ཉེ་དུས་མདའ་ཚན་པའི་ཤད་ཀྱི་བཤད་པ་ལས་འཕྲོས་ཏེ་བགྲོ་གླེང་མང་བོ་ཞིག་གནང་སོང་། ཡི་གེ་ཇི་ལྟར་བྲི་བའི་སྲོལ་ལ་སྐད་ཆ་ཁ་ཤས་ཤིག་ཤོད་འདོད་སྐྱེས་སོང་། སྤྱིར་གསུང་རབ་གླེགས་བམ་དུ་བྲི་བའི་སྲོལ་ཀ་བཀའ་བསྡུ་གསུམ་པའི་སྐབས་བྱུང་བར་འདོད་པ་དང་། སངས་རྒྱས་ཞལ་བཞུགས་དུས་ནས་བྱུང་བར་འདོད་མཁན་ཏེ། བཞེད་པ་མ་འདྲ་བ་གཉིས་འདུག བྱེ་བྲག་བོད་འདིར་ཐོན་མིའི་སྐུ་རིང་ལ་བྱུང་བར་ཆ་འཇོག་བྱེད་རིགས་ཤིང་། ཡོངས་གྲགས་ཐོན་མས་རྒྱ་གར་གྱི་ཡི་གེར་དཔེར་བླངས་ནས། དབྱངས་གསལ་དང་། མགོ་འདོགས། འཕུལ་རྟེན། ཕ་མ་བུ་ཚའི་ཡི་གེ སྲོག་རྐྱེན་གྱི་ཡི་གེ་སོགས་གཏན་ལ་ཕབ་པར་གྲགས། ངས་བཤད་འདོད་པ་ནིོ་རྐྱེན་གྱི་ཡི་གེའི་སྐོར་ཡིན། རྐྱེན་གྱི་ཡི་གེ་ཞེས་པ་ནི་དབུ་དང་ཤད་གཉིས་ཡིན་ཞིང་། དེང་སང་རྐྱེན་གྱི་ཡི་གེའི་བྲི་སྲོལ་ཕལ་ཆེར་ཉམས་བཞིན་ཡོད་པ་འདྲ། སྲོལ་རྒྱུན་བྲི་སྲོལ་ནང་རྩོམ་ཡིག་གང་ཞིག་འབྲི་སྐབས་དབུ་ཁྲིད་ལྟ་བུའི་དབུ་ཁྱུད་འདིས༄།། ཐོག་དྲངས་ནས་རྩོམ་གྱི་ལུས་ལ་འཇུག་དགོས་པ་རེད། ད་ལྟའི་དྲྭ་རྩོམ་དང་། དེབ་གཟུགས་སུ་བསྐྲུན་པའི་དཔེ་ཆ་མང་བོའི་ནང་རྩོམ་ཡིག་གི་མགོར་དབུ་ཁྱུད་འཇོག་མཁན་ཉུང་ཉུང་རེད། དེ་ལ་དགོས་པ་དང་རྒྱུན་མཚན་གཞན་ཞིག་ཡོད་ན་མ་གཏོགས་ཡིག་མགོར་དབུ་ཁྱུད་འདི་ངེས་པར་དུ་འཇོག་དགོས་ཀྱི་འདུག དེ་བཞིན་ཤད་ཀྱི་སྐོར་རེད། ༼དཀའ་གནད་གསལ་བའི་མེ་ལོང་།༽ལས། ལྷུག་པའི་དོན་མང་མིང་མཚམས་དང་།། དོན་འབྲིང་འབྱེད་དང་དོན་ཉུང་རྫོགས།། ཚིགས་བཅད་ག་མཐར་ཆིག་ཤད་བྱ།། རྫོགས་ཚིག་མཐའ་ཅན་ལྷུག་པ་དང་།། ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ།། དོན་ཚན་ཆེན་མོ་རྫོགས་པ་དང་།། ལེའུའི་མཚམས་སུ་བཞི་ཤད་དགོས།། ང་ཡིག་མ་གཏོགས་ཡིག་ཤད་དབར།། ཚེག་མེད་དེ་སོགས་ཞིབ་ཏུ་འབད།། ཅེས་པའི་རྩ་དོན་ལྟར་བྲིས་ན་ལེགས་ཤིང་། ཤད་ལ་ཕུར་ཤད། རིན་ཆེན་སྤུངས་ཤད། སྦྲུལ་ཤད་སོགས་མང་བོ་ཡོད། ཡིག་ཚུགས་ཐུབ་ཆེད་ཕྲེང་མགོར་ཡིག་འབྲུ་གཅིག་ལས་མེད་ན་རིན་ཆེན་སྤུངས་ཤད་འཇོག་པ་དང་། ལ་ལས་འདི་ལ་ཚེག་ཁྱིམ་གཅིག་ཏུ་བརྩིས་པའང་མཐོང་མོད། ཡིག་འབྲུ་གཉིས་འདུས་པ་ཡན་ཆད་ཚུགས་ཐུབ་ཏུ་བརྩིས་ནས་རྐྱང་ཤད་ལས་སྤུངས་ཤད་མ་བྲིས་ན་ག་འདྲ་འདུག་བརྟག་པར་མཛོད། རྐང་བ་ཅན་མ་གཏོགས་ཕྲེང་མགོའི་ཡི་གེ་དེ་རྫོགས་ཚིག་དང་ཚིགས་བཅད་ཀྱི་རྐང་མཐའ་ཡིན་ན། སྤུངས་ཤད་གཉིས་དང་། རྐང་བ་ཅན་ལ་རྐྱང་ཤད་གཅིག་བྲི་དགོས་པར་འདོད། ཚིགས་བཅད་དང་རྫོགས་ཚིག་མཐར་རྐང་བ་ཅན་ལ་རྐྱང་ཤད་གཅིག་དང་། དེ་མིན་སྤུངས་ཤད་གཉིས་སམ། ཡང་ན་སྤུངས་ཤད་གཅིག་དང་རྐྱང་ཤད་གཅིག་འབྲི་བ་ལས། རྐྱང་ཤད་