རྔ་བ་རྒྱལ་ཁམས་པ།
༼གང་ན་རླབས་ཆེན་གྱི་སྐྱེས་བུ་ཡོད་པ། དེ་ན་ཚེ་སྲོག་གི་གསོན་ཤུགས་ཡོད༽
ཀིརྟི་སྐྱབས་མགོན་གྱི་ཐུན་མོང་དང་ཐུན་མིན་གྱི་འཁྲུངས་རབས་ལོ་རྒྱུས་ལྟར་ན། ད་ལྟའི་སྐུ་ཕྲེང་འདི་བ་ཡན་ཆོད་དུ་སྐུ་རབས༥༥ཕེབས་འདུག་ཅིང་། སྐུ་ཕྲེང་དེ་དག་ཀྱང་སྐབས་འགར་རྒྱལ་བློན་བྱང་ཆུབ་སེམས་པ་དང་། རེ་འགར་རིག་པ་འཛིན་པའི་རྣལ་འབྱོལ་བ། གྲུབ་པའི་དབང་ཕྱུག ལོ་ཙྭ་བ། གཏེར་སྟོན། སྤྲུལ་བའི་ནེ་ཙོ་སོགས། སྐྱེས་རབས་ཀྱི་རྣམ་པ་སྣ་ཚོགས་པའི་རང་བཞིན་དུ་ཕེབས་ཡོད། འདིར་ཀིརྟི་ཞེས་འབོད་དོན། ཀིརྟི་ཚང་གི་ཐུན་མིན་འཁྲུངས་རབས་ལྟར་ན། རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ། མདོ་རོང་གི་མཁས་པ་མི་བཞིའི་ཡ་གྱལ། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་དུ་གྲགས་པའི་ནང་ཚན། རོང་ཆེན་དགེ་འདུན་རྒྱལ་མཚན་ནམ་ཡོངས་གྲགས་རོང་ཆེན་ལྗགས་ནག་པ་ཞེས་འབོད་པ་དེ་ཉིད། ད་ལྟའི་རྔ་རྫོང་མངའ་ཁོངས། རྒྱལ་མོ་ཚ་བ་རོང་གི་ཆར་གཏོགས། ཚ་ཁོ་གཡག་རྭ་ཞེས་པའི་རི་ཤོད་ཀྱི་ཉེ་འདབས། ཀིརྟི་མ་ཞེས་པའི་གྲོང་སྡེར་སྐུ་འཁྲུངས་པས༼སྤྱི་ལོ༡༣༧༤ལོར༽། བླ་མའི་མཚན་དུའང་ཀིརྟི་རོང་ཆེན་དགེ་འདུན་རྒྱལ་མཚན། རོང་པོ་ཀིརྟི་ཚང་ཞེས་ཡུལ་མིང་མི་ལ་ཐོགས་པ་ཞིག་ཡིན་པར་གསུངས་འདུག ཀིརྟི་ཞེས་པ་འདི་ལ་གུར་རྡི་དང་། གེར་དྷ། འགིར་ཏི་སྐུ་སྐྱེ། རོང་པོ་གི་རྡི་ཚང་། རྒྱལ་དབང་ལྔ་བའི་རང་རྣམ་ན་རོང་པོ་གི་རྟི་ཚང་། འགའ་ཞིག་ཁོང་གི་སྐུ་ཕྲེང་ལ་རྣལ་འབྱོལ་སྨྱོན་པ་གྲགས་ཞེས་པའི་གྲགས་དང་། རྗེ་བླ་མའི་མཚན་གྱི་སྐད་དོད་སློབ་མ་ལ་གནང་བས་ཀིརྟི་ཚང་ཞེས་འབོད་ཚུལ་སྣ་ཚོགས་ཤིག་བྱུང་མོད། ཡུལ་མིང་མི་ལ་ཐོགས་ཚུལ་དེ་དག་པའི་ཕྱོགས་སུ་ཚད་ལྡན་མཁས་པ་དག་གིས་གསུངས། བླ་མ་དེ་ཡོངས་གྲགས་ཀིརྟི་སྐུ་ཕྲེང་དང་བོར་འཇོག་དགོས་པར་སྣང་།
ཀིརྟི་སྐྱབས་མགོན་ཚང་གི་ཐུན་མོང་སྐྱེས་ཕྲེང་ལོ་རྒྱུས་ལྟར་ན། རྒྱ་གར་འཕགས་པའི་ཡུལ་དུ། སྟོན་པའི་སྤྱན་སྔར་འདུལ་བ་འཛིན་པའི་མཆོག་ཏུ་གྱུར་པ་དགྲ་བཅོམ་ཉེ་བར་འཁོར་དང་། སློབ་དཔོན་ཡོན་ཏན་འོད། ནག་པོ་དམ་ཚིག་རྡོ་རྗེ་སོགས་སྐྱེ་ཕྲེང་ཉི་ཤུ་རྩ་བཞི་ཕེབས་འདུག་པར་མངོན་ཞིང་། བོད་ཡུལ་འདིར