རྔ་བ་རྒྱལ་ཁམས་པ།
རེད། དུས་དེ་ནི་ཆེས་སྤྱིར་བཏང་གི་ཞོགས་པ་ཞིག་རེད།
གཉིད་མ་སད་ཀྱི་བར་གསེང་དེ་ནས།
ངས་ཁྱོད་ཐེངས་གཅིག་མཐོང་བྱུང་།
དུས་དེ་ནས་བཟུང་། ཁྱོད་དྲན་ཐེངས་རེ་རེར།
ང་ལ་ཁོང་འདར་ཞིག་ངང་གིས་སྐྱེ་ཞིང།
བདེ་ཚོར་ཕྲ་མོ་ཞིག་ཀྱང་རང་བཞིན་གྱིས་འདྲེན་འོང་།
མཐིང་མདོག་གི་དབྱིངས། ཟླ་འོད་ཀྱི་སྣང་བས་འཁྱུད་པའི་ཨ་མ།
ཁྱོད་ཀྱི་ཆེས་གཏིང་རིམ་ཞིག་ན། ནུས་ཤུགས་ཀྱི་ཐིག་ལེར་འཁྱིལ་བའི་སྒྲོམ་པུ།
རང་འགུལ་གྱི་གཡོ་འཆོམ་ཞིག་གམ། ལས་དབང་གི་རྟེན་འབྲེལ་ཞིག་ལས།
ཆུ་ལས་ཆུ་རླབས། མཁའ་ལས་འཇའ་ཚོན། སེམས་ལས་རྣམ་རྟོག་གི་འཇུ་བ་བཞིན།
འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་བཞག་དང་།
བདེན་རྫུན་གྱི་ལྟ་གྲུབ་ཚང་མ་གློ་བུར་དུ་བརྡོལ་བྱུང་།
འཐེན་ཤུགས་ཟད་པའི་གོ་ལ་ལྟར་གློ་བུར་དུ་འཐོར་སོང་།
གནམ་ས་ཁ་འབྱེད་པ་ལྟར་གློ་བུར་དུ་ཕྱེས་བྱུང་།
དུས་དེ་ནས་བཟུང་།
ཁྱོད་ཀྱི་རྒྱ་ཆེ་གཏིང་ཟབ་ཀྱི་འཇིག་རྟེན་གྱི་བཀོད་པ་རེ་རེའི་ནང་།
ངའི་ལས་དབང་གི་ཚེ་སྲོག་རྒྱུ་བའི་བདེ་སྡུག་གི་ཁྱིམ་གཞིས་ཆེ་ཆུང་རེ་རེ་གྲུབ་ཅིང་།
ངས་ཡང་དང་བསྐྱར་དུ་རང་ཉིད་དགའ་ས་དང་སྡུག་ས། དུངས་ས་དང་ཁྲོ་ས། བྱམས་ས་དང་སྡིགས་ས་སོགས།
བག་ཆགས་ཀྱི་རྩིག་རྨང་སྣ་ཚོགས་བཏང་ཞིང་།
དེ་ལ་བདེན་པར་འཛིན་པའི་སྣང་བ་དང་། ཨ་འཐུས་ཀྱི་ཞེན་པས་ཡང་ནས་ཡང་དུ་བརྡུངས་པས།
ད་ནི་ང་དང་ངའི་འཇིག་རྟེན་གཉིས། སྙིང་དང་དེའི་ཟུངས་ཁྲག་ལྟར།
གཅིག་ལ་གཅིག་རྟེན་གྱི་གསང་བ་དམ་པོ་ཞིག་གིས་ཡོངས་སུ་བཟུང་ཚར་འདུག
ང་གང་དུ་བསྡད་ཀྱང་། ང་གང་དུ་སོང་ཡང་། ཐ་ན་ངའི་ལུས་སེམས་གཉིས་སོ་སོར་གྱེས་ཀྱང་།