གཉིས་བྲིས་ན་ཡིག་ཟོར་ཡངས་ཤིང་མཐོང་སྣང་ལའང་སྙིང་རྗེ་བོར་མཐོང་། རྫོགས་ཚིག་རྐང་བ་ཅན་ལ་རྐྱང་ཤད་གཅིག་རེ་དང་། མགོ་འདོགས་རྐང་བ་ཅན་གྱི་ཡི་གེ་ཡིན་ན་མགོ་འདོགས་ཀྱི་ནུས་པས་རྐང་བ་ཐུང་ངུར་བཏང་ཡོད་སྟབས། སྐབས་བསྟུན་ཆིག་ཤད་དང་ཉིས་ཤད་བྲིས་ན་ལེགས། རྫོགས་ཚིག་དང་ཚིགས་བཅད་མ་གཏོགས་དབྱངས་བཞི་ལས་གང་ཞིག་ལྡན་ཀྱང་། རྐང་རིང་ལ་ཤད་མ་བྲིས་ན་བདེ་བར་སྣང་། ང་ཡིག་པ་བ་གང་རུང་དང་མི་ནོར་བའི་ཆེད་ཤད་གོང་དུ་ཚེག་བཞག་དགོས་བྱུང་བ་རེད། འ་ཡིག་ལ་དང་། ན་ཡིག་མ་དང་མི་ནོར་བའི་ཆེད་ཤད་གོང་དུ་ཚེག་འཇོག་འོས་པའི་བསམ་འཆར་ལའང་བསམ་བློ་གཏོང་འོས་པ་ཞིག་ཡིན། དཔེ་རྙིང་འགའ་རེའི་ནང་ཚིགས་བཅད་སྐབས། ཤད་གཅིག་ཚིགས་བཅད་ཀྱི་མགོ་དང་། ཤད་གཅིག་ཚིགས་བཅད་ཀྱི་མཇུག་ཏུ་བྲིས་པའང་འདུག་ཀྱང་། འདི་ལ། ཚིགས་བཅད་རྐང་མཐར་ཉིས་ཤད་བྱ།། ཞེས་པའི་ལུང་གཙིགས་ཆེར་བཟུང་སྟེ། ཉིས་ཤད་དེ་ཚིགས་བཅད་ཀྱི་མཐར་བྲིས་ན་འོས་ཤིང་འཚམས། རང་མོས་སྙན་ངག་འབྲི་སྐབས། ཚིག་གི་གཅོད་མཚམས་དང་། མིང་དང་ཚིག་གི་མཐར་ཤད་འགངས་ནས་མི་འཇོག་པའི་ལུགས་ཤིག་དང་། ཤད་འཇོག་མཁན་གྱི་རིགས་གཉིས་མཐོང་ཞིང་། དགག་དགོས་ཀྱི་རྒྱུ་མཚན་འཐད་ལྡན་མེད་ན། སྲོལ་རྒྱུན་ལྟར་ཕྲེང་གཅོད་མཚམས་སུ་ཤད་འབྲི་བའི་སྲོལ་མ་ཉམས་ན་བཟང་། ཡང་ལ་ལས། བསྟན་བཅོས་སམ། རྩོམ་དེབ་ཀྱི་མཚན་དྲངས་དགོས་ཚེ་གུག་རྟགས་འདི( )ལྟ་བུའི་ནང་འཇོག་པ་ལས། མདོ་སྡེ་དགོངས་འགྲེལ། ཞེས་གསེག་བྲིས་བྱས་ན་ལེགས་ཚུལ་དང་། ཨིན་སྐད་ཀྱིvསྒྲ་བོད་སྐད་ཀྱི་ནང་གསལ་བོ་མི་ཐོན་པས། དེའི་ཚབ་ཏུ་ཧྦ་ཞེས་པའི་ཡིག་གེ་གསར་བཟོ་བྱས་པ། ཀྱེ་ཞེས་པ་ལྟ་བུ་ལ་ཚོར་རྟགས་འདི་སྦྱར་ནས་ཀྱེ༑ཞེས་འབྲི་དགོས་པའི་དགོངས་ཚུལ་བཏོན་པ་སོགས་ལ་བསམ་གཞིགས་བྱེད་དགོས་པར་སྣང་། དེ་བཞིན་གནའ་དཔེ་རྙིང་བའི་ནང་སྦྲུལ་ཤད་དེ་དོན་གནད་མི་འདྲ་བ་སོ་སོར་འབྱེད་པའི་མཚམས་སུ་འཇོག་པ། དཔེར་ན། སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། བླ་མ་ལ་ཡང་ཕྱག་འཚལ་ནས། ༈ ། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།། མིང་ཚིག་རྗོད་པ་ཀུན་གྱི་གཞི།། ཡི་གེའི་སྦྱོར་བ་བཤད་པར་བྱ།། ཞེས་བྲི་བའི་ལུགས་སྲོལ་ཡོད་འདུག་ཀྱང་། དེང་སང་ལུགས་སྲོལ་དེ་ཉམས་ནས་ཕལ་ཆེར་འབྲི་མཁན་མེད་པར་སྣང་ངོ་།། ཕུར་ཤད་འདི་ཅི་ལྟར་འཇོག་དགོས་སམ། ཧ་གསལ་བོ་ཞིག་གོ་མ་སོང་། ཤེས་མཁན་ཡོད་ན་གསུང་རོགས་ཞུ། སུམ་རྟགས་ཀྱི་རིག་གཞུང་དང་ཁ་གྱེས་ནས་ལོ་མང་བོ་སོང་སྟབས། ཚིག་དོན་གྱི་ཆར་སྐྱོན་ཡོད་སྲིད་པས། སྣང་བ་རབ་རོབ་ཀྱི་ངོགས་ནས་རོབ་བྲིས་བྱས་པ་འདི་ལ་དགོངས་འགལ་མེད་པར་ཞུ།།
