རྔ་བ་རྒྱལ་ཁམས་པ།
གླེང་བརྗོད།
ཉེ་ལམ་ས་ཁམས་རིག་པའི་མཁས་པ་མི་གྲངས་གཅིག་སྟོང་ལྷག་ཅིག་ལ། ཡོངས་གྲགས་ཚན་རིག་པ་གཅིག་གི་མིང་འདེམས་གསེས་བྱེད་དུ་བཅུགས་པར། བརྒྱ་ཆའི་བདུན་ཅུ་ལྷག་གིས་རྩིས་དང་། ཕྱི་དོན་རིག་པའི་མཁས་ཆེན་དུ་གྲགས་པ་ཨ་ཡེན་སི་གྲན་མཆོག་བདམ་པ་རེད། འོན་ཏེ། དོན་དངོས་ཐོག་ཁོང་གིས་ཚན་རྩིས་རིག་པའི་འཛམ་གླིང་ནང་། གསར་གཏོད་དང་། འགྱུར་བ། འཇིག་རྟེན་ལྟ་ཚུལ་གྱི་རིགས་འཕྲུལ་སོགས་ནི་ཆེས་ཧ་ཅང་གི་རྟོགས་དཀའ་བ། ང་ཚོའི་རྒྱུན་ལྡན་གྱི་འཚོ་བ་དཀྱུས་མའི་ནང་གི་མཐོང་ཐོས་རིགས་དང་གོ་ལྡོག་ཏུ་གྱུར་པ་ལྟ་བུ་ཞིག་སྟེ། དཔེར་ན། ཇི་ལྟར་བྱས་ནས་དུས་ཀྱི་རྒྱུ་ཤུགས་བྲི་བའམ། ཡང་ན་གཏན་དུ་འགོག་ཐུབ་བམ། ཅིའི་ཕྱིར་འདུས་བསགས་རྣམས་ཕན་ཚུན་སྟོབས་མཚུངས་སུ་གྱུར་པ་རེད། སྐུ་ཞབས་ཨ་ཡེན་སི་གྲན་མཆོག་གིས་དོན་གནད་འདི་རིགས་ཐེ་བའི་འཇིག་རྟེན་གྱི་ཁམས་འདི། བསམ་བློའི་ལྟ་སྟངས་མི་འདྲ་བ་གཉིས་ཤིག་གི་སྒོ་ནས་འགྲེལ་བརྗོད་བྱས་འདུག
ལོ་ན་ཕྲ་མོའི་དུས་ཀྱི་ལོ་རྒྱུས་ཐུང་ངུ།
ཨ་ཡེན་སི་གྲན་མཆོག་ནི་སྤྱི་ལོ༡༨༧༩ལོའི་ཟླ༣ཚེས་༡༤ཉིན་ཡང་འཕྲུལ་བཟོ་བ་ཧིར་མན་ཨ་ཡེན་སི་གྲན་དང་། ཡུམ་ཕ་ཡོས་ལེན་གཉིས་ཀྱི་སྲས་སུ། འཇར་མན་ལྷོ་བརྒྱུད་ཀྱི་ཡོས་ལམ་ཞེས་པར་སྐུ་འཁྲུངས། ཁོང་དགུང་ལོ་གཅིག་གི་སྒང་ཁྱིམ་ཚང་དེ་བཞིན་གྲོང་ཁྱེར་མོ་ནེ་ཆས་ཞེས་པའི་འཁྲིས་སུ་གནས་སྤོས། ཧིར་མན་མཆོག་གིས་རང་གི་སྤུན་ཟླ་ལྗ་ཁོབ་དང་མཉམ་འབྲེལ་གྱིས། གློག་འཕྲུལ་ཡོ་ཆས་བཟོ་གྲྭ་ཞིག་འཛུགས་སྐྲུན་བྱས། སྐབས་དེ་ཤེད་ན་གློག་རིག་འཕྲུལ་བཟོ་ནི་ཆེས་ཚོང་གཞི་རྒྱ་ཆེན་ཞིག་ཡིན་མོད། ཁོང་བར་ཚོང་བྱ་ལམ་ལྷོང་མ་བྱུང་བས་དཔལ་འབྱོར་གྱི་གོད་ཁ་ཤིན་ཏུ་ཆེན་པོ་ཞིག་ཐེབས་འདུག བྱ་སྦྱོད་དལ་ཞིང་ཉོབ་འདང་ཆེ་བའི་གཞོན་དུ་ཨལ་བྷིར་གྲི་མཆོག་ནི། སློབ་ཆུང་ན་ཡོད་དུས་རྣམ་རིག་གསལ་རྐྱེན་གྱི་ཁྱད་པར་ཅི་ཡང་མེད་པ་ཞིག་ཡིན་པར་སྣང་ཞིང་། ཞང་བོའི་རོགས་དན་འོག་རྩིས་རིག་ཐུགས་སྦྱོང་ཡར་རྒྱས་བཏང་བ་དང་། མ་རྒན་གྱི་ཞལ་ཏ་ལྟར་རོལ་མོ་དང་ལེགས་སྦྱར་གྱི་སྐོར་ལའང་སློབ་སྦྱོང་གནང་མོད། ཁོང་ལྷག་པར་ཡང་ཐུགས་འགུལ་ཐེབས་པ་ཞིག་ནི། རྡོ་ཁབ་ལེན་གྱིས་ལྕགས་འཐེན་པའི་ངང་ཚུལ་དེ་རེད། ཁོང་གིས་དེའི་ཐད་བསམ་གཞིགས་ནན་ཏན་གཏོང་བའི་མགོ་ཚུགས་ཤིང་། ཁོང་གི་བསམ་གཞིགས་ལྟར་སྐབས་དེ་ནི་འཇར་མན་ནང་། རྐང་འཁོར་དང་། རླངས་འཁོར། གློག་གྲུ་གསར་གཏོད་པ་སོགས། ཚན་རིག་དང་ཚན་རིག་པའི་བྱ་བཞག་ཤིན་ཏུ་དར་ཁྱབ་འགྲོ་བཞིན་པའི་སྐབས་ཤིག་རེད།