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྲོངས་ནས། ཁྲི་སྲོང་ལྡེ་བཙན་ནར་མ་སོན་པའི་བར་དེར། བོད་ཀྱི་ཆོས་སྲིད་མི་སྣའི་བར་འགལ་ཟླ་བྱུང་སྟེ། རྒྱལ་བསྟན་ཉམས་དམས་པ་ན། རྒྱལ་གར་དུ་ཕེབས་ནས་མཁན་ཆེན་ཞི་འཚོ་གདན་དྲངས་ཞིང་། རང་ཉིད་ཀྱང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་སུ་རབ་ཏུ་བྱུང་སྟེ། བསྟན་རྩ་དགེ་འདུན་གྱི་སྡེ་དང་། དམ་ཆོས་འདུལ་བའི་བསྟན་པ་གཞི་བཞེངས་མཛད་པས། ཐར་འདོད་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་བཀའི་དགུང་བློན་རྦ་གསལ་སྣང་དང་། བོད་སིལ་བུའི་སྐབས། ལྷ་བླ་མ་བྱང་ཆུབ་འོད་དང་ཡེ་ཤེས་ཁུ་ཚན་གྱི་སྐུ་རིང་ལ། ཨར་ཚོ་བན་དེ་བཅོ་བརྒྱད་སོགས་སྔགས་པ་རྣམས་ཀྱིས། སྦྱོར་སྒྲོལ་གྱི་ཆོ་ག་ལག་བསྟར་གྱིས་རབ་ཏུ་བྱུང་བ་མང་བོ་སྐྱ་སར་ཕབ་པས། ལྷ་བླ་མས་རྒྱལ་བསྟན་དག་ཐེར་དུ་ལོ་ཙྭ་བ་རྒྱ་བརྩོན་སེང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་དུ་བཏང་ཡང་མ་དྲོངས། དེ་ཉིད་ཀྱི་སློབ་མ་ནག་ཚོ་ལོ་ཆེན་ཚུལ་ཁྲིམས་རྒྱལ་བ་བསྐྱར་དུ་གདན་འདྲེན་དུ་མངགས་པས། ནག་ཚོས་ཇོ་བོ་རྗེ་གདན་འདྲེན་ཐུབ་པ་བྱུང་སྟེ། བོད་ཡུལ་དུ་བཀའ་གདམ་གསར་རྙིང་གི་བསྟན་པའི་རྨང་ནས་ཚུགས་ཐུབ་པ་བྱུང་ཞིང་། ནག་ཚོ་ལོ་ཙྲ་བ་ཚུལ་ཁྲིམས་རྒྱལ་བ་མཆོག་ཀིརྟིའི་སྐུ་ཕྲེང་ཐུན་མོང་བའི་དབང་དུ་བྱས་པའི་སྐྱེ་ཕྲེང༣༤རེད། གནས་ཚུལ་དེ་བཞིན་པན་ཆེན་བློ་བཟང་བསྟན་པའི་ཉི་མས་གཟིགས་ནས། ཀིརྟི་སྐྱབས་མགོན་ཐུབ་བསྟན་ཉི་མ་ཚང་ལ་བཀུར་བཟོས་བདག་རྒྱན་ལྟ་བུར། བླ་ཆེན་ཀྱི་ཚུགས་ཀ་བཅུ་གསུམ་འཛིན་དགོས་པའི་བཀའ་ཤོག་གདུགས་རྟ་དར་སོགས་ཕུལ་འདུག
ཐུན་མིན་སྐྱེ་ཕྲེང་ལྟར་ན། གོང་དུ་སྨོས་པ་བཞིན་རོང་ཆེན་དགེ་འདུན་རྒྱལ་མཚན་སྐུ་ཕྲེང་དང་བོ་དེ་ཡིན་ལ། དམ་པ་དེ་ཉིད་དགུང་གྲངས༡༦ཐོག དབུས་དུ་ཕེབས་ནས་ཤར་ཙོང་ཁ་བ་ཆེན་པོ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། བླ་མ་ལོ་ཙྭ་བ། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ། མཁས་གྲུབ་ཁྱུང་བོ་ལྷས་པ་སོགས་ལས། མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་སྒོམ་གསུམ་གྱིས་མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོར་གྱུར། རྗེ་ཙོང་ཁ་བ་ཆེན་པོ་དང་། ལྷོ་བྲག་མཁན་ཆེན་ལས་ཀྱི་རྡོ་རྗེས་ལུང་བསྟན་ལྟར་མདོ་སྨད་དུ་ཕེབས་ནས། ས་ཁུལ་མང་བོ་བྱིན་གྱིས་བརླབས་ཤིང་། ཆོས་སྡེ་འཛུགས་སྐྲུན་གྱིས་རྗེ་བླ་མའི་བསྟན་པ་ཐོག་མར་དར་སྤེལ་མཛད་པས། བསྟན་པ་ཕྱོགས་མཐར་བའི་དར་ཆེན་ཞེས་གྲགས་པ་བྱུང་། ༢༽ཀིརྟི་སྐུ་ཕྲེང་གཉིས་པ། གྲུབ་དབང་བསྟན་པ་རིན་ཆེན། སྐུ་ཕྲེང་འདི་བ་དབུས་སུ་བཞུགས་སྐབས། རྒྱལ་མེ་ཏོག་ཐང་དུ༧རྒྱལ་དབང་དགེ་འདུན་རྒྱ་མཚོ་མཇལ་ཞིང་། ཁོང་གིས་མདོ་རོང་གི་ཡུལ་དུ་ཕེབས་དགོས་བཀས་བསྐུལ་བ་མཛད་པས་མདོ་རོང་དུ་ཕེབས། དགུང་ལོ༣༧ཐོག་རྒྱ་ནག་གོང་མ་སི་ཀྱའི་ཏྰ་མིང་རྒྱལ་པོས་གདན་འདྲེན་ཕོ་ཉ་བཏང་ཡང་མ་ཕེབས་པས། བསྐྱར་དུ་གོང་མའི་གསེར་ཡིག་པ་འབུལ་དངོས་གཏོས་ཆེན་༼བླ་མ་གྲུབ་ཐོབ་སངས་རྒྱས་རིན་པོ་ཆེ༽ཞེས་པའི་མཚན་བསྟོད་དབང་ཐམ་ཕུལ། ༢༽ཀིརྟི་སྐུ་ཕྲེང་གསུམ་པ་གྲུབ་དབང་བསྟན་པ་རབ་རྒྱས། གཞུང་ས་དགའ་ལྡན་ཕོ་བྲང་གོང་ས་ལྔ་བ་ཆེན་པོའི་སྐབས། དབུས་གཙང་གི་ཕྱོགས་སུ་ཆར་ཆུ་དུས་སུ་འབབ་མ་ཐུབ་པའི་དཀའ་ངལ་ཆེན་པོ་ཞིག་བྱུང་འདུག་ཅིང་། ༧གོང་ས་ལྔ་བ་ཆེན་པོའི་བཀས། གྲུབ་དབང་བསྟན་པ་རབ་རྒྱས་ཚང་གིས། ཉིན་གྲངས་བདུན་རིང་ཆར་ཆུ་ཕབ་པས། སྡེ་སྲིད་འཕྲིན་ལས་རྒྱ་མཚོའི་སྐབས། འབྲས་སྤུངས་རོང་པོའི་ཤར་རྩེའི་གཟིམ་ཆུང་སོགས། བདག་རྐྱེན་རྒྱ་ཆེན་གནང་སྟེ། རོང་པོ་ཆོས་རྗེ་ཞེས་པའི་མཚན་གནས་ཕུལ་བ་ནས། དབུས་གཙང་གི་ཡུལ་གྲུ་ཀུན་ཏུ་མཚན་སྙན་རྒྱས་ཤིང་། རྒྱ་ནག་ཏྰ་མིང་རྒྱལ་བོས་ཀྱང་ཁོང་གི་སྙན་པ་ཐོས་ནས། གོང་མའི་ཕོ་བྲང་དུ་གདན་དྲངས་སྟེ། ༼བླ་མ་ཐུགས་རྗེ་ཆེན་པོ་འགྲན་མེད་སེང་གེ༽ཞེས་པའི་མཚན་སྙན་ཆེ་བསྟོད་ལུང་ཐམ་ཕུལ་བ་དང་། བཙན་ལྷ་རྒྱལ་བོའི་ཀྭ་ཏོ་དུང་མཁར་དུ་གདན་དྲངས་ཏེ། གྲོང་བ་ཁྲི་ཁྱིམ་ལྷ་འབངས་སུ་ཕུལ་ཕུལ་བའི་ལོ་རྒྱུས་བྱུང་ཡོད།
༣༽ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་རྒྱ་མཚོ། སྐུ་ཕྲེང་འདི་བ་སང་ནི་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་ཕྱག་འདེམས་མཛད་མཁན་དེ་ཡིན་ཞིང་། ཁོང་ནི་ཀིརྟི་བློ་བཟང་འཕྲིན་ཞེས་མཁས་གྲུབ་གཉིས་ལྡན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཆེན་པོ་ཞིག་ཡིན་