ཡི་གི་བྲི་སྲོལ་རོབ་བཤད་གནང་བར་ཐུགས་རྗེ་ཆེ། རྗེས་སུ་ཡི་རང་དང་དགག་བཞག་རྗེས་སུ་འོངས་ངེས་ལགས།
ཐིག་མགོར་ཡིག་རྡོག་གཅིག་གི་ཡན་གཉིས་དང་གསུམ་བཅས་བྱུང་ཚེ་སྤྱི་འགྲོས་ཀྱི་ཤད་འཇོག་ཐོབ་ཐང་ལྟར་འཇོག་རྒྱུ་ལས། གཞན། ཐིག་མགོར་ཡིག་རྡོག་གཅིག་བྱུང་ཚེ།། རིན་ཆེན་སྤུངས་ཤད་གཅིག་དང་འགྲོགས།། ཞེས་གསུངས་པ་ལྟར་ཚིགས་བཅད་ཀྱི་མཐའ་ཡིན་ནའང་རུང་། ལེའུའི་མཚམས་ཡིན་ནའང་རུང་།དོན་ཚན་ཆེན་པོ་རྫོགས་མཚམས་ཡིན་ནའང་རུང་། གང་ལྟར་ཐིག་ཕྲེང་ཞིག་གི་མགོར་ཡིག་རྡོག་གཅིག་བྱུང་བ་ཡིན་ན། དེའི་མཐར་བཞི་ཤད་དང་ཉིས་ཤད། སྤུངས་ཤད་གཉིས། སྤུངས་ཤད་གཅིག་དང་རྐྱང་ཤད་གཅིག་བཅས་འབྲི་བའི་ངལ་འཛིན་མི་དགོས་པར་ཡིག་རྡོག་གཅིག་ལས་མེད་པ་དེའི་གྲོགས་ཀྱི་ཚུལ་ཅན་དུ་རིན་ཆེན་སྤུངས་ཤད་གཅིག་འཇོག་རྒྱུ་དེ་ཡིན། དེ་ནི་མིག་ལ་མཛེས་མི་མཛེས་ཀྱི་ངོས་ཐད་ཙམ་ནས་མིན་པར། བོད་རང་གི་ཡི་གེའི་ཁྱད་ནུས་དང་མཐོང་ཆེན་གཙིགས་འཛིན་གྱི་མཚོན་རྟགས་ཤིག་གི་ཚུལ་དུ་བོད་སྔ་རབས་པ་ཚོའི་སྲོལ་དུ་བྱུང་བ་ཞིག་ཡིན་པས། དེང་སྐབས་བོད་ཡིག་ལག་བྲིས་མི་བྱེད་པར་གློག་ཀླད་དུ་གཏག་སྟེ་ཡི་གེ་ལ་མཛེས་སྤྲས་བྱེད་པའི་སྐབས་བསྟུན་རང་འདོད་བྱུང་རྒྱལ་དུ་བཅོས་བསྒྱུར་བྱས་ན་མི་འོས་པར་སྙམ་མོ།།
ང་མཐར་ཤད་གོང་ཕྱི་ཚེག་འབྲི།། ཞེས་ང་ཡིག་དེ་ཤད་དང་ཐུག་འཕྲད་ཀྱིས་བ་ཡིག་ལ་ནོར་དོགས་ཀྱིས་ང་མཐར་ཤད་ཀྱི་གོང་དུ་ཚེག་འབྲི་བའི་སྲོལ་ཡོད་པ་དེ་བཞིན་ན་དང་འ་ཡིག་གཉིས་ཀྱི་རྗེས་སུ་ཤད་གོང་ཚེག་འབྲི་དགོས་པའི་ངལ་བ་དེ་ཡང་འཛིན་མི་དགོས་པར་འདོད། དེ་ནི་ཡི་གེ་སོ་སོའི་འབྲི་ཚུལ་དངོས་ཀྱི་དབྱིབས་བཟོའི་གྲུབ་སྟངས་ཀྱི་ཆ་ནས་བལྟས་ན་མི་འདྲ་བའི་ཚུལ་གྱི་དབྱེ་བཀར་གསལ་པོ་བྱེད་ཐུབ་པར་འདོད་དོ།།
དབུ་ཅན་གྱི་ཡི་གེར་དབུ་ཁྱུད་ལ་ཕྱེད་ཅན་འདི་༄།། ལྟ་བུ་འབྲི་བའི་གཞུང་ཁུངས་བཙན་ཞིག་ཡོད་ན་མི་ཤེས། གཞན་ ༅༅ །། འདི་ལྟར་འབྲི་སྲོལ་ནི་ཡོངས་ཁྱབ་ལྟ་བུ་ཆགས་ཡོད་པར་འདོད།
བྲི་སྲོལ་དང་འབྲི་སྲོལ་གཉིས་དང་། མང་བོ་དང་མང་པོ་གཉིས་ལས་གང་ཐད་དམ།
ཤད་ཀྱི་སྐོར་ལ་མང་པོ་ཞིག་བྲིས་པར་སྣང་། ཤད་འབྲི་སྟངས་ཀྱིས་བོད་ཡིག་ལ་མི་གནོད་ཀྱང་། སྔར་རྒྱུན་ལྟར་དཔེ་རིང་་དུ་འབྲི་སྤར་བྱེད་སྐབས་དེ་ལྟར་དགོས་ཀྱང་། དཔེ་རིང་མ་ཡིན་པར་དེབ་གཟུགས་སོགས་སུ་ཡི་གེ་འགོད་སྐབས་ཇི་ལྟར་བྱེད་མིན་རྣམ་དཔྱོད་ཀྱིས་བསམ་དགོས་པར་འདུག བོད་ཡིག་ལ་གང་གིས་གནོད་ཅེ་ན། སོ་སོའི་ཁ་རྒྱུན་གཙོ་བོར་བྱས་ཏེ། སྔར་བྲིས་པའི་སྔོན་འཇུག་དང་རྗེས་འཇུག་དག་མེད་པར་བཏང་བའི་སྒྲ་མང་དུ་འབྲི་བས་གནོད། གཟབ་དགོས་ན། དེ་ལ་གཟབ་པར་བྱ་དགོས། ཞར་དུ། འབྲི་བ་པོ་ལ་དྲི་བ་ཞིག་ཡོད། དབུ་དང་ཤད་གཉིས་ལ་རྐྱེན་ཞེས་པའི་རྒྱུ་མཚན་རྣམ་དག་གི་སྒྲ་བཤད་ཅིག་ཡོད་དམ།
ཀརྡོ་གཉེར་ཕྱག་པ་ལགས། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་། མདོ་དབུས་ཁམས་གསུམ་གྱི་བོད་རིགས་མཁས་དབང་རྣམས་ཟི་ཁྲོན་ཁྲི་འདུའི་གྲོང་ཁྱེར་དུ་འཛོམས་ནས། པ་བའི་འབྲི་སྟངས་འདིར་རྙོག་དྲྭ་ཤིན་ཏུ་ཆེ་བས། མིང་མཐའི་པ་བའི་ཐོབ་ཚུལ༼དག་ཡིག་མཁས་པ་དགའ་བསྐྱེད༽ཀྱི་རྩ་ཚིག་ལ་གཞི་བཟུང་སྟེ་བྲིས་ན་ལེགས་ཚུལ་དགོངས་པ་གཅིག་མཐུན་བྱུང་ཡོད་པ་རེད། མིང་མཐའི་པ་བའི་ཁྱད་པར་ནི། །ག་ད་ན་བ་མ་ས་དང༌། །ད་དྲག་ཅན་མཐར་པ་དང་ནི(དཔེར་ན་ཟག་པ་མེད་པ་ལྡན་པ་སྲབ་པ་བསམ་པ་སངས་རྒྱས་པ་ལྟ་བུའོ། །གྱུརད་པ་བྱོནད་པ་རོལད་པ་ལྟ་བུའོ)།། ང་འ་ར་ལ་མཐའ་མེད་མཐའི། །བ་ཕྱེད་ཝར་འབོད་རྣམས་ལ་བ(དཔེར་ན་འཕྲེང་བ་དགའ་བ་འབར་བ་རྒྱལ་བ་བདེ་བ་སྤྲོ་བ་ལྟ་བུའོ)། །གཞན་ལ་པ་ཉིད་སྦྱར་ཏེ་བཀླག(བདག་སྒྲ་ཐོབ་པའི་ཚེ་དཔེར་ན། ཕུ་པ། མདའ་པ། ཤར་པ། ལྷོ་པ། རྟ་པ་ལྟ་བུའོ) ། ཞེས་པ་ལྟ་བུའོ།། བྲི་བྱའི་ཡི་གེ འབྲི་བྱེད་ཀྱི་སྨྱུ་གུ ཡི་གེ་བྲིས་ཟིན། ཕྲིས་ཤིག་ལྟ་བུ།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། རྐྱེན་གྱི་ཡི་གེ་དབུ་དང་ཤད་གཉིས་པོ་འདི་མི་ཞིག་གི་མགོ་དང་རྐང་བ་ལྟར་ཡི་གེ་འབྲི་ཐབས་གལ་ཆེན་པོ་གཉིས་རེད། ཉིད་ཀྱིས་ཤད་གལ་ཆེན་མིན་ཚུལ་གསུངས་པ་དེ་མི་བདེན་པ་འདྲ། མིང་ཚིག་གི་གཅོད་མཚམས་དང་ངལ་གསོའི་མཚམས་ཡག་པོ་ཞིག་མ་ཤེས་ན། ཤད་ཡག་པོ་ཞིག་འཇོག་ཤེས་ཀྱི་མ་རེད། དེ་མ་ཤེས་ན་དོན་དག་གོང་འོག་འཁྲུགས་སྲིད། དེར་བརྟེན་སྲོག་དང་རྐྱེན་གྱི་ཡི་གེ་ཞེས་དམིགས་སུ་བཀར་ནས་བཤད་ཀྱིན་ཡོད་པ་རེད། འདིར་རྐྱེན་གྱི་ཡི་གེ་ཞེས་བརྗོད་པའི་རྒྱུན་མཚན་ནི། དབུ་དང་ཤད་གཉིས་ཀྱིས་རྐྱེན་བྱས་ཏེ་གཞུང་ཡིག་རྣམས་བྲི་དགོས་པས་ན། རྐྱེན་གྱི་ཡི་གེ་ཞེས༼ཡི་གེའི་བཤད་པ་རིག་པའི་སྒོ་འབྱེད༽ཅེས་པའི་བསྟན་བཅོས་ན་གསུང་ཡོད་ཚུལ་འདུག
རྩེ་སྐར་ཕེབས་པར་དགའ་བསུ་ཞུ། ངས་དམིགས་གཏད་ས་དེ། རྩོམ་ཡིག་འབྲི་སྐབས་དབུ་ཁྱུད་ངེས་པར་དུ་འཇོག་དགོས་པར་འདོད་པ་དེ་ཡིན། འོན་ཏེ་དབུ་ཁྱུད་ཀྱི་འབྲི་སྟངས་ཕྱེད་ཀ་དེ་ལས། ཆ་ཚང་ཞིག་གཏག་ཤེས་མ་སོང་། དེ་ལ་དགོངས་དག་ཞུ།
མཁས་དབང་དགེ་ཆོས་ཀྱིས།
མཐོ་རིས་ཐར་བའི་དངོས་རྒྱུ་མི་བྱེད་ཅིང་།།
གསེར་དང་དངུལ་གྱི་འདུ་སྒོ་མི་ཡོང་བའི།།
བར་མ་དོ་རུ་གནས་པའི་གནད་འདི་དག།
ཀུན་གྱིས་བོར་ཀྱང་ཁོ་བོས་ཞིབ་ཏུ་དཔྱད།།