སྤྱི་ལོ༡༨༩༡ལོའི་ནང་ཧིར་མན་ཨ་ཡེན་སི་གྲན་མཆོག་གི་གློག་ཆས་ཚོང་ལས་ཀྱི་ཐོག ལྡིབ་ལྷུང་ཆེན་པོ་ཞིག་བྱུང་སྟེ་བཟའ་མི་ཚང་མ་ཨི་ཏྲ་ལའི་མེ་ལན་གྲོང་ཁྱེར་ནང་གནས་སྤོས། ཨ་ཡེན་སི་གྲན་ནས་འཇར་མན་གྱི་གཙུག་ལག་སློབ་ཆེན་མཐར་ཕྱིན་མོད། སློབ་ཐོན་ཕྱག་འཁྱེར་ལག་ཏུ་རག་མི་འདུག འདིའི་རྒྱུ་མཚན་གསལ་བོ་ཞིག་བཤད་པ་མ་མཐོང་མོད། ཞིབ་ཚགས་བསམ་བློ་ཞིག་བཏང་ན་ཁོང་ལྗོས་ཀྱི་མི་རིགས་ཤིག་ཡིན་པ་དང་། སྐབས་དེར་འཇར་མན་དག་གིས་ལྗོས་རིགས་ལ་ཐུབ་ཚོད་གཏོང་བཞིན་པའི་སྒང་ཞིག་ཡིན་པས། ཁོང་བར་ཕྱག་འཁྱེར་མ་སྤྲད་ཅིག་ཨེ་ཡིན་སྙམ་དུ་སེམས་སོ།། དེ་ལྟར་ཁོང་ཨི་ཏྲ་ལའི་ནང་ལོ་གཅིག་ལྷག་གི་རིང་གཉེན་གྲོགས་ཚོ་དང་ལྷན་དུ་བཞུགས་ཤིང་། ཡང་བསྐྱར་ཡབ་ཀྱི་ཚོང་བྱར་ལམ་འགྲོ་མ་སོང་བས། ཁྱིམ་ཚང་སླར་ཡང་ཨི་ཏྲ་ལའི་ཕ་བེ་ཡ་ཞེས་པར་གནས་སྤོས། ས་དེ་ནས་ཚོང་ལས་ཀྱི་གཞི་ཞིག་བསླངས་པར་སྔར་བཞིན་ལམ་འགྲོ་བྱུང་མི་འདུག སྐུ་ཞབས་ཧིར་མན་མཆོག་གིས་རང་གི་བུ་དེ་བཞིན་འཕྲུལ་བཟོ་བ་ཞིག་ཡོང་རེས་ལས་ཀ་ཞིག་གི་མགོ་བཙུགས་མོད། བུ་ལ་ནི་མུ་མཐུད་སློབ་སྦྱོང་གནང་རེས་འདུན་པ་ལྟ་བུས། སྤྱི་ལོ༡༨༩༠ལོར་སིད་སིར་ཕེབས་ནས་རྒྱལ་ཁབ་དེའི་འབངས་རིགས་ངོ་མར་ཆགས་འདུག
སློབ་གྲྭར་ཕྱིར་ཕེབས་པ།
སློབ་ཐོན་ཕྱག་འཁྱེར་ཞིག་མེད་པར་ཞིག་ཏུ་འཛུལ་ཞུགས་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་ཁག་པོ་ཞིག་ཡིན་མོད། སུད་སི་ཟོས་རེ་ཆའི་ནང་རྟེན་གཞི་བྱས་པའི༼འཕྲུལ་བཟོ་རིག་པའི་སྤྱི་མཐུན་སློབ་གཉེར་ཁང༽གིས་འཛུལ་རྒྱུགས་ཤིག་བཏང་སྟེ། གལ་སྲིད་སློབ་མ་དག་གིས་རྒྱུགས་དེ་འཕྲོད་ཐུབ་པ་ཡིན་ན། སློབ་ཆེན་དེར་སློབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུའི་ཆོག་མཆན་བསྩལ་མོད། སྟབས་མ་ལེགས་པ་ཞིག་ལ། ཨལ་བྷིར་གྲི་མཆོག་གིས་འཚངས་རྒྱུགས་དེ་མ་འཕྲོད་པར། དེ་དང་ཁད་ཉེ་བའི་སློབ་གྲྭ་ཞིག་ཏུ་སློབ་གཉེན་བྱས། སློབ་གྲྭ་དེའི་ཧུར་བརྩོན་ཅན་གྱི་དངོས་ཁམས་རིག་པའི་དགེ་རྒན་ཨོ་དགའ་སི་གྲི་གྲ་སི་ཁུ་མེ་སྒྲི་ཞུ་བ་ནས། ལོ་གཅིག་རིང་ཁོང་བར་སློབ་ཁྲིད་ཀྱི་ཞབས་ཕྱི་གང་ལེགས་གནང་རྗེས། སྤྱི་ལོ་༡༨༩༦ལོར་གོང་གསལ་སློབ་ཆེན་དུ་འཛུལ་རྒྱུགས་འཕྲོད་ནས་ཐུགས་སྦྱོང་གི་དབུ་བཙུགས་འདུག་གོ། ཨ་ཡེན་སི་གྲན་མཆོག་གིས་སློབ་ཆེན་དེའི་ནང་སྤྱིར་བཏང་གི་སློབ་ཚན་དག་ལ་ཐུགས་སྣང་དེ་ཙམ་གནང་མི་འདུག་མོད། གློག་རྡོའི་རྦ་རླབས་ཀྱི་སྐོར་ལ་ཚོད་བལྟ་བྱས་པར། ལམ་ལྷོང་མ་བྱུང་བར་རྨས་སྐྱོན་ལས་བྱོལ་ཐུབ་ཙམ་བྱུང་འདུག ཁོང་གིས་རང་ལས་ལོ་ངོ་ཉིས་བརྒྱ་ལྷག་གི་སྔ་རོལ་དུ་བྱུང་བའི་དབྱིན་ཇིའི་ཕྱི་དོན་རིག་པའི་མཁས་པ། ཨ་ས་ཁུ་ནོས་ཁྲོན་མཆོག་གིས་བཏོད་པའི་ཆ་སྙོམས་བྱེད་ཐབས་ཞེས་པའི་ལྟ་བ་དང་། རྫས་ཀྱི་ནུས་པ། འགུལ་སྐྱོད། འཐེན་ཤུགས་བཅས་ཀྱི་སྐོར་སློབ་གཉེར་མཛད་ཅིང་། ལྟ་བ་དེ་ནི་ཕྱི་དོན་ཚན་རིག་གི་རྨང་གཞི་ཡིན་ཞིང་། ནོས་ཁྲོན་གྱི་འཇིག་རྟེན་ལྟ་ཚུལ་གྱི་རྒྱུན་དེ་ཁོང་གིས་བསྐྱངས་པ་རེད། སྐུ་ཞབས་ནོས་ཁྲོན་མཆོག་གིས་མ་རྙེད་པའི་རྫས་ཀྱི་ནུས་པ་དང་། རྦ་རླབས་ཀྱི་སྐོར་ཕྱིས་ཀྱི་ཚན་རིག་པ་མེ་ཁོལ་སྤ་ར་སྒྲ་སོགས། ཚན་རིག་པ་མང་བོས་བརྟག་ཞིབ་བྱས་ཤིང་། ལྷག་པར་སྤྱི་ལོ་༡༨༥༠ནས༦༠བར་བྱུང་བའི་སི་ཁོ་གྲེ་ཤིའི་ཕྱི་དོན་གྱི་རིགས་པ་སྨྲ་པ་ལྗེམ་སི་ཁི་ལེ་ཨར་ཁིར་འབོད་པས། རྩིས་ཀྱི་རིག་བྱེད་ལ་བརྟེན་ནས་གློག་རྡོའི་རྦ་རླབས་འགྲེལ་བརྗོད་གནང་སྟེ། གློག་རྡོའི་རྦ་རླབས་དེ་གློག་རྡུལ་ཕྲ་མོ་ཡིན་པ་དང་། དེ་ལ་རླབས་གཟུགས་མི་འདྲ་བ་མང་བོ་ཞིག་ཡོད་པར་མཛུབ་སྟོན་བྱས་ཏེ། ཚན་རིག་གི་རྩིག་རྨང་ལྟ་བུ་ཞིག་བཏང་འདུག དུས་རབས་བཅུ་དགུ་བའི་ནང་ཚན་རིག་པ་དག་གིས། གློག་རྡོའི་རྦ་རླབས་དེ་བཞིན་དོན་དག་ཅི་ཞིག་གི་ཐོབ་ཆེད་ས་གནས་གཞན་ནས་གཞན་དུ་རྒྱུ་འགྲུལ་བྱེད་པ་དང་། བར་སྣང་ཙམ་དུ་མ་ཟད་མཁའ་སྐར་ནས་མཁའ་སྐར་བར་ཚང་མར་རྫས་དེ་ཉིད་ཀྱིས་གང་ནས་ཡོད་ཚུལ་ཡིད་ཆེས་བྱས་འདུག་མོད། དོན་དངོས་ཐོག་དེ་ཅི་ཞིག་ཡིན་མིན་གསལ་བོར་རྩད་ཆོད་མི་འདུག་ལ། ཨ་ཡེན་སི་གྲན་མཆོག་གིས་དེ་དག་གི་བསམ་བློ་གཉིས་ནུས་མེད་དུ་བཏང་ཡོད་པར་བཤད།
འགུལ་སྐྱོད་ནང་གི་ཕྲ་རྡུལ།
