སྲུང་མི་བྱེད་པར་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཏང་ཚེ་མི་ཚོགས་འདུ་བ་དང་ཐད་ཀར་གྱི་འགན་ཁུར་བར་ལོ་ལྔ་མན་གྱི་དུས་བཙོན་དང་བཙན་ཉར་ལས་སྐུལ། དོ་དམ་མམ་ཡང་ན་ཆབ་སྲིད་ཀྱི་དབང་ཆ་ལེན་པའི་ཉེས་ཆད་གཅོད་དགོས།
དོན་ཚན་ཉིས་བརྒྱ་དང་གོ་བདུན་པ། བཅའ་ཁྲིམས་ཀྱི་གཏན་ཁེལ་དང་འགལ་ནས་མཚོན་ཆ་དང་བཀག་སྡོམ་བྱེད་པའི་གྲི་ཆས་སམ་འབར་གས་དངོས་རྫས་བཟུང་ནས་མི་ཚོགས་འདུ་བ་དང་ཁྲིམ་སྐོར། རྔམ་སྟོན་བཅས་བྱེད་པ་ལ།ལོ་གསུམ་མན་གྱི་དུས་བཙོན་དང་བཙན་ཉར་ལས་སྐུལ། དོ་དམ་མམ་ཡང་ན་ཆབ་སྲིད་ཀྱི་དབང་ཆ་ལེན་པའི་ཉེས་ཆད་གཅོད་དགོས།
དོན་ཚན་ཉིས་བརྒྱ་དང་གོ་བརྒྱད་པ། ཁྲིམས་ལྟར་མི་ཚོགས་འདུ་བ་དང་ཁྲིམ་སྐོར། རྔམ་སྟོན་བཅས་བྱེད་པར་དཀྲོག་རྐྱེན་བཟོ་བ་དང་ཕོག་ཐུག་གཏོང་བའམ་བྱེད་ཐབས་གཞན་པར་བརྟེན་ནས་གཏོང་བརླག་བྱས་ཏེ། སྤྱི་པའི་སྒྲིག་ལམ་དཀྲུགས་པ་ལ་ལོ་ལྔ་མན་གྱི་དུས་བཙོན་དང་བཙན་ཉར་ལས་སྐུལ། དོ་དམ་མམ་ཡང་ན་ཆབ་སྲིད་ཀྱི་དབང་ཆ་ལེན་པའི་ཉེས་ཆད་གཅོད་དགོས།
དོན་ཚན་ཉིས་བརྒྱ་དང་གོ་དགུ་བ། མི་ཚོགས་འདུ་ས་རུ་བསམ་བཞིན་དུ་བསྲེགས་པ་དང་བརླག་པ། ནག་ནོག་བྱུག་པ།བཙོག་པོར་བཟོ་བ། རྡོག་བརྫིས་བྱེད་པ་སོགས་བྱེད་སྟངས་སྤྱད་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་རྟགས་ལ་དམའ་འབེབས ་བྱེད་པ་ལ། ལོ་གསུམ་མན་གྱི་དུས་བཙོན་དང་བཙན་ཉར་ལས་སྐུལ།དོ་དམ་མམ་ཡང་ན་ཆབ་སྲིད་ཀྱི་དབང་ཆ་ལེན་པའི་ཉེས་ཆད་གཅོད་དགོས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྐྱོང་དོ་དམ་གྱི་ཉེས་ཆད་གཅོད་པའི་བཅའ་ཁྲིམས།
ལེ་ཚན་གདམ་བཀོད
ལེའི་དང་པོ། སྤྱིའི་རྩ་དོན།
དོན་ཚན་གཉིས་པ། སྤྱི་པའི་སྒྲིག་ལམ་དཀྲུགས་པ་དང་སྤྱི་པའི་བདེ་འཇགས་ལ་གནོད་སྐྱེལ་བ།མིའི་ལུས་ཁམས་ཀྱི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བ། སྤྱི་ཚོགས ་དོ་དམ་ལ་གནོད་རྐྱེན་བཟོ་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་གཏན་ཁེལ་ལྟར་ནག་ཉེས་སུ་གྲུབ་པར། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་པ་དང་། ཉེས་དོན་གྱི་ཉེས་ཆད་གཅོད་པའི་ཚད་མི་ལོངས་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་བཅའ་ཁྲིམས་འདི་ལྟར་བདེ་སྐྱོང་དོ་དམ་གྱི་ཉེས་ཆད་གཅོད་དགོས།
དོན་ཚན་དྲུག་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་སྤྱི་ཚོགས་བདེ་འཇགས་ཕྱོགས ་བསྡུས་བཅོས་སྐྱོང་ཐད་ཤུགས་སྣོན་པ་དང་། ནུས་ཡོད་ཀྱི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ཀྱི་འགལ་བ་ཞི་འཇགས་དང་སྤྱི་ཚོགས་འཆམ་མཐུན་ཇེ་ཡོང་དུ་གཏོང་བ་དང་། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱེད་དགོས།
དོན་ཚན་བརྒྱད་པ། བདེ་སྐྱོང་དོ་དམ་དང་འགལ་བའི་བྱ་སྤྱོད་ཀྱིས་མི་གཞན་པར་གནོད་སྐྱོན་བཟོས་ཚེ།བྱ་སྤྱོད་སྤེལ་མཁན་ནམ་དེའི་ལྟ་སྐྱོང་བས་ཁྲིམས་ལྟར་དམངས་དོན་གྱི་འགན་འཁྲི་ཁུར་དགོས།
ལེའུ་གཉིས་པ། ཉེས་ཆད་ཀྱི་རིགས་དང་སྤྱོད་གོ་ཆོད་ཡུལ།
དོན་ཚན་བཅུ་བདུན་པ། བདེ་སྐྱོང་དོ་དམ་དང་མཉམ་དུ་འགལ་བར། བདེ་སྐྱོང་དོ་དམ་དང་འགལ་བའི་བྱ་སྤྱོད་སྤེལ་མཁན་གྱིས་བདེ་སྐྱོང་དོ་དམ་དང་འགལ་བའི་བྱ་སྤྱོད་སྤེལ་ཁྲོད་བཏོན་པའི་ནུས་པ་གཞིར་བཟུང་སྟེ་ཐ་དད་དུ་ཉེས་ཆད་གཅོད་དགོས།
མི་གཞན་པར་སྐུལ་དང་འཇིགས་སྐུལ།བསླུ་བྲིད་བཅས་བྱས་ནས་བདེ་སྐྱོང་དོ་དམ་དང་འགལ་དུ་བཅུག་པ་ལ། དེས་ངན་སྐུལ་དང་འཇིགས་སྐུལ།བསླུ་བྲིད་བཅས་བྱས་པའི་བྱ་སྤྱོད་ལྟར་ཉེས་ཆད་གཅོད་དགོས།
ལེའུ་གསུམ་པ། བདེ་སྐྱོང་དོ་དམ་དང་འགལ་བའི་བྱ་སྤྱོད་དང་ཉེས་ཆད།
དོན་ཚན་སོ་གཉིས་པ། མེ་མདའ་དང་རྫས་མདེལ་ལམ་མདའ་གཞུ། གློ་གྲི་སོགས་རྒྱལ་ཁབ་ཀྱིས་བཀག་སྡོམ་བྱེད་པར་གཏན་ཁེལ་བྱས་པའི་མཚོན་ཆ་ཁྲིམས་འགལ་གྱིས་ཁྱེར་བཟུང་བྱས་པར། ཉིན་ལྔ་མན་གྱི་བཀག་སྐྱིལ་བྱེད་པ་དང་།དེ་དང་ཆབས་ཅིག་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཅུང་ཆུང་བར་ཐ་ཚིག་སྒྲོག་པའམ་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས།
མེ་མདའ་དང་རྫས་མདེལ་ལམ་མདའ་གཞུ། གློ་གྲི་སོགས་རྒྱལ་ཁབ་ཀྱིས་བཀག་སྡོམ་བྱེད་པར་གཏན་ཁེལ་བྱས་པའི་མཚོན་ཆ་ཁྱེར་ནས་མི་ཚོགས་འདུ་སའམ་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་སྟེང་སོང་བར། དེ་དང་ཆབས་ཅིག་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་བཅད་ཆོག
དོན་ཚན་ཞེ་གསུམ་པ། མི་གཞན་པར་གཅེར་རྡུང་བྱས་པ་དང་། ཡང་ན་བསམ་བཞིན་དུ་མི་གཞན་པའི་ཕུང་བོར་གནོད་སྐྱོན་བཟོས་པར། ཉིན་ལྔ་ཡན་དང་ཉིན་བཅུ་མན་གྱི་བཀག་སྐྱིལ་བྱེད་པའི་ཆབས་ཅིག་ཏུ། སྒོར་ཉིས་བརྒྱ་ཡན་དང་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས། གནས་ཚུལ་ཚབས་ཅུང་ཆུང་བར་ཉིན་ལྔ་མན་གྱི་བཀག་སྐྱིལ་བྱེད་པའམ་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས།
གཤམ་གསལ་གྱི་གནས་ཚུལ་ནང་གི་གཅིག་ཡོད་ཚེ།ཉིན་བཅུ་ཡན་དང་ཉིན་བཅོ་ལྔའི་མན་གྱི་བཀག་སྐྱིལ་བྱེད་པའི་ཆབས་ཅིག་ཏུ། སྒོར་ལྔ་བརྒྱ་ཡན་དང་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་གཅོད་དགོས།