རྒན་ལ་དྭགས་པ་དང་རྔ་བ་རྒྱལ་ཁམས་པས་དབུ་ཤད་གཉིས་རྐྱེན་གྱི་ཡི་གེ་བཤད་པ་རྒྱུ་མཚན་འདུག །དེའི་རྐྱེན་བྱས་ནས་ཡི་གེ་འབྲི་སྲོལ་སྔ་མོ་ནས་ཡོད་པ་དང་༄། ༄༅། ༄༅༅། ཡི་གེ་ཐམས་ཅད་ཀྱི་མགོ་འདྲེན་པ་དབུ་ཁྱུད་དེ་ལ་འབྲི་སྟངས་མ་འདྲ་བ་དུ་མ་ཡོད་པ་སྔོན་གྱི་ཡིག་རྙིང་དག་ལ་གསལ་བོར་འདུག་མོད། རྒྱུ་མཚན་གང་ཡིན་ཁུངས་ལུང་བརྙེད་མ་སོང་། ལ་ལས་བཀའ་དང་བསྟན་བཅོས་ལ་མ་གཏོགས་འབྲི་བའི་སྲོལ་མ་དར་བའམ་མེད་ཟེར་ལ། ཤད་ནི་ངེས་བར་མིང་ཚིག་གི་གཅོད་མཚམས་ལ་མཁོ་བ་ཡིན་སྟབས་རྩོམ་ཡིག་གང་ཡིན་ལ་ངེས་བར་འབྲི་དགོས་བ་དང་དབུ་ཁྱུད་ནི་རྩོམ་ཡིག་གང་ཡིན་ལ་བཞག་དགོས་མིན་དཔྱད་དགོས་པར་མཐོང་།
རྔ་བ་རྒྱལ་ཁམས་པ་ལེགས།
ངས་ཤད་གཏན་ནས་མི་དགོས། ཞེས་ག་ལ་སྨྲ་ཐུབ། འོན་ཀྱང་གོང་དུ་རྩོམ་ཡིག་ཏུ།
ཤད་ལ་ཕུར་ཤད། རིན་ཆེན་སྤུངས་ཤད། སྦྲུལ་ཤད་སོགས་མང་བོ་ཡོད། ཤེས་ན་ལེགས་པ་ཡིན་ཀྱང་། ངས་ནི་དེ་དག་ཞིབ་པ་ར་མི་ཤེས། འོན་ཀྱང་། ཚོད་དཔགས་བྱས་ན། ནམ་རྒྱུན་རང་རེས་བཀོལ་པ་དེ་ཕུར་པ་དང་འདྲ་བས་ཕུར་ཤད་དང་། ཡིག་འཕྲེང་གི་མགོར་ཡི་གེ་གཅིག་གཉིས་ལས་མང་བ་མེད་སར་ཤད་དགོས་ན། ཤད་ཁྱོག་ནས་རྒྱབ་པ་དེ་སྦྲུལ་ཤད། ཨང་ཡིག་ ༧ འདི་འདྲའི་འོག་ཏུ་རི་མོ་འཐེན་ནས་བྲིས་པ་དེ་ལ་རིན་ཆེན་སྤུངས་ཤད། ཅེས་བཤད་པ་ཡིན་ནམ་སྙམ། སི་ཏུ་པཎ་ཆེན་སོགས་ཀྱིས་ཤད་སྐོར་ལ་དམིགས་བསལ་མེད་བསམ། གང་ལྟར་ད་ལྟ་དེབ་གཟུགས་དཔེ་ཆ་དག་དང་། གློག་ཀླད་སོགས་སུ་ཤད་གཟུགས་གཅིག་རང་མ་གཏོགས་བཀོལ་མཁན་མེད་པས། ཤད་འབྲི་སྟངས་ཀྱིས་བོད་ཡིག་ལ་མི་གནོད་ཀྱང་། ཞེས་བྲིས་པ་མ་གཏོགས་ཤད་མི་དགོས་ཞེས་བྲིས་མེད་པ་ཡིན། མིག་བརྒྱད་པ་ལེགས་ཀྱིས་བཀོད་པ་བཞིན། ༄༅ འདི་ལ་ལ་དྭགས་པས་ཆོས་མགོ་ཟེར། དེ་ལ་ཞེ་ས་དབུ། ཞེས་ཟེར་བ་ཡིན་འདུག དིང་སང་སུས་ཀྱང་འདི་མི་བཀོལ་ཀྱང་། ཡི་གེ་འབྲི་ཐུབ་པས། འདི་ཉིད་ཡི་གེ་རྐྱེན་དུ་ག་ལ་འགྱུར། ཤད་ཀྱང་ཡི་གེ་བྲིས་པའི་རྗེས་སུ་ཤད་རྒྱབ་པས་དེ་ཡང་། ཡི་གེ་རྐྱེན་དུ་ག་ལ་འགྱུར། གོང་གསལ་རྟགས། ༄༅ ཆོས་མགོའམ་དབུ་ཞེས་པ་དེ་འབྱུང་ཚུལ་ནི། རྒྱ་གར་ཡི་གེ་ༀ་ཞེས་པའི་ཡི་གེ་དེ་གྱུར་ནས། ༄༅ འདི་ཆགས་པ་ཐོས། ཁྱེ་ད་ལ་དྲི་བ་ཞིག་ཡོད། རྔ་པ་དང་། རྔ་བ་ཞེས་མི་འདྲ་བ་གཉིས་སུ་འབྲི་བ་མཐོང་བས། གང་དག་པ་ཡིན་ནམ།
དབུ་ཁྱུད་འདི། གཏམ་རྒྱུད་གསེར་ཐང་ལས་སྔོན་དང་ད་ལྟའི་བར་ཡུལ་སོ་སོའི་ཡིག་རིགས་ཞེས་པ་ལས། ཡིག་མགོའི་ཏིང་ཀྱོག་འདི་ཡང་ཨོཾ་ཡིག་ཏུ་ཤེས་ཏེ། རྒྱ་དཔེ་རྣམས་ལ་དབུ་ཤོག་གི་དང་པོར་ཨོཾ་ཞིག་བྲིས་འདུག་ཅིང་། ཞེས་དང་། ཀུན་མཁྱེན་བླ་མས། ཨོཾ་རིང་དངོས་ཀུན་རང་བཞིན་ཆ་མེད་རྟག།ཞེས་གསུངས་པ་ལྟར་བྲམ་ཟེ་རྣམས་ཀྱིས་འགངས་ཆེན་དུ་བརྩི་གཤིས། ཡིག་མགོ་སོགས་ན་ཨོཾ་རིང་པོ་རྟག་ཏུ་ཡོང་། ཞེས་རྒྱ་གར་ཨོཾ་ཡིག་གི་གཟུགས་འགྱུར་ཡིན་པར་གསུངས་འདུག་མོད། འོན་ཀྱང་རང་རེའི་གླེགས་བམ་དག་གི་དབུ་ན་༄། ༄༅། ༄༅༅། འབྲི་སྟངས་མི་འདྲ་བ་གསུམ་ཡོད་པས་དོགས་པ་ཆོད་མ་སོང་། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་གླེགས་བམ་གྱི་མགོར་༄༅༅། གསུམ་ཡོད་པ་དང་། བཀའ་འགྱུར་པར་རྙིང་ཁ་ཤས་ལ་གསུམ་ཡོད་པ། ཁ་ཤས་ལ་གཉིས་ཡོད་པ། ཡང་སྔོན་གྱི་ཡིག་རྙིང་ཁ་ཤས་ལ་༄། གཅིག་ཡོད་པ་བཅས་ཀྱི་ཁུངས་སྣེ་བརྙེད་པར་དཀའ།
ང་འ་ར་ལ་མཐའ་མེད་མཐའི། །བ་ཕྱེད་ཝར་འབོད་རྣམས་ལ་བ(དཔེར་ན་འཕྲེང་བ་དགའ་བ་འབར་བ་རྒྱལ་བ་བདེ་བ་སྤྲོ་བ་ལྟ་བུའོ)།
ལ་དབྱད་ན།
ཁང་པ། རྐང་པ་སོགས་དང་། གསར་པ། བཞི་པ། ལྔ་པ། དགུ་པ་སོགས་བདག་སྒྲ་མིན་པས་ཇི་ལྟར་འགྲེལ་ལམ། ལགས། ཡང་ཅིག་གསུང་དང་།
ཁ་བརྡའི་ དྲ་བདག་ ལྷན་རྒྱས་ཚོས་ མཆན་སྒོ་ ཕྱེ་བར་ ཐུགས་རྗེ་ཆེ་ ཞེས་ ཞུ་ལགས།
མཆན་བུ་ལྔ་པ་བཀོད་མཁན་། ༥༽ རྔ་བ་རྒྱལ་ཁམས་པ་དེ་ཡུན་རིང་ནས་བསྒུག་ནས་བསྡད་ཡོད་ཀྱང་། ཁོང་ནི་བརླག་ཚར་འདུག ཧ་ཧ།
ངས་གོང་ནས་རོབ་ཙམ་ཞུས་པ་བཞིན་མིང་མཐའི་པ་བ་དང་། བདག་སྒྲའི་སྦྱོར་ཚུལ་འདི་ལ་གཅིག་མཐུན་གྱི་འབྲི་སྲོལ་ཞིག་བྱུང་མེད། དེའང་གཙོ་བོ་མདོ་དབུས་གཉིས་ཀྱི་ཡུལ་སྐད་ལས་ཀློག་སྟངས་མ་འདྲ་བ་བྱུང་བ་ཞིག་རེད། དབུས་གཙང་ཕྱོགས་ཀྱི་ཁ་སྐད་ལ་བ་དང་པ་ཡིག་གཉིས་ཀ་པའི་གདངས་སུ་ཀློག་པ་ཤས་ཆེ་ཞིང་། ཨམ་སྐད་ནང་དེ་གཉིས་ཀྱི་སྒྲ་གདངས་མ་འདྲེས་པར་གསལ་བོར་ཡོད་པ་རེད། འདིར་ཡི་གེ་དེ་དག་གི་འབྲི་ཐབས་གཅིག་མཐུན་ཞིག་ཡོང་དགོས་ན། ཡུལ་སྐད་གཙོ་བོར་མི་འཛིན་པར་བརྡ་སྤྲོད་ཀྱི་རིག་པ་གཙིགས་སུ་བཟུང་སྟེ་བྲིས་ན། རྙོག་དྲྭ་དེ་དག་འཕྲི་བ་ལ་ཕན་ཐོགས་ཡོད། ཡི་གེ་འདི་དག་གི་ཐོབ་ཐང་ནི་རྟགས་འཇུག་ལས་རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་སྐབས་གཙོ་བོར་གསུང་ཡོད། དེའང་རྗེས་འཇུག་གི་རྟགས་ཀྱི་འཇུལ་ཚུལ་ཐད་སྔ་མ་གང་ལྟར་འགྱུར་བ་དང་། ཕྱི་མ་གང་ལྟར་འགྱུར་བ་གཉིས་ལས། ཕྱི་མའི་སྐབས་རྩ་བ་རང་ན༼ཕྱི་མ་དག་གིས་འདྲེན་ཚུལ་ནི།། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་།། མོ་ཡིས་མོ་ཡི་མིང་མཐའ་དྲང་།། མ་ནིང་གིས་ནི་མ་ནིང་ངོ་།། མིང་མཐའ་དེ་དག་ཉིད་ཀྱིས་ནི།། དེ་ཉིད་རང་དང་སྒྲ་མཐུན་པའི།། ཞེས་སོགས་གསུངས་པ་ལྟར། རྗེས་འཇུག་གི་ཕོ་ཡིག་ག་ད་བ་ས་བཞིས། མིང་མཐའ་གཞན་གྱི་ཕོ་ཡིག་དྲང་བ། དཔེར་ན། བསྟོད་པ། བཤད་པ། གནོད་པ། རྟག་པ། གཤོག་པ། ལྷག་པ། བསླབ་པ། སྒྲིབ་པ། ཐུབ་པ། བྱིས་པ། ནུས་པ། བསླུས་པ། ལྟ་བུ་དང་། མོ་ཡིག་ང་མ་འས་མིང་མཇའ་མོ་ཡིག་དྲང་པ། ལྷུང་བ། སྣང་བ། བཏུང་བ། ་མོ་ཡིག་གིས་བརྗོད་བདེ་འདྲེན་པ། གསུམ་པ། དམ་པ། རྣམ་པ་ལྟ་བུ་དམིགས་བསལ་དང་། བཅའ་བ་། དགའ་བ། མཐའ་བ། ཕྱུར་བ། འཁོར་བ། ནོར་བ། བསྡུར་བ། ལྟ་བུ་ཡིན། རྩ་བ་འདི་གཞིར་བཟུང་སྟེ། རྟགས་མཚུངས་དང་བརྗོད་བདེར་དམིགས་ནས༼ག་ད་ན་བ་མ་ས་པ།། ང་འ་ར་ལ་མཐའ་མེད་མཐའི།། བ་ཕྱེད་ཝར་འབོད་རྣམས་ལ་བ།།༽ ཞེས་དང་། ༼མིང་མཐའི་པ་བའི་ཁྱད་པར་ནི། །ག་ད་ན་བ་མ་ས་དང༌། །ད་དྲག་ཅན་མཐར་པ་དང་ནི། ། ང་འ་ར་ལ་མཐའ་མེད་མཐའི། །བ་ཕྱེད་ཝར་འབོད་རྣམས་ལ་བ། །༽ཞེས་དང་།༼པ་བ་སོགས་ཀྱི་ཐོབ་ཐང་ནི།། རྗེས་འཇུག་ག་ད་བ་ས་དང་།། ན་མའི་རྗེས་སུ་པ་དང་པོ།། ང་འ་ར་ལ་མཐའ་མེད་མཐར།། བ་དང་བོ་ནི་སྦྱར་བ་ཡིན།༽ཞེས་གསུངས་པ་ལྟར། བདག་སྒྲའི་པ་བ་དང་མིང་གི་ཆ་ཤས་སུ་གྱུར་བའི་པ་བའི་འབྲི་སྟངས་ཐོབ་ཐང་འདི་ལ་བསྟུན་དགོས་པ། མཁས་པའི་ཚེ་ཏན་ཞབས་དྲུང་ཚང་དང་། དགེ་བའི་བཤེས་གཉེན་ཆེན་པོ་དམུ་དགེ་བསམ་གཏན་ཚང་། ཨ་ལགས་དོར་ཞི་སོགས་མཁས་པ་ཕལ་ཆེར་གྱི་དགོངས་པ་གཅིག་མཚུངས་ཡིན་འདུག ༼ཁང་པ། རྐང་པ་སོགས་དང་། གསར་པ། བཞི་པ། ལྔ་པ། དགུ་པ་སོགས་བདག་སྒྲ་མིན་པས་ཇི་ལྟར་འགྲེལ་ལམ། ལགས། ཡང་ཅིག་གསུང་དང་། ༽འདི་ཚོ་གོང་གི་རྩ་ཚིག་ལ་བསྟུན་ཅི་ཐུབ་བྱས་ན་ལེགས་པར་མཐོང་། དེ་བཞིན་དེང་སང་མི་མང་བོ་ཞིག་གིས་མཆན་དང་རྩོམ་ཡིག་གི་ནང་། ཡིག་སྐད་དང་མི་མཐུན་པའི་ཡུལ་སྐད་ཉི་འཚེ་བ་མང་བོ་ཞིག་བསྲེ་བཞིན་པ་ནི། སྐད་ཡིག་གཅིག་གྱུར་དང་བརྡ་སྤྲོད་ཀྱི་རིག་པ་ཉམས་པའི་སྔོན་བརྡ་ལྟ་བུ་ལས་དགེ་མཚན་ཅིའང་མ་མཐོང་། བརྡ་སྤྲོད་ཀྱི་ཁྲིམས་དང་མཐུན་པར་བྲིས་པའི་སྔ་མོའི་དཔེ་ཆ་ཁག་མདོ་དབུས་ཁམས་གསུམ་གྱི་མི་སུས་བཀླགས་ཀྱང་། ཀློག་མི་ཐུབ་པ་དང་བརྡ་མི་འཕྲོད་པའི་དཀའ་ངལ་མེད་ཀྱང་། དེང་སང་གི་ཡུལ་སྐད་མང་བོ་བསྲེས་པའི་རྩོམ་ཡིག་དག་ནི། ཡུལ་ཉི་འཚེ་བ་དེ་དང་དེ་མ་གཏོགས། བོད་ཡུལ་སྤྱིའི་མངའ་ཁོངས་སུ་གོ་བརྡ་འཕྲོད་མི་ཐུབ་པའི་དཀའ་ངལ་མང་བོ་ཞིག་ཡོང་བཞིན་པའང་དངོས་འབྲེལ་ཡིན་པས། ང་ཚོས་དེ་ཕྱོགས་ལ་གཟོབ་དགོས་པར་སྣང་ངོ་ཞེས་པ་ཞོར་འཕྲོས་སུ་ཐལ་ལོ།། ཉིད་ལ་ལན་འདེབས་རྒྱུ་ཕྱིས་འགྱང་སོང་བས་དགོངས་འགལ་མེད་པར་ཞུ།
་་་་་་མོ་ཡིག་གིས་བརྗོད་བདེ་འདྲེན་པ། གསུམ་པ། དམ་པ། རྣམ་པ་ལྟ་བུ་དམིགས་བསལ་དང་་་་་ ཞེས་ཡང་དམིགས་བསལ་ཡིན་པའི་བློ་སྐྱོད་རྔན་པ་གསར་པ་དང་བཅས། མཁས་དབང་རྔ་བའམ་པ་རྒྱལ་ཁམས་པ་འདིར་གསལ་བཤད་རྒྱས་བཤད་གནང་བར་བཀའ་དྲིན་ཆེ། ཐུགས་རྗེ་ཆེ་ཞེས་ཞུའོ། །དགེ་བར་འགྱུར་ཅིགུ
ཡང་རྒྱལ་ཁམས་པ་ལགས་ཀྱིས།