སྤྱི་ལོ་༡༩༠༠ལོ་ནང་ཨ་ཡེན་སི་གྲན་མཆོག་སི་ཛ་ལན་སྒྲིའི་མངའ་འབངས་སུ་ཆགས་ཤིང་། གོང་གསལ་སློབ་ཆེན་ལས་མཐར་སོན་ལེགས་སྦྱར་ཤོད་མཁན་ཞིག་ཏུ་ཆགས་རེའི་འབད་འབུང་ཤུགས་ཆེ་ཞིག་གནང་རུང་། བཤད་ཁྲིད་ཁྱད་མཚར་ལྟ་བུས་ཕྱག་ལས་དེ་མཇུག་མ་འཁྱོངས་བར། དམིགས་བསལ་༼ཐོབ་དབང་དེབ་སྐྱེལ༽་གྱི་ཡིག་ཚང་ཞིག་ཏུ་ཕྱག་ལས་གནང་། དེ་ནས་རིང་བོར་མ་འགོར་བར་ཕྱག་ལས་དེ་མཚམས་འཇོག་གནང་སྟེ། སིར་བྷེ་ཡ་ན་ཡིན་པའི་བུད་མེད་རྩིས་རིག་པ་མེལ་བ་མ་རེ་ཁུ་ཐེ་བས། རང་གི་ལས་རོགས་ཁག་ཅིག་ལ་ཚན་རིག་སྐོར་མུ་མཐུད་གྲོས་བསྡུར་མཛད། སྤྱི་ལོ༡༩༠༣ལོར་གོང་གསལ་བུད་མེད་མེལ་བ་དང་མཉམ་པོར་གཉེན་སྒྲིག་གནང་སྟེ། ཁོང་གཉིས་ཀྱི་རྒྱུད་དུ་རིགས་སྲས་གཉིས་ཤིག་འཁྲུངས། སྤྱི་ལོ༡༩༠༥ལོ་ཡས་མས་ཤིག་ནས་ཁོང་གིས་དུས་ཚོད་ཤིན་ཏུ་སྲི་ཚགས་དམ་པོར་མཛད་ནས། ཚན་རིག་གི་ཕྱག་ལས་ཐོག་འབད་བརྩོད་ལྷོད་མེད་གནང་ཞིང་། ཚན་རིག་སྐོར་ལ་ཉམས་ཞིབ་རྒྱུན་རིང་གནང་མཁན་རྣམས་དང་མཉམ་འབྲེལ་ཞིབ་འཇུག་གི་གོ་སྐབས་ཅུང་ཟད་ཐོབ་སྟེ། དུས་ཚོད་རིང་བོའི་བར་བགྲོ་གླེང་དང་གྲོས་བསྡུར་བྱེད་པའམ། ཚན་རིག་སྐོར་གྱི་ཉིན་རེའི་གསར་ཤོག་གང་མང་བལྟ་ཀློག་མཛད། སྤྱི་ལོ༡༩༠༥ལོར་ཁོང་གིས་ཚན་རིག་སྐོར་གྱི་ཤིན་ཏུ་གལ་གནད་ཆེ་བའི་རྩོམ་ཡིག་ཁག་གསུམ་པར་སྐྲུན་བྱས་ཤིང་། རྩོམ་ཡིག་གསུམ་པའི་ནང་ཆུ་དང་དུག་རླངས་ཀྱི་ནང་འགུལ་སྐྱོད་བྱེད་བཞིན་པའི་རྡུལ་ཕྲན་སྐོར་ལ་བསམ་གཞིགས་ཚན་ལྡན་ཞིག་གནང་འདུག ལྟ་ཚུལ་དེ་ནི་ལོ་ཤས་སྔོན་དུ་ཕེབས་པའི་སི་ཁོ་གྲེ་ཤིའི་རྩི་ཤིང་རིག་པའི་མཁས་པ། སྐུ་ཞབས་རོ་བྷིར་གྲི་བྷི་རོན་མཆོག་གིས་ཤེས་རྟོགས་བྱུང་བ་ཞིག་ཡིན་ལ། དེ་ཉིད་ལ་ཡོངས་གྲགས་བྷི་རོན་གྱི་འགུལ་སྐྱོད་ཅེས་འབོད་པ་རེད། དུས་རབས་བཅུ་དགུ་བའི་མཇུག་ཙམ་ནས་ཕྲ་རྡུལ་གྱི་བསམ་བློའི་ངོ་བོར་ཡར་བསྐྱེད་དགའ་ཙམ་བྱུང་ནས། གཟུགས་སྲ་མཁྲེགས་ཀྱི་ནང་གི་རྡུལ་ཕྲན་དག་ཕན་ཚུན་འབྲེལ་ནས་ཅུང་འགུལ་སྐྱོད་བྱེད་བཞིན་ཡོད་པ་དང་། ཆུའམ་དུག་རླངས་ཀྱི་ནང་ན་ཡོད་པའི་ཕྲ་རྡུལ་རྣམས་བར་ཐག་ཅུང་རིང་བོའི་ཐོག་གཅིག་གིས་གཅིག་ལ་སྐོར་བཞིན་རྟག་པར་འགུལ་སྐྱོད་བྱེད་བཞིན་ཡོད་པར་བཤད་ལ། འདི་ལ་ཚན་རིག་གི་ལོ་རྒྱུས་ཐོག་ཡོངས་གྲགས་༼རྫས་ཀྱི་འགུལ་སྐྱོད་རིག་པ༽་ཞེས་བརྗོད་པ་ཡིན་ལ། སྐབས་དེར་ཚན་རིག་པ་རྣམས་ད་དུང་རིག་པ་དེར་ར་སྤྲོད་མཐུལ་ཕྱིན་ཞིག་བྱུང་མེད་པར་གྲགས། ཨ་ཡེན་སི་གྲན་མཆོག་གིས་འགུལ་སྐྱོད་ཀྱི་རིག་པའི་བསམ་བློ་དེ་རྩིས་རིག་ལ་བརྟེན་ནས་ཡར་རྒྱས་བཏང་སྟེ། གནས་སྟངས་ཇི་འདྲ་ཞིག་གི་འོག་བོང་ཚད་ངེས་ཅན་གྱི་རྡུལ་ཕྲན་རིགས། ཕྲ་རྡུལ་བོང་ཚད་ངེས་ཅན་རིགས་ཀྱིས་རྡེག་སྐབས། མྱུར་ཚན་སྣ་ཚོགས་པའི་ངོ་བོར་འགུལ་སྐྱོད་བྱེད་ཀྱི་ཡོད་ཚུལ་ཁུངས་སྐྱེལ་གསལ་བརྗོད་བྱས། དེའི་ཡར་སྔོན་དུ་ཨོ་སི་གྲི་རེ་ཡའི་ཕྱི་དོན་རིག་པའི་མཁས་པ། ལོ་བེ་དགུ་བྷོ་ཟི་མན་དང་། ཨ་རིའི་ཚན་རིག་པ་ལྗོ་སི་ཡ་དགབ་སི་རྣམ་གཉིས་ཀྱིས་ཀྱང་། དེའི་སྐོར་ཕྱོགས་རེ་ཞིག་ལ་ཉམས་ཞིབ་ཕྱག་ལས་གནང་མྱོང་ཡོད་པ་དང་། ལྷག་པར་ཁོང་དང་དུས་ཐོག་གཅིག་པ་མར་ཡན་སི་མོ་ལ་ཆོ་སི་ཀ་ཟེར་བའི་ཕྱི་དོན་རིག་སྨྲ་ཞིག་གིས་ཀྱང་། ཉམས་ཞིབ་བྱས་པའི་གྲུབ་འབྲས་ཁོང་དང་འདྲ་བོ་ཞིག་བྱུང་ཡོད་པར་བཤད། སྐུ་ཞབས་ཨལ་བྷིར་གྲི་མཆོག་གིས་བྷོ་ཡེན་གྱི་འགུལ་སྐྱོད་སྟེང་རྩིས་གཞི་བརྒྱབ་པ་ལ་བརྟེན་ནས། རྡུལ་ཕྲན་གྱི་འགུལ་སྐྱོད་ལྟ་བའི་ཐོག་མདུན་སྐྱོད་ཀྱི་གོམ་ཁ་ཆེན་པོ་ཞིག་འདེགས་ཐུབ་པ་བྱུང་སྟེ། དངོས་པོ་ཕྲ་མོ་དང་ཁྱད་པར་རྡུལ་ཕྲན་དེ་བཞིན་དངོས་གནས་ཡོད་པ་ཞིག་དང་། གནས་པ་ཞིག་ཡིན་པར་བདེན་དཔང་ཕུགས་འཕེལ་བྱས་ཤིང་། དེ་ཡན་གྱི་རྡུལ་ཕྲན་སྐོར་གྱི་བསམ་བློའི་རྨང་གཞིར་དམིགས་རྣམ་ཙམ་ལས་མེད་པར་གྲགས། སྤྱི་ལོ་༡༩༠༨ལོར་ཧྥ་རན་སིའི་ཚན་རིག་པ་ལྗན་ཁེ་རེན་མཆོག་གིས། བྷི་རོན་གྱི་འགུལ་སྐྱོད་ཐོག་ཐུགས་སྦྱོང་དང་། ཉམས་ཞིབ་གཟབ་ནན་ཞིག་བཏང་ནས་ཆུའི་ནང་དུ་ཁུར་བཞིན་པའི་ཤིང་སྡོང་གི་ཐང་ཅུའི་ཕྲ་རྡུལ་ཐད། ཞིབ་ཚད་བྱས་པས་ཨ་ཡེན་སི་གྲན་གྱི་ཆ་སྙོམ་རིག་པའི་ལྟ་ཚུལ་དང་གྲུབ་དོན་གཅིག་པ་བྱུང་ཞིང་། དེ་ནི་ཕྲ་རྡུལ་རྣམས་གནས་པའམ་ཡོད་པ་ཉམས་མྱོང་གི་ཐོག་ནས་གསལ་བོར་ཤེས་རྟོགས་བྱུང་བའི་བདེན་དཔང་ཐོག་མ་དེ་ཡིན་པར་གྲགས་སོ།། ཨ་ཡེན་སི་གྲན་གྱི་སྤྱི་ལོ༡༩༠༥ལོའི་རྩོམ་ཡིག་གྲགས་ཅན་གཞན་ཞིག་ནི། རང་བྱུང་ཁམས་ཀྱི་འོད་སྣང་གློག་ཤུགས་ཀྱི་ངོ་བོར་འཕོ་འགྱུར་བྱེད་པ་དེ་ཡིན་ལ། དེའང་འབྱུང་འོད་ཀྱི་ནུས་པ་ལྕགས་སམ་ལྕགས་སྐུད་ཀྱི་རྡུལ་ཕྲན་ནང་རྒྱུ་བ་དེ་ལ་མོ་གློག་གི་རྒྱུན་མཐའ་ཞེས་འབོད་ཅིང་། མོ་གློག་དེ་དག་གིས་གློག་ཤུགས་འཇིབ་སྟེ། ཆེས་མྱུར་ཚད་ཀྱི་འགུལ་སྐྱོད་བཅས་ལྕགས་ཀྱི་ཕྱི་ལ་ཐོན་ཡོང་བ་དང་། གལ་སྲིད་གློག་ཤུགས་རྒྱུ་ལམ་ལྕགས་སྐུད་ལྟ་བུ་ཡིན་ན། མོ་གློག་དེ་དག་གིས་གློག་རྒྱུན་བཞེངས་སྐྲུན་བྱེད་པ་ཡིན་ཞིང་། འབྱུང་འོད་ཀྱི་ནུས་པ་གློག་ཤུགས་ཀྱི་ངོ་བོར་འཕོ་འགྱུར་བྱེད་པ་འདི་ལ…………?
