རྔ་བ་རྒྱལ་ཁམས་པ།
མེ་ལྕེ་དེས། ལོག་རྟོག་གི་སྲོག་རྩ་བསྐུམས།
མེ་ལྕེ་དེས། ཧམ་སེམས་ཀྱི་བརྙས་བཅོས་བསྲེགས།
མེ་ལྕེ་དེས། བཙན་གནོན་གྱི་དཔུང་བ་ཚིག
མེ་ལྕེ་དེས། ཕྱོགས་རིས་ཀྱི་ངོ་གདོང་གཞོབས།
མེ་ལྕེ་དེས། མཁྲེགས་འཛིན་གྱི་ཀླད་ཞོ་དཀྲུགས།
མེ་ལྕེ་དེས། དྲག་རྩུབ་ཀྱི་མཚོན་ཆ་བཞུས།
མེ་ལྕེ་དེས། རྫུན་ཕུགས་ཀྱི་ལྕེ་གཉིས་བསྐམས།
མེ་ལྕེ་དེས། མུན་ནག་གི་གྲིབ་མ་བསལ།
མེ་ལྕེ་དེས། སླུ་བྲིད་ཀྱི་གཡོ་འགུལ་བདས།
མེ་ལྕེ་དེས། མཐོ་སྒང་གི་ཁོར་ཡུག་སྲུང་།
མེ་ལྕེ་དེས། དར་ལམ་གྱི་རྒྱ་འགྲུལ་འགོག
མེ་ལྕེ་དེས། གཞིས་བྱེས་ཀྱི་སྲོག་རྩ་མཐུད།
མེ་ལྕེ་དེས། དཔའ་རྟགས་ཀྱི་ཉེན་བརྡ་བཏང་།
མེ་ལྕེ་དེས། སྲུང་བཙན་གྱི་སྟོབས་ཤུགས་ངོམ།
མེ་ལྕེ་དེས། ཞི་བདེ་ཡི་དབུ་འཕངས་བསྟོད།
མེ་ལྕེ་དེས། མི་རིགས་ཀྱི་བླ་སྲོག་གསོས།
མེ་ལྕེ་དེས། འགྲན་རྩོད་ཀྱི་རྡོ་རིང་བསླངས།
མེ་ལྕེ་དེས། འཚོ་གནས་ཀྱི་གོ་རྟོགས་བཤད།
མེ་ལྕེ་དེས། བག་འཁུམ་གྱི་སྐེ་ཚིགས་འཐེན།
མེ་ལྕེ་དེས། མདུན་བགྲོད་ཀྱི་བློ་ཁོག་གསལ།
མེ་ལྕེ་དེས། འཛམ་གླིང་ལ་དྲན་སྐུལ་བྱས།
མེ་ལྕེ་དེས། འཇིན་རྟེན་ན་གྲགས་པ་འབར།
མེ་ལྕེ་དེས། ལོ་རྒྱུས་ཀྱི་གསེར་ཡིག་བྲིས།
མེ་ལྕེ་དེས། ལས་དབང་གི་འཁོར་བསྐྱོད་བཅོས།
མེ་ལྕེ་དེས། དུས་རབས་ལ་འབོད་པ་བཏང་།
མེ་ལྕེ་དེས། བདེན་རྒྱབ་ཀྱི་ལྕགས་རི་བསླངས།
མེ་ལྕེ་དེས། འཁྲུལ་སྣང་ལ་ནོར་རྟགས་བཏབ།
མེ་ལྕེ་དེས། འདས་དོན་ལ་འཁངས་ར་བྱས།
མེ་ལྕེ་དེས། མ་འོངས་པའི་བོད་ཁྱིམ་བཞེངས།
མེ་ལྕེ་དེས། ད་ལྟ་བའི་གནས་ལུགས་བཤད།
མེ་ལྕེ་འུར་འུར་འབར། འབོད་སྒྲ་ལྷང་ལྷང་གྲགས།
མེ་ལྕེ་དེས།
བུ་ཆུང་གི་སེམས་ཁམས་མེ་ལྕེ་ལྟར་བསྲེགས།
མེ་ལྕེ་དེས།
བུ་ཆུང་གི་མིག་ཟུང་ལས་སྐྱོ་གདུང་གི་མཆི་མ་ལྷུང་དུ་བཅུགས།
མེ་ལྕེ་དེས།
བུ་ཆུང་གི་རྨི་ལམ་ཞིམ་པོ་དཀྲུགས་དཀྲུགས་བཏང་།
དམར་ཆེམ་ཆེམ་གྱི་མེ་ལྕེ་རེ་རེ།
རྔམ་དྲག་གིས་འབར་ཞིང་གཟི་བརྗིད་ཀྱིས་ཡལ་འགྲོ།
འཇིགས་སྔངས་ཀྱིས་འོངས་མོད་རྟུལ་ཕོད་ཀྱིས་ཕེབས་འགྲོ།