རང་བྱུང་ཆོས་ཉིད་ཀྱིས་འཕངས་པའི་སྲིད་པའི་རྣམ་འགྱུར་སྣ་ཚོགས།
ངའི་མངོན་འདོད་བཞིན། སྒྱུ་མ་དང་། སྨིག་རྒྱུ། རྨི་ལམ་ལྟར་འགག་མེད་དུ་ལྟར་འཆར་རྒྱུ་ཡིན་པ་ངེས་ཅན་རེད།
འཇིག་རྟེན་འདི་སེམས་ཉིད་ལས་བྱུང་ནའང་ཆོག
དཀོན་མཆོག་གི་བློའི་གཡོ་བ་སྔོན་དུ་བཏངས་ནས་བཟོས་ནའང་འགྲིགས།
རྒྱུ་མེད་རྐྱེན་མེད་ལས་བྱུང་ཞེས་བཤད་ནའང་བཤད་དུ་ཆུགས།
རྡུལ་ཕྲན་ཞིག་གམ་ནུས་ཤུགས་ཤིག་ལས་བྱུང་ཞེས་རྩོད་ནའང་རྩོད་དུ་ཆུགས།
ངས་ནི་འཇིག་རྟེན་གྱི་བྱེད་པོ་དེ།
ང་རང་ཉིད་ཡིན་པའི་གནས་ལུགས་དེ་སྔ་སེ་ནས་རྟོགས་ཡོད་ལ།
མཐུ་སྟོབས་ནུས་པ་ཞེས་པའི་བདག་པོའང་།
ང་རང་ཉིད་ཡིན་པའི་གཏན་ཚིགས་ལ་ངེས་ཤེས་གཙང་མ་འདྲོངས་ཟིན།
འོ་ན་ཅིའི་ཕྱིར་ཞེས་འདྲི་ན། ང་ལ་སེམས་གསལ་རིག་གི་རང་བཞིན་དང་། ལུས་རྡུལ་ཕྲན་གྱི་ནུས་ཤུགས་ཅན་ཞིག་ཡོད་ཅེས་ལན་གདབ་པར་བྱའོ།།
གལ་སྲིད་སེམས་དེ་རྡོ་ཁབ་ལེན་ཞིག་ཡིན་པའི་དབང་དུ་བཏངས་ན།
འཇིག་རྟེན་ནི་ལྕགས་བྱེ་སྤར་མོ་གང་ཡིན་ལ།
ཁབ་ལེན་རང་བཞིན་གྱི་སེམས་ཀྱི་ཉེར་ལེན་ལས།
ལྕགས་བྱེའི་རང་བཞིན་གྱི་འཇིག་རྟེན།
སེམས་གང་ན་ཡོད་པའི་ཁོར་ཡུག་དེར།
རང་བཞིན་གྱིས་འཐེན་བཞིན་པ་ཞིག་ཡིན་ཞེས་སྨྲའོ།།
ངས་རང་ཉིད་ཀྱི་ད་ལྟའི་གནས་སྟངས་འདིར་བསམ་བློ་གཏོང་ཐེངས་རེར།
རང་གི་སྙིང་སྡུག རང་གི་བུ་རྒྱུད། རང་གི་ཁྱིམ་གཞིས།
ཕྱིའི་ཁང་དབྱིབས། ནང་གི་བཀོད་པ།
འཚོ་བ། ལས་ཀ ཁོར་ཡུག དགའ་སྡུག་སོགས།
ཡོད་ཚད་ཀྱི་ཡོད་ཚད་རང་གི་སེམས་ཀྱི་འཆར་གཞི་རྣམས།
ཕྱི་དངོས་པོའི་བདེན་དོན་གྱི་གཟུགས་བརྙན་དུ་གྱུར་པ་ཞིག་རེད།
ཡང་ཅིག་བཤད་ན།