རྒྱུན་རིང་གི་རྩོད་པ་ཞིག
དུས་རབས་མང་བོ་ཞིག་གི་ནང་། ཚན་རིག་པ་མང་བོས་རང་བཞིན་གྱི་འོད་སྣང་སྐོར་ལ་རྩོད་པ་ཤུགས་ཆེ་བྱས་ཤིང་། དེ་དག་ཁ་ཤས་ཤིག་གིས་དེ་རྦ་རླབས་ཤིག་ཡིན་པར་ཆ་འཇོག་མཛད་པ་དང་། གཞན་དག་གིས་རྡུལ་ཕྲན་ཡིན་པར་ཡིད་ཆེས་གནང་ཡོད་པར་མངོན་ལ། སྐུ་ཞབས་ཨ་ཡེན་སི་གྲན་གྱི་དུས་རྡུལ་ཕྲན་དུ་འདོད་པའི་བསམ་འཆར་ཕལ་ཆེར་ངོས་ལེན་མེད་པར་ཆགས་འདུག ཚན་རིག་པ་རྣམས་ཀྱིས་འབྱུང་འོད་ཀྱི་ནང་ན་ཡོད་པའི་ནུས་པ་དང་། རླབས་གཉིས་ཆ་མུ་མཐུད་ཡོད་པ་ཞིག་ཡིན་པས། དེ་ཉིད་ཆ་ཤས་ཆུང་ངུའི་རིགས་སུ་ཆ་བགོས་བྱེད་ཐུབ་པར་བཤད། འོན་ཏེ། རྒྱུན་མཐའ་དང་ཆེས་ཆུང་ཤོས་ཀྱི་ཆ་དེ། ནམ་ཡང་འཛིན་བཟུང་བྱེད་མི་ཐུབ་པ་ཞིག་ཡིན་པར་འདོད། གློག་རྡོའི་རྦ་རླབས་སམ་འོད་རླབས་དེ་ལ་གློག་དང་འཐེན་ཤུགས་ཀྱི་ནུས་པ་གཉིས་ཆ་ཡོད་པར་བཤད་ཅིང་། དེ་ཉིད་ནམ་མཁའ་སྟོང་བའི་དབྱིངས་སུ་འོད་ཀྱི་རྒྱུ་ཤུགས་དང་། མྱུར་ཚད། རླབས་གཟུགས་སྣ་ཚོགས་ཀྱི་ངོ་བོར་རྒྱུ་འགྲུལ་བྱེད་བཞིན་ཡོད་པར་གྲགས་ལ། དེ་ཡང་རྦ་རླབས་ཀྱི་རིང་ཆ་དང་རྭ་མཆུ་ལྟ་བུའི་ཕྱོགས་ནི། རྦ་ཤུགས་གང་དུ་རྒྱུ་ཡུལ་གྱི་ཁ་ཕྱོགས་ཡིན་པ་དང་། དུས་ཚོད་ངེས་ཅན་ཞིག་གི་ནང་རླབས་ཤུགས་དེ་ཆུ་གཉེར་ལྟར་ལུ་གུ་རྒྱུད་དུ་གྲངས་མང་རྒྱུ་འགྲོས་བྱེད་ཅིང་། མྱུར་ཚད་མཐོ་ཤོས་ཀྱི་རླབས་རྒྱུན་ནི། རླབས་རྒྱུན་གཅར་ཞིང་ཐུང་ངུའི་རིགས་དང་། མྱུར་ཚད་དམའ་ཤོས་ཀྱི་རླབས་རྒྱུན་ནི། རླབས་རྒྱུན་རིང་ལ་ཡངས་པོའི་ཁྱད་པར་དང་ལྡན་པ་ཡིན་ནོ།། མུ་འགོད།
ཐུགས་རྗེ་ཆེ། ང་ནི་ཚན་རིག་མི་ཤེས་ཀྱང་ཚན་རིག་པའི་ལོ་རྒྱུས་ཀློག་པར་ཧ་ཅང་དགའ། གོང་གི་ཐུགས་སྦྱོང་ཞེས་པ་དེ་ཞེ་ཚིག་མེད་པར་བྲིས་ན་སེམས་སྦྱོང་ཞེས་པར་འགྱུར་བས། ཐུགས་སྦྱོང་ངམ་སེམས་སྦྱོང་ཞེས་འབྲི་བ་ལས་སྔོན་ནས་འབྲི་སྲོལ་ཡོད་པའི་གསན་བསམ་མམ་ཐོས་བསམ་ཞེས་བྲིས་ན་ལེགས་པར་སེམས།
ཕྱེད་ཙམ་མ་གཏོགས་ཀློག་ཁོམ་བྱུང་མ་སོང་ཡང་། མཚན་རིག་ལོ་རྒྱུས་དང་འབྲེལ་ནས་ཤོད་འགོ་བཙུགས་པ་ནི། ཐབས་མཁས་ལ་ཕན་ཐོགས་ཤིན་ཏུ་ཆེན་པོ་རེད་སྙམ། ཐུགས་རྗེ་ཆེ།
ངས་ཀྱང་ཀླུ་སྨྱོན་བཞིན་ཚན་རིག་མི་ཤེས་ན་ཡང་ཚན་རིག་གི་ཁ་བརྡ་ལ་ཤིན་ཏུ་དགའ།
རྒྱལཁམས་པ་ལགས།ཐུགས་རྗེ་ཆེ། ཚན་རིག་དང་འབྲེལ་བའི་ལོ་རྒྱུས་དང་སྐད་ཆ་སྣ་སྣེ་རེ་གོ་ན་ཡང་ཡིད་ཤིན་ཏུ་སྤྲོ།
མ་གཞི་ནས་ང་རང་ཆུང་དུས་སློབ་གྲྭའི་སྐབས་སུའང་རྒྱ་ཡིག་སོགས་སློབ་ཚན་གཞན་དག་གི་རྒྱུགས་འབྲས་ཀླད་ཀོར་ཡིན་ན་ཡང་ རྩིས་རིག་གི་སྦྱངས་འབྲས་རྩེད་ཕུད་ཡིན། རྩིས་རིག་སྦྱང་རྒྱུར་དགའ་ཡང་དགའ་ལ་ཤེས་ཀྱང་ཤེས། རྩིས་རིགས་ནི་ཚན་རིག་གི་ཨ་མ་ཡིན་ཞེས་ཀྱང་ཟེར།