འདུག་ཅིང་། ཨོ་རྒྱན་ཆོས་ཀྱི་རྒྱལ་བོའི་རྒྱལ་ཚབ། རྡོ་གྲུབ་རྒན་གྱི་ལུང་ལས། རྔ་བའི་ཡུལ་དུ་བློ་ཡི་མིང་ཅན་གྱིས།། གྲུབ་སྡེ་གསར་འཛུགས་གཞན་ཕན་རྒྱ་ཆེན་འབྱུང་། ཞེས་དང་། གུ་རུའི་ལུང་བསྟན་བཀའ་བརྒྱ་མ་ལས། སྟག་སྲིན་འདུས་པའི་ནགས་འདབས་སུ།། འགྲོ་འདུལ་གླིང་བའི་ས་བོན་བཏབ།། མདོ་སྔགས་བསྟན་འཛིན་བླ་མ་འཁྲུངས།། ཡུལ་སྐད་ཀིརྟི་སྤྲུལ་སྐུ་ཞེས།། ཉང་སྟོན་བེར་སྔོན་ཅན་གྱི་སྤྲུལ།། ལྷ་སྲིན་དངོས་སུ་ཕྱག་རྒྱར་འཛུད།། ཞེས་ལུང་གིས་བསྔགས་པའི་ཡུལ་ཀྱང་གཙོ་བོ་ཀིརྟི་འདི་བ་སང་གི་མཛད་སྤྱོད་ལ་གཟིས་པ་ཞིག་ཨེ་ཡིན་སྙམ་པ་ནི་ངས་ཚོད་དཔགས་ཡིན། ཁོང་གིས་བསྟན་འགྲོའི་དོན་ཆེན་བསྐྱངས་བའི་མཛད་རྣམ་ཀུན་ལ་ཡོངས་གྲགས་ལྟ་བུ་ཡིན་པས་འདིར་མ་བཀོད། ༤ ༽ ཀིརྟི་སྐུ་ཕྲེང་བདུན་པ་རྗེ་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མ། ཁོང་དབུས་སུ་ཕེབས་སྐབས་རྒྱལ་ཚབ་དེ་མོ་ནོ་མི་ཧན་བློ་བཟང་ཐུབ་བསྟན་འཇིགས་མེད་མཇལ་ཞིང་། ཕན་ཚུལ་དངོས་འབུལ་སྐྱེས་ལན་གནང་རེས་མཛད། ཕྱི་ལོ་༡༨༡༧ལོར་༧ཀུན་གཟིགས་པན་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མས། ད་ནས་བཟུང་བླ་ཆེན་གྱི་ཚུགས་ཟུངས་ལ་ཆེན་པོར་འོས་པའི་ལས་ཚན་བཅུ་གསུམ་ལ་ལོངས་སུ་སྤྱོད་ཅེས་བླ་ཆེན་གྱི་དབང་ལུང་བཀའ་ཤོག གདུགས་རྟ་དར་ཏོག་བཅས་གནང་བ་ནས། ལས་ཚན་བཅུ་གསུན་འཛིན་པའི་སྲོལ་དར།
༥༽ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ།
༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི། ད་ལྟའི་མདོ་སྨད་རྔ་ཁུལ་མཛོད་དགེ་རྫོང་གི་ཐེ་བོ་སྟག་མོ་ཞེས་པར་སྐུ་འཁྲུངས། བླ་མ་འདི་བ་ཚང་སྐུ་ན་ཕྲ་མོའི་དུས་སྟག་ཅིག་གིས་རྟག་ཏུ་སྲུང་བཞིན་པ། སྐབས་དེའི་མི་མང་བོས་དངོས་སུ་མཐོང་མྱོང་བས། ཁོང་འཁྲུངས་ཡུལ་གྱི་མིང་དུའང་སྟག་མོ་ཞེས་ཐོགས་པ་ཨེ་ཡིན་བསམས་ཏེ། ཡོངས་གྲགས་ཞེ་ཚིག་ཅིག་ཏུའང་། སྟག་མོའི་རི་གཟར་སྒང་ནས།། རླབས་ཆེན་སྐྱབས་མགོན་འཁྲུངས་སོང་།། དགོན་སྡེ་མ་བུ་རྣམས་ལ།། བཤད་སྒྲུབ་བསྟན་པ་དར་སོང་།། ཞེས་ལེན་སྲོལ་ཡོད། དེ་བཞིན་ཁོང་རྔ་ཡུལ་ཀིརྟིའི་དགོན་དུ་ཐོག་མར་ཆིབས་སྒྱུར་གནང་སྐབས། གྲྭ་ཤག་རེ་རེའི་ནང་དུ་ཕེབས་ཡོད་ཚོད་ལ། གྲྭ་ཤག་གཅིག་གི་ནང་དུ་མཇལ་དར་ཞིག་བར་སྣང་སྟོང་བའི་དབྱིངས་སུ་བཞག་པ།