དེ་དག་ནི་ངའི་སེམས་ཀྱི་དགུག་ཤུགས་དང་།
དེ་ལས་བྱུང་བའི་ང་རང་གི་ཁོར་ཡུག་རེད།
རྒྱུ་མཚན་དེའི་དབང་གིས། བདེན་པ་དེའི་རྐྱེན་གྱིས།
སེམས་ནི་འཇིག་རྟེན་ཁམས་ཀྱི་འཐེན་ཤུགས་ཀྱི་ནུས་པ་ཆེ་ཤོས་ཤིག་ཡིན་ཞེས།
གཏན་ཚིགས་དང་དངོས་དོན་གྱི་བདེན་དཔང་རི་ལྟར་བརྩེགས་པ་བདག་གིས་མཐོང་ངོ་།།
ཁྱོད་ཀྱིས་རང་གིས་དོན་དག་ཅི་ཞིག་ཡིད་ལ་བྱེད་སྐབས།
རང་བྱུང་ཁམས་ལ་རང་ཉིད་ཀྱི་མངོན་འདོད་གསལ་བསྒྲགས་བྱེད་བཞིན་ཡོད་པ་རྟོགས་བྱུང་ངམ།
ཁྱོད་ཀྱིས་ཡང་ཡང་ཉེར་ལེན་བྱས་པའི་དོན་དག་འགྲུབ་སོང་སྐབས།
གྲུབ་དོན་དེ་རང་བྱུང་ཁམས་ཀྱིས་རང་གི་མངོན་འདོད་ལ་སྦྲན་པའི་བརྡ་ལན་ཡིན་པ་ཚོར་སོང་ངམ།
ཁྱོད་ཀྱིས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས།
སེམས་གསལ་རིག་གིས་མ་ཟིན་པ།
བེམ་པོ་བེམ་ནག་ཅིག་ཡིན་པར་འདོད་ལགས་སམ།
ཉི་མ་ཅིའི་ཕྱིར་ཤར། ཟླ་བ་ཅིའི་ཕྱིར་ནུབ།
ཟླ་བ་ཅིའི་ཕྱིར་འཚེར། ཉི་མ་ཅིའི་ཕྱིར་ནུབ།
ལྗང་ཐང་ཐང་གི་རྩྭ་ཐང་གིས་ཁྱོད་ལ་བག་ཕེབས་ཀྱི་སྤྲོ་སྣང་ཅིའི་ཕྱིར་བརྟབས།
ཁྲ་ཆེམ་ཆེམ་གྱི་མེ་ཏོག་གིས་ཁྱོད་ལ་མཛེས་སྡུག་གི་རྣམ་འགྱུར་ཅིའི་ཕྱིར་བསྟན།
སྨིག་དུང་དུང་གི་ནགས་ཀློང་གིས་ཁྱོད་ལ་བསིལ་འཇམ་གྱི་སྣང་བ་ཅིའི་ཕྱིར་བསྐྲུན།
འདར་ཕྲིལ་ཕྲིལ་གྱི་ཆུ་ཀློང་གིས་ཁྱོད་ལ་འགྲུལ་བཞུད་ཀྱི་གཟེངས་ཆེན་ཅིའི་ཕྱིར་བཏེགས།
བརྗིད་ཆགས་ཆགས་ཀྱི་རི་ཚོགས་ཀྱིས་ཁྱོད་ལ་མཐོ་སྣང་གི་སྤོབས་པ་ཅིའི་ཕྱིར་སྲིང་།
ཚ་ལམ་ལམ་གྱི་མེ་ཤུགས་ཀྱིས་ཁྱོད་ཀྱི་གྲང་སྣང་གི་གདུང་བ་ཅིའི་ཕྱིར་བསལ།
གྲང་སིབ་སིབ་ཀྱི་ཆུ་རྒྱུན་གྱིས་ཁྱོད་ལ་སྐོམ་སེལ་གྱི་བཏུང་བ་ཅིའི་ཕྱིར་ཕུལ།