རྒྱལ་ཁམས་པ་ལྟ་བུའི་ཚན་རིག་ལོ་ཙ་བ་གང་མང་ཞིག་ཡོད་རྒྱུ་ན་རང་རེའི་བོད་མིའི་ཁྲོད་དུའང་ཚན་རིག་ལ་དོ་སྣང་ཅན་མང་ནས་མང་དུ་འགྲོ་ཐོག་དུས་རབས་ཅང་མི་འགོར་བར་བོད་རིགས་ཚན་རིག་པའང་གཅིག་ཐོན་གཉིས་ཐོན་ཡིན་རྒྱུ་རེད་ཡ།
ཨལ་རྦེཊ་ཨིཡིནྶ་ཊེན་གྱི་ལོ་རྒྱུས་དང་འབྲེལ་བའི་མི་མིང་ས་མིང་དང་། ལྷག་པར་དུ་ཚན་རིག་ནང་གི་ཨིན་སྐད་ཀྱི་ཚིག་དོད་རྣམས་མཉམ་སྦྱར་རམ། གཅིག་གིས་གཤམ་དུ་ཚིག་མཛོད་ཟུར་བཏོན་ཐུབ་ན་ང་དང་ང་འདྲ་བར་དེབ་མང་པོ་ཀློག་མི་འགྱིད་པ་རྣམས་ལ་ཕན་ཐོགས་ངེས་ཅན་རེད། མི་རབས་རྗེས་མའམ་རྗེས་མའི་རྗེས་མ་དེ་དག་ལ་མི་མཁོ་བའི་དུས་ཚོད་ཤར་བའི་སྨོན་འདུན་དང་རེ་བ་ཡོད། ཆ་ཚང་ཚར་གཅིག་བཀླགས་ཟིན་ན་ཡང་ཨིན་སྐད་ཀྱི་ཕྱི་མོའི་མ་ཡིག་གི་མིང་རྣམས་མ་གསལ་བས་ཚྭ་ཆུ་འཐུང་བས་སྐོམ་པ་ཆུ་འདོད་ལྟར་འགྱུར་སོང་།
ཀ་རྡོ་ལགས། ཨིན་ཇིའི་མིའི་མིང་སོགས་བསྒྱུར་དུས་སྔགས་ཡིག་བྲིས་ན་དགེ་མཚན་ཤིག་རླུག་འདྲ་སྟོན་རྒྱུ་མེད་ན། ཁྱོད་ཀྱིས”ཨིཡིནྶ་ཊེན”འདི་ལྕེ་གཅོག་སྤྱད་ཅིག་ལས་རྒྱལ་ཁམས་པས་”ཨ་ཡེན་སི་གྲན”ནང་བཞིན་བྲིས་ན་ཀློག་དུས་ཁ་ནང་ལ་ལྷུང་ནས་ཡོང་ག
སྐམ་པོ་ལགས། ཁྱེད་རང་ཕྱོགས་ཞེན་ཙམ་ལས། རིགས་པ་དང་ལྡན་པ་ཞིག་མ་མཐོང་ཏེ། དུས་རབས་༧པ་ནས་ད་ལ་ལྟའི་བར་ལེགས་སྦྱར་མིང་ཚིག་ཚིག་འགྱུར་དོན་འགྱུར་ལ་འཐད་མ་འཐད་ཀྱི་མཁས་དབང་ཚོས་དུས་ཚོད་ཕྲོ་བརླག་ཕྱིན་ཡོད་མེད་དང་། སྔར་གྱི་བསྒྱུར་ཟིན་པ་རྣམས་ཏག་ཏག་བསྡད་མཐོང་དུས་དགའ་བདེ་དང་ཆེ་མཐོང་ག་འདྲ་ཡོང་གི་འདུག གལ་གནད་དོན་འདི་ད་ལྟ་ནས་ཐུགས་བསམ་བཞེས་དགོས་འདུག
ཡང་དཔེར་ན། ངའི་མིང་ཀརྡོ་ཞེས་བྲིས་པ་ལ་དགོས་པ་ཆེན་པོ་ཡོད་པ་ལ། ཁྱེད་རང་གིས་ཀ་རྡོ་ཞེས་བྲིས་པ་དེ་ཡང་ནོར་བ་རེད་གདའ།
བཀའ་འདྲི་ཞུ་རྒྱུར།
རྒྱལ་ཁམས་པ་ལགས། བཀའ་ལན་གནང་གསལ་ཡོད་པ་མཁྱེན།
ཨ་ཡེན་སི་གྲན་མཆོག་གི་ལུགས་ལྟར་བྱས་ན། རྡོ་ཁབ་ལེན་གྱི་ནུས་པས་ལྕགས་འཐེན་པ་དང་ལྗིད་ཚད་ངེས་ཅན་ཡོད་པའི་དངོས་པོ་གང་རུང་ས་ལ་ཟགས་འགྲོ་བའི་གནས་ལུགས་གཉིས་ཀྱི་དབར་ལ་འབྲེལ་བ་ཡོད་དམ་མེད། ཡོད་ན་དེ་གཉིས་ཀྱི་འཐེན་ཤུགས་ནུས་པ་རྫས་གཞན་ཡིན་ནམ་གཅིག་ཡིན།
ཚན་རིག་ནོར་གྱིས་དབུལ་པའི་སྤྲང་པོ་ང་། །
གནས་ལུགས་མཛོད་གྱི་གཏེར་དང་འཕྲད་པར་ཤོག ། ཞེས་ཞུ་བ་ཡིན།
NASA ESA
མཁའ་དཔྱད་ཚོགས་པ་འདི་གཉིས་མཉམ་སྦྲེལ་གྱིས་ཧ་རྦོལ་མཁའ་དབྱིངས་འཕུར་གྲུ་སྐོར་མཐོང་བ་ནས་བཟུང་ཏེ་ངའི་ཡིད་ཀྱི་ལོ་མང་རིང་གི་ཉི་ཟླ་སྐར་གསུམ་གྱི་ལྟ་སྟངས་ལ་ཉིན་གཅིག་གི་ནང་འགྱུར་བ་རྦད་དེ་ཕྱིན་སོང་།