ཉིན་ཤས་རིང་ཡུལ་མི་སེར་སྐྱ་མང་བོ་མཇལ་ཁར་བཅར་བ། གྲྭ་རྒན་རེ་ཟུང་གིས་ལག་མཁར་མཇལ་དར་གྱི་སྟེང་ནས་ཕར་གཡུག་ཚུར་གཡུག་བྱས་པས། བར་སྣང་རྟེན་མེད་དུ་བཞག་འདུག་པར་གསལ་བོར་ཤེས་ནས། ལམ་སེང་པུས་མོ་སར་བཙུགས་ཨུ་ཧུ་ལུ་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་འགྱོད་བཤགས་ཕུལ་བའི་ངོ་མཚར་བའི་ལོ་རྒྱུས་མང་བོ་རྒན་རྒོན་དག་གི་ངག་རྒྱུན་ལས་གོ་མྱོང་། སྐྱབས་མགོན་ཀིརྟི་འདི་བ་སྤྱི་ལོ༡༩༥༨ལོར་༧གོང་ས་མཆོག་གི་བཀའ་འབྲེལ་དབུས་ཕྱོགས་སུ་ཆིབས་སྒྱུར་གནང་ཞིང་། ལོ་རྗེས་མའི་ནང་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་བཀོད། ཐེག་པ་ཆེ་ཆུང་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་མཐར་སོན་ནས། དགེ་བཤེས་ལྷ་རམས་དང་ཨཙརྱ་མཚན་རྟགས་བཞེས། སྐབས་འདིར་ང་ཚོས་ལྷག་པར་ཡང་དགའ་སྤྲོའི་སྤོབས་པ་སྐྱེ་དགོས་པ་ཞིག་ལ། སྐྱབས་མགོན་འདི་ཚང་སྐུ་ན་ཕྲ་མོ་དེ་འདྲ་ཞིག་ནས་མི་ཡུལ་ཕེབས་ནས། མཐའ་ད་ལྟ་ལ་ཐུག་གི་བར་དུ་རྒྱལ་བསྟན་དགེ་འདུན་གྱི་སྡེ་ལ་རགས་ལས་པ་དང་། དགེ་འདུན་གྱི་སྡེ་དམ་ཆོས་འདུལ་བ་ལ་རགས་ལས་པའི་གནད་དོན་གལ་འགངས་ཅན་འདི་ཐུགས་དམ་ཉམས་བཞེས་གནང་བའི་བདག་འབྲས། འདུལ་བ་འཛིན་པའི་རྣམ་ཐར་བསྟན་འགྲོའི་མིག་རྒྱན་དུ བཞེས་ བཞིན་པ་འདི། ཇི་སྐད་དུ། སྔོན་ཚེ་སྟོན་པའི་སྤྱན་སྔར་ཉེ་བར་འཁོར།། ཤམ་བྷ་ལ་རུ་རྒྱལ་བུ་གཙུད་ཕུད་ཅན། ཞེས་པ་ལྟར། གཞན་གྱིས་དོ་ཟླ་མེད་པའི་རླབས་ཆེན་གྱི་མཛད་པ་ཞིག་ཡིན་པའི་ངེས་པ་གཏིང་ནས་རྙེད་ཡོད། དེ་བཞིན་སྒྲིག་ཀུན་སྤྱོད་དག་ཐེར་དང་། བསྐྱར་བཅོས་ཀྱི་རིམ་པ་གཙོ་བོར་བརྗོད་པའི་ཞལ་གདམས་བསླབ་བྱ་སྙན་སྒྲོན་བཅུ་གསུམ་ཅན་དེ་ཉིད། གང་གི་སྐྱོང་ཡུལ་གྱི་ཆོས་སྡེ་ཁག་ཏུ་མ་ཟད། བོད་ཁམས་སྤྱིའི་ཆོས་ལུགས་ལྟ་བུར་ཆགས་ནས། དེང་སང་སྒར་དགོན་མང་བོའི་ནང་ཀིརྟི་སྐྱབས་མགོན་གྱི་ཞལ་གདམས་ཞེས་དཀར་ཟས་བསྟེན་པའི་ལུགས་སྲོལ་བཟང་བོ་ཞིག་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད། གདན་སའི་ཚོགས་ཆེན་མཁན་པོར་སྔ་སྲོལ་བླ་སྤྲུལ་དག་གིས་རེས་མོས་འཛིན་སྐྱོང་བྱེད་པའི་ལམ་ལུགས་ཤིག་ཡོད་པ་སྒྱུར་བཅོས་ཐོག