བསིལ་ལྷིང་ལྷིང་གི་དྲི་བཞོན་གྱིས་ཁྱོད་ལ་འཇམ་རྩུབ་ཀྱི་ལག་པས་ཅིའི་ཕྱིར་རེག
སྲ་བརྟན་བརྟན་གྱི་ས་གཞི་འདིས་ཁྱོད་ལ་རིན་ཆེན་གྱི་གཏེར་མཛོད་ཅིའི་ཕྱིར་ཕྱེས།
ད་དུང་གཅན་གཟན་དང་རི་དྭགས། ཆུ་ཡི་སྲོག་ཆགས་དང་སྐམ་གྱི་སེམས་ཅན།
སྙན་ལྷང་ལྷང་གི་འདབ་ཆགས་ཀྱི་མགྲིན་གླུ། གཡང་དཀར་ལུ་གུའི་འབབ་སྒྲ།
མདོ་རིགས་རྟ་ཕོའི་འཚེར་སྐད། ད་དུང་ཕྱུག་རྫི་བུ་མོའི་གླུ་དབྱངས་སོགས
འཇིག་རྟེན་ཁམས་ཀྱིས་ཁྱོད་ཀྱི་ཆེད་དུ་ཡོད་ཚད་ཕངས་མེད་དུ་སྩོལ་བཞིན་པ་ཉིད་ཀྱིས་མཁྱེན་བྱུང་ངམ།
གྲོགས་པོ་ལགས། གལ་ཏེ་ཁྱོད་རང་རང་བྱུང་ཆོས་ཉིད་ཀྱི་ནུས་ཤུགས་ལ་ཡིད་ཆེས་གནང་མཁན་ཞིག་ཡིན་ཚེ།
རང་ཉིད་ལ་ཡིད་ཆེས་གནང་རོགས། རང་ཉིད་ལ་སྤོབས་པ་སྐྱེ་རོགས། རང་ཉིད་ལ་སྙིང་རུས་བསྐྱེད་རོགས།
འཇིག་རྟེན་ཁམས་ནི་ཁྱོད་ཀྱི་ཆེད་དུ་གྲ་སྒྲིག་ཨང་སར་ཡོད་པ་ཐུགས་ལ་བསྣམ་རོགས།
ཁྱོད་ཀྱི་མངོན་འདོད་ངོ་མ་དེ་ཅི་ཞིག་ཡིན་ནམ། ཁྱོད་ལ་ཡང་སྙིང་ཅི་ཞིག་དགོས།
ཐར་བ། ཀུན་མཁྱེན། རང་དབང་། ཞི་བདེ།
དངུལ་ལོ། བུད་མེད། ཁང་བ། མཚན་སྙན།
སྟོབས་འབྱོར། ཐོངས་མཆན། ཚེ་རིང་། ནད་མེད།
རྩོམ་པ་པོ། སྙན་ངག་མཁན། མཚན་ཉིད་པ། ཚན་རིག་པ་སོགས།
ཁྱོད་ལ་ཡང་སྙིང་ཅི་ཞིག་དགོས་སམ།
གལ་སྲིད་ཁྱོད་ལ་རང་ཉིད་ཀྱི་མངོན་འདོད་གསལ་བོ་ཞིག་མེད་ན།
རང་བྱུང་ཁམས་ཀྱིས་ཁྱོད་ཀྱི་དགོས་མཁོ་ཇི་ལྟར་གཏོང་ཐུབ།
གལ་སྲིད་ཁྱོད་ལ་རང་ཉིད་ཀྱི་མངོན་འདོད་འགྲུབ་པའི་ཡིད་ཆེས་མེད་ན།
འཇིག་རྟེན་གྱིས་ཁྱོད་ཀྱི་མངོན་འདོད་དང་མཐུན་པའི་བརྡ་ལན་གཏོང་བ་ལས
ཐབས་གཞན་ཅི་ཞིག་ཡོད།
གལ་སྲིད་ཁྱོད་ལ་རང་ཉིད་ཀྱི་དགོས་མཁོ་འདེབས་གསེས་ཀྱི་བློ་རིག་མེད་ན།