དེ་བཞིན་དེང་སང་མི་མང་བོ་ཞིག་གིས་མཆན་དང་རྩོམ་ཡིག་གི་ནང་། ཡིག་སྐད་དང་མི་མཐུན་པའི་ཡུལ་སྐད་ཉི་འཚེ་བ་མང་བོ་ཞིག་བསྲེ་བཞིན་པ་ནི། སྐད་ཡིག་གཅིག་གྱུར་དང་བརྡ་སྤྲོད་ཀྱི་རིག་པ་ཉམས་པའི་སྔོན་བརྡ་ལྟ་བུ་ལས་དགེ་མཚན་ཅིའང་མ་མཐོང་། བརྡ་སྤྲོད་ཀྱི་ཁྲིམས་དང་མཐུན་པར་བྲིས་པའི་སྔ་མོའི་དཔེ་ཆ་ཁག་མདོ་དབུས་ཁམས་གསུམ་གྱི་མི་སུས་བཀླགས་ཀྱང་། ཀློག་མི་ཐུབ་པ་དང་བརྡ་མི་འཕྲོད་པའི་དཀའ་ངལ་མེད་ཀྱང་།
དེང་སང་གི་ཡུལ་སྐད་མང་བོ་བསྲེས་པའི་རྩོམ་ཡིག་དག་ནི། ཡུལ་ཉི་འཚེ་བ་དེ་དང་དེ་མ་གཏོགས། བོད་ཡུལ་སྤྱིའི་མངའ་ཁོངས་སུ་གོ་བརྡ་འཕྲོད་མི་ཐུབ་པའི་དཀའ་ངལ་མང་བོ་ཞིག་ཡོང་བཞིན་པའང་དངོས་འབྲེལ་ཡིན་པས། ང་ཚོས་དེ་ཕྱོགས་ལ་གཟོབ་དགོས་པར་སྣང་ངོ་ཞེས་པ་ཞོར་འཕྲོས་སུ་ཐལ་ལོ།། ཉིད་ལ་ལན་འདེབས་རྒྱུ་ཕྱིས་འགྱང་སོང་བས་དགོངས་འགལ་མེད་པར་ཞུ།
ཞེས་གསུངས་པ་ལ་ཚང་མས་གཟབ་དགོས་པ་མི་འདུག་གམ། ཐུ་མིའི་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
རྔ་བ་རྒྱལ་ཁམས་པས། ཡི་གེ་བྲི་སྲོལ་རོབ་ཙམ། ཞེས་པ་ཞིབ་ཞིང་རྒྱས་པ་བྲིས་གནང་འདུག་པར་སྙིང་ནས་དགའ་བསུ་དང་རྒྱབ་སྐྱོར་ཡོད། ད་དུང་ཁོང་གིས་རྒྱ་ཆེའི་ཉམས་ཞིབ་པ་ཚོར་བསམ་གཞིགས་དང་གྲོས་སྡུར་དགོས་པའི་གནད་འགག་ཁ་ཤས་ཤིག་ཟུར་བཏོན་གནང་ཏེ། དགོངས་འཆར་དང་དཔྱད་གཞིར་བཞག་གནང་བར། ལྷན་རྒྱས་ནས་སྣང་མེད་དུ་མ་གཏོང་བར་དེའི་སྐོར་དགོངས་འཆར་དང་། དཔྱད་བརྗོད་རེ་གནང་དང་། ཁོང་གིས་༼ ཡང་ལ་ལས། བསྟན་བཅོས་སམ། རྩོམ་དེབ་ཀྱི་མཚན་དྲངས་དགོས་ཚེ་གུག་རྟགས་འདི( )ལྟ་བུའི་ནང་འཇོག་པ་ལས། མདོ་སྡེ་དགོངས་འགྲེལ། ཞེས་གསེག་བྲིས་བྱས་ན་ལེགས་ཚུལ་དང་། ཨིན་སྐད་ཀྱི V སྒྲ་བོད་སྐད་ཀྱི་ནང་གསལ་བོ་མི་ཐོན་པས། དེའི་ཚབ་ཏུ་ཧྦ་ཞེས་པའི་ཡིག་གེ་གསར་བཟོ་བྱས་པ། ཀྱེ་ཞེས་པ་ལྟ་བུ་ལ་ཚོར་རྟགས་འདི་སྦྱར་ནས་ཀྱེ ༑ ཞེས་འབྲི་དགོས་པའི་དགོངས་ཚུལ་བཏོན་པ་སོགས་ལ་བསམ་གཞིགས་བྱེད་དགོས་པར་སྣང་།༽ ཞེས་པ་དེ་གུས་པས་གལ་གནད་ཆེན་པོར་མཐོང་སྟེ་དུམ་ཚན་དེ་སླར་བསྐྱར་བཀོད་ཅིག་བྱས་པ་ཡིན།
མཁས་དབང་རྣམ་པར་ཞུ་རྒྱུ། ཁྱེད་རྣམ་པས་དབུ་ཁྱུད་འབྲི་སྟངས་དང་ཤད་འབྲི་སྟངས་སོགས་ཀྱི་མང་པོ་བཤད་འདུག་ཀྱང་། གཏེར་མའི་དབུ་ཁྱུད་སྐོར་དང་གཏེར་ཤད་ཀྱི་སྐོར་གསུངས་མི་འདུག དེས་ན་དེའི་སྐོར་ཅུང་ཟད་ཅིག་དྲི་བར་འདོད་པས་མཁྱེན་ལྡན་སུ་ཡང་རུང་སྟེ། བདག་ལ་ལན་ཞིག་བསྩལ་གནང་ཡོང་བའི་རེ་བ་མཆིས། དེ་ཡང་གཏེར་མ་ཡིན་ན་ང་མཐར་ཤད་གོང་ཚེག་འབྲི་དགོས་སམ་མི་དགོས། དེ་བཞིན་ཚིགས་བཅད་ག་མཐར་གཏེར་ཤད་ཐོབ་བམ་མི་ཐོབ། དེ་བཞིན་གཏེར་ཆོས་ཀྱི་ནང་དུ་སྦྲུལ་ཤད་དང་ཆ་འདྲ་བའི་ཤད་ཅིག་ཀྱང་སྣང་རྒྱུ་འདུག་པས་དེའི་མིང་ལ་ཅི་ཟེར།