ལུང་རྟོགས་ཀྱི་ཡོན་ཏན་ལ་དཔགས་པའི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རིམ་ཕེབས་ཀྱིས་འཛིན་སྐྱོང་བྱེད་པའི་སྲོལ་ཀ་བཏོད་ཡོད་ལ། ལམ་ལུགས་འདི་དགའ་ལྡན་གསེར་ཁྲི་ཕེབས་སྟངས་ཀྱི་སྲོལ་ཀ་དང་འདྲ་བ་ཡིན། བོད་ཀྱི་རྒྱལ་བསྟན་ཆབ་སྲིད་མི་རིགས་རིག་གཞུང་དང་བཅས་པར་ཉམས་ཉེས་གོད་ཆགས་ཆེན་པོར་འགྲོབཞིན་པའི་སྐབས་འདིར། ༼འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་བོད་ཀྱི་ཆེས་མཐོའི་རིག་གནས་སློབ་གཉེར་ཁང་།༽ཞེས་པ་འདི་བཞིན་རྩ་འཛུགས་མཛད་ནས། བོད་ནས་གསར་དུ་ཕེབས་པའི་དགེ་འདུན་པ་ཚོར། གྲུབ་མཐའ་དང་ཆོལ་ཁོངས་ཕྱོགས་རིས་མེད་པར། བོད་ཀྱི་རིག་གནས་ཆེ་ཆུང་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཏེ། འཆད་རྩོད་རྩོམ་གསུམ་ལ་མཁྱེན་རྒྱ་ཡངས་པའི་སློབ་མ་མང་བོ་བསྐྱེད་སྲིང་བྱེད་བཞིན་ཡོད། ཀིརྟི་བླ་བྲང་གི་ཕྱག་རྒྱུ་གང་ཡོད་བསྟན་འགྲོ་ཁོ་ནར་གཏོང་བ་ལས། རང་གི་བླ་བྲང་རྫིག་པོ་དང་། ཉེ་གནས་སྐུ་འཁོར། སྐུ་མཆེད་སོགས་ལ་ཅུང་ཟད་ཀྱང་མི་གནང་བར་ཐོས་ལ། བླ་ཆེན་ཡུལ་ཁམས་རེའི་སྐྱབས་མགོན་ཡིན་རུང་། ང་ཆེ་ང་བཙན་ལྟ་བུའི་ཆེ་ཚུགས་མི་གནང་བ་ཞིག་སྟེ། སྔོན་དད་ལྡན་མི་སྣ་མང་བོས༧གོང་ས་མཆོག་དང་ལྷན་རྒྱས་མཉམ་དུ་བཏབ་པའི་སྐུ་པར་རེ་གནང་སྐྱོང་ཞེས་པའི་ལན་དུ། ཁོང་གི་ཉེ་འཁོར་སྐྱ་བོ་ལོ་རྒས་ཤིག་ཡོད་པ་དཔེར་བཟུང་ནས། ང་དང་འཁོར་བ་འཇིག་མཉམ་པོར་པར་ཞིག་བླངས་ན་ཅི་འདྲ་འདུག ༧རྒྱལ་བ་ཐམས་ཅད་མཁྱེན་པ་དང་། ངེད་གཉིས་པར་བརྒྱབ་ན་དེ་ལྟ་བུ་རེད་ཅེས་ཁེང་སྐྱོང་གནང་བཞིན་ཡོད་པའང་གོ་ཐོས་བྱུང་། གང་ལྟར་ཉེ་དུས་འདིར་རྔ་ཡུལ་ཀིརྟི་དགོན་ཆེན་ལ་རྒྱ་དམར་གྱིས་བློས་འཆུན་དཀའ་བའི་སུན་གཙེར་སྡུག་སྦྱོང་ཚད་མེད་གཏོང་བཞིན་པར་བློ་ཕམ་ཆེན་པོ་བྱུང་ཞིང་། སྐྱབས་གཅིག་མཐོང་བ་དོན་ལྡན་རོང་ཆེན་༧སྐྱབས་མགོན་ཀིརྟི་ཚང་གི་རྣམ་ཐར་ལོ་རྒྱུས་དེ་བཞིན་བོད་རིགས་གང་ན་སུ་བཞུགས་པ་རྣམས་ཀྱིས་ཤེས་དགོས་ངེས་ཤིག་ཏུ་མཐོང་ནས། དམ་པ་དེ་ཉིད་ཀྱི་སྐྱེས་ཕྲེང་ལས་གཙོ་བོ་ཁག་ཅིག་དྲྭ་ལམ་བརྒྱུད་ངོ་སྤྲོད་ཞུ་ཁུལ་ཡིན་ཀྱང་། གུས་པར་དཔྱད་ཡིག་སོགས་ཀྱི་མཐུན་རྐྱེན་ཡག་པོ་ཞིག་མ་ལྡན་པའི་དབང་གིས། མ་རྟོགས་པ་དང་ལོག་པར་རྟོག་པའི་སྐྱོན་གྱིས་གོས་པའི་རིགས་ཡོད་ཚེ་བཟོད་གསོལ་ཞུ་བ་ལགས།