རང་བྱུང་ཁམས་ཀྱིས་ཁྱོད་ཀྱི་དགོས་མཁོ་ཇི་ལྟར་འདེམས་སྒྲིག་བྱེད།
གལ་སྲིད་ཁྱོད་ལ་རང་ཉིད་ཀྱི་མངོན་འདོད་སྒྲུབ་པའི་ཧུར་བརྩོན་མེད་ན།
རང་བྱུང་ཁམས་ལ་ཁྱོད་ཀྱི་མངོན་འདོད་གཏིང་གསལ་དུ་གནས་ཀྱང་།
སུ་ཞིག་གིས་བདག་པོ་རྒྱག དོན་མེད་རེད།
གལ་སྲིད་ཁྱོད་ལ་རང་ཉིད་ཀྱི་མངོན་འདོད་ཡང་ཡང་སེམས་པའི་ཡིད་འཛིན་མེད་ན།
རང་བྱུང་ཁམས་ནི་ཁྱོད་ཀྱི་མངོན་འདོད་དང་ནམ་ཡང་རྒྱང་རིང་དུ་གནས་ངེས།
གྲོགས་པོ་ལགས། ཁྱོད་ཀྱིས༼རང་ཉིད༽ནི་འཇིག་རྟེན་ཁམས་ཀྱི་བྱ་དངོས༼དགུག་ནུས༽མཐུ་ཅན་དང་།
འཇིག་རྟེན་ནི་ཁྱོད་ཀྱི༼དགུག་ནུས་ཀྱི་འཐེན་ཤུགས༽ཀྱིས་བཟུང་བ།
ཁྱོད་རང་ཉིད་ལ་དབང་བའི་ཁོར་ཡུག་ཡིན་པའི་ལྐོག་གྱུར་གྱི་གཏན་ཚིགས་ཀློག་མྱོང་ངམ།
རི་རབ་མཐོན་པོའི་རྩེ། རྒྱ་མཚོ་ཆེན་པོའི་འགྲམ། ནགས་ཀློང་སྟུག་པོའི་དབུས།
གྲོང་ཁྱེར་ཆེན་པོའི་དཀྱིལ། རང་གི་ཁྱིམ། འདུ་འཛི་ཆེ་བའི་ལས་གྲྭ། ཐ་ན་ཁ་ཁུ་སིམ་པོའི་རང་མལ་ཚུན་ཆོད་དུའང་།
རང་ཉིད་ཀྱི་མངོན་འདོད་གང་ཡིན་གཟུགས་ཅན་བཞིན་ཡིད་ལ་བྱོས།
དྭངས་བའི་མཚོ་དབུས་རྡོ་ཡིས་བརྒྱབ་པའི་རླབས་ཕྲེང་ལྟར།
རང་གི་སེམས་ངོས་ན་གསལ་བའི་མངོན་འདོད་གང་ཡིན།
རང་བྱུང་ཁམས་ཀྱི་ཕྱོགས་སོ་སོར་ཀུན་ཏུ་ཐོངས་ཤིག ཡོངས་སུ་ཐོངས་ཤིག
ཁྱོད་ཀྱི་རེ་སྨོན་གང་ཡིན་རང་བྱུང་ཁམས་འདིར་གསལ་བོར་ཤེས་སུ་བཅུགས་ན།
རེ་བའི་འབྲས་བུ་ནི། སྒྱུ་མ་དང་། སྨིག་རྒྱུ། རྨི་ལམ་བཞིན་འགྲུབ་ཡོང་བར་ཐེ་ཚོམ་མེད་དོ།།
ཨེ་མ་སྐལ་ལྡན་རིགས་ཀྱི་བུ། མདོར་ན། ཁྱོད་ཀྱི་ད་ལྟའི་གནས་སྟངས་ཚང་མ།
ཁྱོད་ཀྱི་བསམ་བློའི་གཡོ་བ་ལས་བྱུང་བའི་གྲུབ་དོན་ཡིན་ལ།