དེ་ནས་བཟུང་ཟླ་བའི་གོ་ལ་ནི་ཡ་གི་སྡེ་བའི་ཐག་ཉེ་ན་ཡོད་པའི་བྲག་ཐོ་སྐམ་པོ་ཞིག་གི་སྣང་བ་ཙམ་ལས་སྔོན་མའི་ལྟ་སྟངས་དང་ཆེས་ལྡོག་ཕྱོགས་སུ་གྱུར།
དེ་བཞིན་ཨ་ཡིན་སི་གྲན་ལགས་ཀྱིས་གསུངས་པའི་འཐེན་ཤུགས་དང་། གློག་རྡོའི་རྦ་རླབས། གློག་རྡུལ་ནུས་ཤུགས་སོགས་ཀྱི་གནས་ལུགས་དེས་ངའི་ཡིད་ལ་ཚོར་སྣང་ཅི་འདྲ་ཞིག་སྦྱིན་ནམ།
རང་བྱུང་གནས་ལུགས་ཡ་མཚན་འཕྲུལ་གྱི་ལམ། །
མ་ནོར་གསལ་བར་བསྟན་པའི་རིག་པའི་བདག །
ས་སྟེང་འདི་ན་སྙན་པར་གྲགས་པའི་མཆོག །
ཨ་ཡེན་སི་གྲན་གང་དེར་གུས་པས་བསྟོད། །
བཟང་གི ཐུགས་རྗེ་ཆེ། མུ་མཐུད་སྒུག་ཡོད།
མདོ་ལྷ་ཁམས་པར་ཞུ་བ། ཁྱེད་ཀྱི་དྲི་བ་དེའི་སྐོར་ང་ལ་ཆ་རྒྱུས་གསལ་བོ་ཞིག་མེད། ལར་ནས་འཐེན་ཤུགས་ཞེས་པ་ནི། བསགས་ཕུང་ཆེ་ཆུང་གང་ལའང་ཡོད་པའི་ཆོས་ཤིག་ཡིན་པར་བཤད། དེའང་བསགས་ཕུང་ཆེན་པོ་ལ་འཐེན་ཤུགས་ཆེན་པོ་དང་། ཆུང་ངུ་ལ་འཐེན་ཤུགས་ཆུང་ངུ་ལས་མེད་པར་གྲགས། དེར་བརྟེན་ཁམ་བུ་ལྟ་བུ་ལ་རང་གི་བསགས་ཕུང་ལ་ལྟོས་པའི་འཐེན་ཤུགས་ཤིག་ཡོད་ཀྱང་། ས་གཞིའི་འཐེན་ཤུགས་རང་ལས་ཆེ་བ་ཡིན་པས། ས་ཐོག་ཏུ་མར་ཟག་འགྲོ་བ་ལྟ་བུ་རེད། དེ་བཞིན་རྡོ་ཁབ་ལེན་གྱི་འཐེན་ཤུགས་དེ་གཙོ་བོ་དེའི་ཚོགས་པ་ན་ཡོད་པའི་མོ་གློག་གི་རྒྱུན་མཐའི་ནུས་པ་ཞིག་ཡིན་པར་བཤད་འདུག གསལ་བོར་ཞུས་ན། འཐེན་ཤུགས་དེ་འདུས་བསགས་ཀྱི་ཆོས་ཚང་མར་ཡོད་པའི་ཆ་ནས་ཁྱབ་ཆེན་པོ་ཞིག་དང་། རྡོ་ཁབ་ལེན་གྱི་འཐེན་ཤུགས་དེ་ལྕགས་ཉིད་ཀྱི་ནང་གི་མོ་གློག་གི་ནུས་པ་ཞིག་ཡིན་པ་འདྲ། དེའང་མོ་གློག་གི་རྒྱུ་ཕྱོགས་ཀྱིས་ཨེ་ཡིན་སྙམ། སྐབས་རེའི་ཚུར་འཐེན་པ་དང་། སྐབས་རེར་ཕར་འདེད་ནུས་པ་ཞིག་ཡོད་པ་ཀུན་གྱི་མཐོང་ཆོས་ལྟ་བུ་རེད། ཐུགས་སྣང་གནང་དགོས་པ་ཞིག་ལ། བསགས་ཕུང་གང་ཞིག་ཡིན་རུང་། ཐག་ཉེ་ན་འཐེན་ཤུགས་ནུས་པ་ཆེ་བ་དང་། བར་ཐག་རིང་གིན་རིང་གིན་འཐེན་ཤུགས་ཀྱི་ནུས་རྩལ་ཀྱང་ཉམས་དམའ་རུ་དམའ་རུ་འགྲོ་རྒྱུ་ཡིན་པར་གྲགས། ད་དུང་ཉིད་དེ་སྐོར་ཁ་གསལ་ཡོད་ན་གསུང་རོགས་ཞུ།
ངའི་ཡང་ཚན་རིག་མི་ཤེས། འོན་ཀྱང་། ལྟ་འདོད་ཧ་ཅང་ཡོད། དྲི་ཆེན་པོ། ཐུགས་རྗེ་ཆེ།
སྤེན་པ་ཚེ་རིང་གི་སྐོར་ལ་་་་་་
བོད་ཀྱི་དུས་བབས་ཀྱི་ཨ་བ་ཨ་མ་ངའི་བྲིས་པའི་མཆན་དང་གཞན་གྱིས་བྲིས་པའི་མཆན་སོགས་གཅིག་པ་ཡིན།ངས་བྲིས་པའི་མཆན་མི་སྤེལ་བའི་རྒྱུ་མཚན་གང་ཡིན། ང་ཚོའི་བར་ན་ད་ལྟའི་གྱོད་མེད། སྔོན་གྱི་རྩོད་མེད། ཕྱོགས་རེས་མེད་ན་མི་དགའ་འམ། ང་མི་དགའ་གི