འཁྲུངས་རབས་ཐོས་ན་དོད་ལྡན་ལ་རྗེས་སུ་ཡི་རང་ངོ་། །བསྟན་འཛིན་སྐྱེས་བུ་ཐམས་ཅད་སྐུ་ཁམས་བཟང་། །
སྐུ་ཕྲེང་དང་པོ་ནས་བཀོད་འདུག་པ་ལྟར་ད་བར་གྱི་སྐུ་ཕྲེང་ཆ་ཚང་མདོར་བསྡུས་རེ་ཡོད་ན་ལེགས་ཀྱང་ཁ་ཤས་བཀོད་མི་འདུག་པ་རྣམ་ཐར་ལོ་རྒྱུས་མ་རག་པ་ཡིན་རྒྱུ་རེད། སྐུ་ཕྲེང་བདུན་པ་བརྒྱད་པ་གཉིས་ཀྱི་གོ་རིམ་ཡང་འཁྲུགས་འདུག སྐུ་ཕྲེང་བཀོད་མེད་པ་དེ་དག་གི་མཚན་ཙམ་ཁ་སྐོང་གི་ཚུལ་དུ་བཀོད་ན། སྐུ་ཕྲེང་བཞི་པ་ཐོགས་མེད་བློ་བཟང་འཇམ་དབྱངས། འདི་པས་གནམ་ལྕགས་ཕྱག་གིས་བཟུང་བའི་ལོ་རྒྱུས་ཡོད། སྐུ་ཕྲེང་ལྔ་པ་ཀིརྟི་བསྟན་པའི་རྒྱལ་མཚན། འདི་པས་སྟག་ཚང་ལྷ་མོ་ཀིརྟི་དགོན་ཕྱག་འདེབས་མཛད། ཐེ་རོང་ཕྱོགས་ཀྱི་ལྷ་ཀླུ་གཞི་བདག་མང་པོ་དཀར་ཕྱོགས་ལ་བཀོད། མཛོད་དགེ་ཤོག་བཅུ་གཉིས་སོགས་སྟོད་ཕྱོགས་ལྔ་བཅུ་རྩ་གཅིག་གི་དབུ་བླ་མཛད། སྐུ་ཕྲེང་དྲུག་པ་དགེ་འདུན་ཆོས་ཀྱི་དབང་ཕྱུག འདི་པ་དགུང་ལོ་ ༢༥ ལས་མ་བཞུགས། སྐུ་ཕྲེང་དགུ་པ་བསྐལ་བཟང་བློ་གྲོས་ཚང། འདི་པ་དགུང་ལོ་ ༡༦ ལས་མ་བཞུགས། སྐུ་ཕྲེང་བཅུ་པ་ངག་གི་དབང་པོ་ཚང་ཡིན། འདི་པ་དགུང་ལོ་ ༢༠ ལས་མ་བཞུགས། འདི་པའི་རིང་རྔ་པ་ཀིརྟི་དགོན་དུ་དུས་འཁོར་གྲྭ་ཚང་བཙུགས། རགས་རིམ་དེ་ཙམ་ལགས།
ཐེ་བོ་སྟག་མོ་སྒང་ནི་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་འདི་པའི་འཁྲུངས་ཡུལ་སྟག་མོ་སྒང་ཞེས་པའི་མིང་ནི་གནའ་སྔ་མོ་ནས་ཡོད་པ་ལས་འདི་པའི་རིང་གསར་དུ་ཐོགས་པ་ཞིག་མ་རེད། འཁྲུངས་ཡུལ་ཚོ་པ་དེ་སྟག་མོ་ཉལ་བ་ལྟ་བུའི་རི་གདོང་ཞིག་ན་ཡོད་པས་ས་དབྱིབས་ཀྱི་ཆ་ནས་བཏགས་པ་རེད།
གཞན་ཡང། ཁོང་གི་གསུང་༼སྙན་སྒྲོན་བཅུ་གསུམ་༽དང། ད་དུང་༼དྲུག་ཅུ་རྒན་པོའི་རེ་འདུན༽དང་༼བསླབ་བྱ་སོ་གཉིས་༽ཞེས་པ་དེ་དག་མདོ་སྟོད་སྨད་གཉིས་ཀའི་ནང་ཁྱབ་ཆེན་པོ་རེད། ༼བསླབ་བྱ་སོ་གཉིས་༽ནི་རྒྱ་ཡིག་ཏུ་བསྒྱུར་ཏེ་རྒྱ་ནག་ནང་ལའང་ཁྱབ་སྤེལ་འགྲོ་གི་འདུག་ཟེར། དེ་དག་དེང་དུས་ཀྱི་དགོན་པ་དང་མི་མང་དཀྱུས་མ་ལ་ཤིན་ཏུ་ཕན་པ་ཤ་སྟག་རེད།