གལ་སྲིད་ཁྱོད་ཀྱི་གནས་སྟངས་གང་ཞིག་ལ་འགྱུར་བ་འགྲོ་དགོས་ན།
འཕོ་འགྱུར་ཐམས་ཅད་ཀྱི་རྩ་བ། རང་ཉིད་ཀྱི་བསམ་བློའི་འཁྱེར་སོ་ལ།
དགག་རྟགས་མེད་པའི་འགྱུར་བ་བཏང་སྟེ།
ཕུན་སུམ་ཚོགས་པའི་འཛམ་གླིང་དུ་ཤར་གྱིས་བསྐྱོད་ཅིག
གནས་ལུགས་བརྗོད་པའི་དོན་གྱི་སྙན་ངག་འདིའི་རྩོམ་པ་པོ་སུ་ཡིན་ངས་ཤེས་མ་སོང་རུང་། ངོ་མ་ཅན་གྱི་ད་ལྟའི་བར་དུ། “ཀླུ་སྨྱོན་འགྲན་རྩོམ་”ཞེས་པའི་བསམ་ཚུལ་དང་སྙན་ངག་སོགས་ཅི་བས་མང་པོ་ཞིག་ཐོན་པའི་ནང་ནས། གུས་མོའི་བསམ་ཚུལ་ནོར་མེད་ན། གོང་གི་དོན་གྱི་སྙན་རྩོམ་”རིག་པ། ལམ། འཐེན་ཤུགས།”ཞེས་པ་ལྟ་བུའི་ཚད་ལྡན་ཞིག་མཐོང་མ་སོང་། དེའི་རྒྱུ་མཚན་ནི། དོན་དམ་གྱི་བརྗོད་གཞི་ཟབ་གནད་ལ་འཇུས་འདུག དེ་ཡང་མཚོན་པར་བྱེད་སྤྱད་ཀྱི་ཚིག་རྒྱན་ནི་སྙན་འཇེབས་ལྡན་པ་ཞིག་གིས་བརྒྱན་འདུག ལྷག་པར་དུ། ངོས་འཛིན་ཟབ་ཅིང་ཐབས་བྱུས་བསྟན་པ་སོགས་ཀྱིས་ཁྱད་ཆོས་མང་དུ་མཆིས་སོ།།
དོན་དངོས་དང་འབྲེལ་བའི་བརྗོད་དོན་ཙམ་པོ་བ་ཞིག་རེད་འདོད། ད་དུང་རེམས་ཡཱ
སྙེན་ངག་མེ་ལོང་མ་དང་མཐུན་པ་ཞིག་རྩོམ་ན་ཡག་པོ་འདུག།
ཡ་མཚན་དེ་རིང་འདིར་ཁྱོད་དང་ང་མེད་པའི་ང་དང་ཁྱོད་ཀྱི་རྩོད་པ་ཞིག་སླེབ་འདུག་མ་གཞི་ཁྱོད་ཀྱིས་
སུ་ལ་རྩོད་གང་ལ་ཁ་མཆུ་རྒྱབ་ཀྱི་ཡོད་སྐབས་རེ་བསམ་བློའི་ཁ་ཕྱོགས་བཟང་ངན་ལ་རྩོད་བསྡད་པ་
བུར་འདུག་ལ་སྐབས་རེར་ཕྲག་དོག་ལྟ་བུའི། ཐར་པ་ ཀུན་མཁྱེན་ རང་དབང་ ཞི་བདེ་
དངུལ་ལོར་ བུད་མེད་ མཚན་སྙན་ ཐང་ཆེན་ ཚེ་རིང་ ནད་མེད་ གང་དགོས་མིན་དྲིས་
བསྡད་པ་ལྟ་བུ་རེད། དེ་དག་ཁྱོད་རང་ལ་དགོས་འཁོ་ཇི་ཙམ་ཡོད་ན་གཞན་དག་ཡང་དེ་ཙམ་གྱི་