(གཅིག)དཔུང་བསྒྲིགས་ནས་མི་གཞན་པར་གཅེར་རྡུང་བྱས་པ་དང་གནོད་སྐྱོན་བཟོས་པ།
(གཉིས)དབང་བོ་སྐྱོན་ཅན་དང་སྦྲུམ་མ།ལོ་ཧྲིལ་བོ་བཅུ་བཞི་སོན་མེད་པའི་བྱིས་པའམ་ལོ་ཧྲིལ་བོ་དྲུག་ཅུ་ཡན་གྱི་རྒན་པར་གཅེར་རྡུང་བྱས་པ་དང་གནོད་སྐྱོན་བཟོས་པ།
(གསུམ)མི་གཞན་པར་ཐེངས་མང་པོར་གཅེར་རྡུང་བྱས་པ་དང་གནོད་སྐྱོན་བཟོས་པའམ་ཐེངས་གཅིག་གིས་མི་མང་པོར་གཅེར་རྡུང་བྱས་པ་དང་གནོད་སྐྱོན་བཟོས་པ།
དོན་ཚན་ཞེ་བདུན་པ། མི་རིགས་ཀྱི་ཞེ་འཁོན་འཛིན་པ་དང་མི་རིགས་ལ་མཐོང་ཆུང་བྱེད་པར་ངན་སྐུལ་བྱེད་པའམ་པར་སྐྲུན་ཡིག་རིགས་དང་རྩིས་འཁོར་ཆ་འཕྲིན་དྲ་རྒྱ་ཁྲོད་མི་རིགས་ལ་མཐོང་ཆུང་དང་དམའ་འབེབས་བྱེད་པའི་ནང་དོན་འགོད་པ་ལ། ཉིན་བཅུ་ཡན་དང་ཉིན་བཅོ་ལྔའི་མན་གྱི་བཀག་སྐྱིལ་བྱེད་པ་དང་། དེ་དང་ཆབས་ཅིག་དུ་སྒོར་སྟོང་མན་གྱི་དངུལ་ཆད་བཅད་ཆོག
དོན་ཚན་ལྔ་བཅུ་བ། གཤམ་གསལ་གྱི་བྱ་སྤྱོད་ནང་གི་གཅིག་ཡོད་ཚེ། ཇ་ཚིག་སྒྲོག་པའམ་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་པ་དང་། གནས་ཚུལ་ཚབས་ཆེ་བར་ཉིན་ལྔ་ཡན་དང་ཉིན་བཅུ་མན་གྱི་བཀག་སྐྱིལ་བྱེད་པའི་ཆབས་ཅིག་ཏུ། སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་བཅད་ཆོག
(གཅིག)མི་དམངས་སྲིད་གཞུང་གིས་ཛ་དྲག་ཆེ་བའི་གནས་ཚུལ་འོག་ཁྱབ་བསྒྲགས་བྱས་པའི་ཆོད་དོན་དང་བཀའ་རྒྱ་ལག་བསྟར་མི་བྱེད་པ།
(གཉིས)ལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་འགལ་རྐྱེན་བཟོ་བ།
(གསུམ)བྲེལ་མྱུར་ལས་འགན་ལག་བསྟར་བྱེད་པའི་མེ་གསོད་རླངས་འཁོར་དང་སྨན་བཅོས་སྲོག་སྐྱོབ་རླངས་འཁོར། བཟོ་འགོད་ཀྱི་ཉེན་ཁ་མྱུར་སེལ་རླངས་འཁོར། ཉེན་ཟོན་རླངས་འཁོར་སོགས་སྐྱོད་པར་བཀག་འགོག་བྱེད་པ།
(བཞི)སྤྱི་བདེ་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱས་པའི་ཉེན་ཟོན་ས་མཚམས་དང་ཉེན་ཟོན་ས་ཁུལ་དུ་བཙན་རྒྱུག་བྱེད་པ། མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་འགལ་རྐྱེན་བཟོ་བར་ཉེས་ཆད་ལྕི་མོ་གཅོད་དགོས།
དོན་ཚན་ང་ལྔ་བ། ཁྲིམས་འགལ་གྱིས་མི་ཚོགས་འདུ་བ་དང་ཁྲོམ་སྐོར་དང་རྔམ་སྟོན་པར་ངན་སྐུལ་དང་ཇུས་འགོད་བྱེད་པ་དང་། བཀག་སྡོམ་བསླབ་བྱར་ཡང་མི་ཉན་པ་ལ་ཉིན་བཅུ་ཡན་དང་ཉིན་བཅོ་ལྔའི་མན་གྱི་བཀག་སྐྱིལ་བྱེད་དགོས།
༄༅། །རྒྱལ་གཅེས་དཔའ་བོ་རྣམས་ཀྱི་བསམ་ཡུལ་ལས་འདས་པའི་མཛད་རྗེས་ལ། གངས་ཕྲུག་ངས་རྗེས་སུ་ཡི་རང་དང་ལག་གཉིས་ཐལ་མོ་སྦྱར་ཏེ་གུས་འདུད་ཞུ།