ཀིརྟི་རིན་པོ་ཆེ་ལ་ད་ལྟ་བླ་བྲང་ཡོད་མ་རེད། སྔོན་ཆད་ཡོད་རེད། ཡོད་པ་ཙམ་དུ་མ་ཟད་རྒྱུ་ཆེན་པོ་དང་ནུས་པ་ཆེན་པོ་རེད་ཟེར། ས་གནས་ཀྱི་ཁ་མཆུ་མང་པོ་ཀིརྟིའི་བླ་བྲང་ནས་ཐག་གཅོད་གནང་གི་ཡོད་པ་དང། ས་གནས་མི་མང་ལ་ཁྲལ་བསྡུ་ཁྲིམས་གནོན་སོགས་ཆོས་སྲིད་གཉིས་ཀའི་ཐད་ནས་རྒྱ་ཆེན་པོ་རེད་ཟེར། འོན་ཀྱང། ན་ནིང་ 2008 ལོར་ཀིརྟིའི་བླ་བྲང་དེ་ཀིརྟིའི་དགེ་རྩ་ཚོགས་པར་བསྒྱུར་བ་རེད། བླ་མ་ཞིག་གི་བླ་བྲང་དགེ་རྩ་ཚོགས་པར་བསྒྱུར་བ་ནི་བོད་ཀྱི་ལོ་རྒྱུས་ནང་འདི་ཐེངས་དང་པོ་རེད། དེའི་མཛད་སྒོའི་སྐབས་སུ་ང་རང་ཡོད། ཀིརྟི་རིན་པོ་ཆེའི་ཕྱག་དངུལ་ཆ་ཚང་དགེ་རྩ་ཚོགས་པར་གནང་སྟེ། བོད་ནང་གི་དགོན་པ་དང་མི་མང་ལ་རོགས་སྐྱོར་གནང་རྒྱུ་རེད་འདུག བོད་ཀྱི་བླ་མ་ཚང་མས་འདི་འདྲ་གནང་ན་དངོས་གནས་བོད་ལ་ཕན་ཐོགས་ཆེན་པོ་ཡོང་ས་རེད། བླ་མ་འབྱོར་པ་ཅན་ཚོས་དེང་རབས་དང་མཐུན་པའི་ཕྱག་ལས་འདི་འདྲ་གནང་རོགས་གནང།
“བླ་མ་འབྱོར་པ་ཅན་ཚོས་དེང་རབས་དང་མཐུན་པའི་ཕྱག་ལས་འདི་འདྲ་གནང་རོགས་གནང།” ཞེས་ཟེར།
གྲོང་གསེབ་ཀྱི་རྔ་བ་རྒྱལ་ཁམས་པ་ལགས།
དུས་རྒྱུན་གྱི་ཚན་རིག་དང་མིའི་རིགས་ཀྱི་ལོ་རྒྱུས་རྐྱང་རྐྱང་གི་བརྗོད་གཞི་གཙོ་བོར་འཛིན་མཁན་དང་། ཡེ་ཤེས་ཆོས་ལུགས་གཙོས་པའི་འཛམ་གླིང་གི་ཆོས་ལུགས་ཆེ་གྲས་མང་པོ་ཞིག་གིས་ད་བར་མི་དང་ལྷའི་བར་གྱི་འབྲེལ་བ་དང་། རང་བྱུང་དང་སྤྱི་ཚོགས་ཐད་འཛིན་པའི་ལྟ་ཚུལ་དང་འགྲེལ་བཤད་ལ་ཁུངས་ལུང་མེད་པའི་གསལ་བཤད་དང་། ཤར་ནུབ་ཀྱི་གྲགས་ཅན་མཚན་ཉིད་རིག་པ་བ་ཁག་གི་མི་ཚེ་དང་འཚོ་བའི་སྙིང་སྟོབས་ཐད་རྩོད་སྒྲུབ་ཀྱིས་གདེང་འཇོག་དབྱེ་ཞིབ་མཁན། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེ་ཁག་གི་ལྟ་བའི་གནད་འགག་གསེད་གྲོལ་དང་ཕྱོགས་སྡོམ་པ། རྒྱལ་བ་ཤཱཀྱ་མུ་ནེའི་མི་ཚེའི་བརྒྱུད་རིམ་ཁྲོད་དུའང་འགལ་བ་དང་ཀྱག་ཀྱོག་གིས་ཁེངས་པའི་མིའི་མི་ཚེའི་གོ་རིམ་དེ་གཅིག་མཚུངས་སུ་བརྒྱུད་ཡོད་སྐོར་གྱི་མདུན་སྐྱོད་གླེང་མོལ་མཁན། ཁ་སང་གི་རྒྱལ་ཁམས་པ་དེ་ངོ་མཚར་རེ་ཆེ་ཡང་། དེ་རིང་གི་གྲོང་གསེབ་པ་དེའང་ཐབས་རེ་སྐྱོ། དེ་ལྟར་བསམ་ཚེ་རྒྱལ་ཁམས་པའི་རྒྱལ་ཁམས་སྐོར་ཡང་ལུང་ཁུག་ཏུ་གནས་མུས་ཡོད་ཚོད་རེད།
རྔ་སྨྱོན་ནས་རྔ་བ་རྒྱལ་ཁམས་པ་གྲོང་གསེབ་པ་རེད་ཟེར་དོན་ཅི་ཡིན་ནམ། སྐྱབས་མགོན་ཀིརྟི་ཚང་གི་རྣམ་ཐར་བྲིས་པས་རེད་དམ། ལན་ཞིག་གནང་རོགས