དགོས་པ་ཡོད་འདོད་མ་རེད་པས། ཡང་སྐབས་སྐབས་ལ་རྩོམ་པ་པོ་ སྙན་ངག་པ་ མཚན་ཉིད་པ་
མཚན་རིག་པ་སོགས་གང་དགོས་བཤད་ཚུལ་ལ་བལྟས་ན་རང་ཉིད་རིག་གནས་ཀུན་གྱི་དགེ་རྒན་
ཡིན་འདོད་ཀྱི་སྤོབས་པ་ངོམས་པ་ལྟ་བུ་དང་ཡང་མཚམས་རེ་ཐར་པ་དང་ཀུན་མཁྱེན་སོགས་གང་
དགོས་ན་བསྩལ་ཆོག་ཆོག་གི་སྒྲིབ་ཟད་དམ་པ་གཅིག་ཡིན་འདོད་ མཚམས་རེ་ནི་དངུལ་ལོར་དང་
བུད་མེད་མང་བའི་ཚང་པ་ཕ་རྒན་ཞིག་ཡིན་འདོད་དང་ཡང་ཁ་ཅིག་ནས་ཐང་ཆེན་མི་བརྩི་འདོད་ སྐབས་རེ་ནད་མེད་ཚེ་རིང་ཡོང་བའི་ཐབས་ཤེས་དེ་ཡང་ཁྱོད་ཀྱི་ལག་ན་ཡོད་འདོད་ ཐོག་མར་ཁྱོད་རང་ལ་ག་རེ་དགོས་མིན་གཙོ་
བོར་བྱས་ན་ག་འདྲ་འདུག་ དེ་མིན་གོང་གི་དགོས་དོན་་ཐ་དག་བསྒྲུབ་པའི་ནུས་པ་ཁྱོད་རང་ལ་མེད་པ་གསལ་པོ་མ་རེད་པས།
གཅིག་བྱས་ན་ཁྱོད་རང་ལ་མ་འབྱོར་བ་ཐམས་ཅད་གཞན་ལ་དགོས་མིན་དྲི་བཏང་བ་མིན་འགྲོ།
རིག་གཞུང་བཙང་མ་བྱེད་ན་། སྙེན་ངག་མེ་ལོང་ལོས་ཡིན་། གསར་བུ་ཨ་གསར་ཅན་ཚོས་། ཕྱི་གླིང་ལད་མོ་བྱེད་པ་། སྤྲུ་ཁུག་ནང་གི་སློང་ཙམ་། ཞིམ་ཙོག་རྒྱ་སྡེས་ལོས་ཤེས་། དེ་འདྲར་སྙེན་ངག་ཟེར་ན་། སྙེན་ངག་བུ་མོའི་ཁར་ཡོད་། བིས་ངན་འཕག་ཚག་རྒྱབ་ན་།་ རང་གིས་རྐང་ལ་ཕོག་ཡུང།
སྙེན་ངག་ཡག་པོ་འདུག་འོན་ཀྱང་གཟབ་དགོས་ས་མང་པོ་འདུག་
ཁྱེད་ཚོ་སུ་ཞིག་ཕེབས་ནས་བསམ་ཚུལ་གསུངས་ཀྱང་དགའ་བསུ་ཡོད། འོན་ཀྱང་། ཚིག་གི་གཅོད་མཚམས་འཇོག་མི་ཤེས་པ་དང་། བོད་ཀྱི་བརྡ་དག་ལ་སྣང་མེད་ཀྱིས་ཚིག་གྲུབ་ཉུང་ཉུང་ཞིག་གི་ནང་དུའང་། ཡིག་ནོར་འདི་འདྲའི་མང་བོ་ཞིག་སྤེལ་འདུག་པ་མཐོང་བས། ངའི་མཆན་ལན་འབྲི་བའི་ཡི་ག་རྦད་དེ་འགག་སོང་། དགོངས་དག རྗེས་སོར་མཆན་འདེབས་ན་བརྡ་དག་ལ་གཟབ་གཟབ་ཀྱིས།