ཆབ་བྲག་ལྷ ་མོ་སྐྱབས།
གལ་ཏེ། རང་གི་མི་རིགས་ལ་ཡིད་ཆེས་དང་རེ་བ་མེད་ན། ཁྱོད་ཀྱིས་མི་རིགས་ཀྱི་ཁེ་ཕན་ཚང་མ་འདོར་སྲིད་ལ། གལ་ཏེ་ངོ་མ་མི་རིགས་དེར་རེ་བ་གང་ཡང་མེད་ཚེ། ཁྱོད་ཀྱིས་མི་རིགས་དེར་བརྩེ་སེམས་དང་བྱ་བ་སྒྲུབ་པར་ཡང་སྙིང་བོ་མེད། ཡིད་ཆེས་དང་རེ་བའི་གཞི་རྟེན་ནི་འཚོ་གནས་ཀྱི་བརྩོན་སེམས་ཁོ་ན་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་ནས་འཚང་རྒྱ་དགོས་ལ། དཔའ་ངར་གྱི་ཡང་རྩེར་གནས་ནས་འཚོ་གནས་ཀྱང་བྱ་དགོས། བརྩོན་སེམས་དང་དཔའ་ངར་ནི་སྙིང་སྟོབས་ཀྱི་མཚོན་ཚུལ་གཙོ་བོ་གཉིས་ཡིན། ཁྱོད་ཀྱིས་སོམས་དང་བོད་མི་རིགས་ལ་དེ་འདྲའི་ཡིད་ཆེས་དང་རེ་བ་བྱེད་རིན་ཡོད་པའི་སྙིང་སྟོབས་ཀྱི་གསོན་ཤུགས་དེ་ཡོད་དམ།
རྩལས་ལ་བརྩོན་ཞིང་དཔའ་ངར་ལྡན་པརྫཞེས་པ་ནི་སྔོན་བྱོན་ལོ་རྒྱུས་མཁས་པས་བཀོད་པའི་བོད་མི་རིགས་འདིའི་སྡོམ་ཚིག་ཅིག་རེད། དེ་བས་ན་སྡོམ་ཚིག་འདིར་ལོ་རྒྱུས་ཀྱི་རང་བཞིན་ལས་གཞན་གཏན་ཚིགས་ཀྱི་རང་བཞིན་ཡང་ལྡན་ངེས། བདག་གིས་བསམས་ན་ད་ལྟའང་དེ་བཞིན་རེད། འོན་ཀྱང་མང་པོ་ཞིག་གིས་སྔོན་ཆད་དེ་འདྲ་ཞིག་ཡིན་ཡང་དེང་སང་མིན་ཟེར་ལ། ཉུང་ངུ་ཞིག་གིས། བོད་མི་རྣམས་གནའ་སྔ་མོ་ཞིག་ནས་སྒྱིད་ལུག་དང་བག་འཁུམས་ཡིན་ཚུལ་སྨྲ། ཁྱོད་ཀྱི་བསམ་ཚུལ་གང་ལ་གཏོགས།
ཁྱོད་ཀྱིས་ཕལ་ཆེར་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་ལ་སྡུར་རྟགས་བཀོད་ཚེ་ལྟ་ཚུལ་གཅིག་དང༌། ཡང་བོད་རང་བཙན་ཤོར་ཚུལ་གྱི་དོན་སྤྱི་ཙམ་ལ་བསམས་ཚེ་དྲན་ཚུལ་གཅིག གཞན་ཡང་སྔོན་ཐོན་རྒྱལ་ཁབ་ཁག་ལ་བལྟས་ནས་བསམས་ཚེ་ལྟ་ཚུལ་གཞན་ཞིག་ཡོང་ངེས། དེ་དག་ནི་སྡུར་དཔྱད་ཀྱི་རིགས་ལམ་ཞིག་ལེགས་པོ་ཞིག་ཡིན་མོད། ཐོག་མ་ནས་སྡུར་གཞི་གཉིས་འོས་འཚམ་ཞིག་ཐག་མ་ཆོད་ན་བསྡུར་འབྲས་ཀྱང་དོན་ལ་གནས་པ་ཞིག་ཡོང་དཀའ། ངས་བལྟས་ན་མི་སྒེར་དང་མི་རིགས་ཤིག་གི་བརྩོན་སེམས་སྙིང་སྟོབས་ངོ་མ་དེ་དཀའ་ངལ་གྱི་ལོ་ཟླའི་ཆར་རླུང་ཁྲོད་ནས་ད་གཟོད་མཐོང་ཐུབ་པར་ཡིད་ཆེས་ཡོད། དེ་བས་ང་ཚོས་ལོ་རྒྱུས་ཀྱི་གོད་ཆག་སྤྱི་དང་སྒོས་སུ་རྒྱ་དམར་གྱིས་དྲག་པོས་བཙན་འཛུལ་གྱིས་ཐོག་མར་དབང་དུ་སྡུད་སྐབས། སེར་མོ་སྐྱ་བབ་ཚུན་ཆད་ནས་དམག་འཐབ་ལ་ཞུགས་ཚུལ་དང༌། མ་བསྐུལ་དང་བླང་སྒོས་ཆོལ་གསུམ་སྐྱིད་སྡུག་གཅིག་མྱོང་གི་བྲོས་བྱོལ། ས་མཐའི་དཀའ་ངལ་བརྒྱ་ཕྲག་ཁྱད་བསད་ཀྱི་འཚོ་གནས། རིག་གནས་གསར་བརྗེའི་རླུང་དམར་གྱི་གཤགས་གཏུབ་ཁྲོད་ནས་ལྷག་ཅིང་སླར་ཡང་འཚོ་གནས་གསར་བའི་ཚེ་སྲོག་གི་གསོན་ཤུགས་འཕྱུར་བའི་སྣང་ཚུལ་འདི་དག་ལ་ཞིབ་ཏུ་བསམས་ན་ཤ་གཟན་གདོང་དམར་འདིའི་རུས་པ་རྣོ་ལྕགས་དང་གློ་སྙིང་རྡོ་རྗེ་ལས་གྲུབ་པའི་མི་རིགས་མཁྲེགས་པོ་ཞིག་ཡིན་པར་ཡིད་ཆེས་རྙེད་ཐུབ།
ྋརྒྱལ་བ་པཎ་ཆེན་རྣམ་གཉིས་དང་འབའ་བ་ཕུན་དབང་སོགས་ནི་དུས་རབས་ཉི་ཤུ་བའི་མི་རབས་ཀྱི་དཔེ་མཚོན་མི་སྣ་ཞིག་ཡིན། མང་པོ་ཞིག་གིས་འདི་དག་དཔེ་མཚོན་ལས་འགོངས་པའི་དཔེ་ཟླ་བྲལ་བ་ཞིག་ཏུ་ངོས་འཛིན་པ་ནི་གདེང་འཇོག་བླ་མེད་ཅིག་རེད། གལ་ཏེ་ཁོང་ཚོའི་རྗེའི་འབྲང་གི་སེར་སྐྱ་མི་མང་མང་ཚོགས་ཀྱི་དཔུང་ཤུགས་མེད་པ་ཡིན་ནརྩའགྱེལ་ས་ནས་ལངསརྫཐུབ་པའི་ངར་ཤུགས་འདི་དག་ཡོང་མི་སྲིད། ད་ལྟའང་བོད་རང་བཙན་དང༌། ལམ་དབུ་མ། མི་རིགས་ཀྱི་ཐོབ་ཐང་དང་ལས་སྐལ་ཆེད་དུ་མངོན་ཤུགས་བརྒྱུད་གསུམ་ནས་འབད་བརྩོན་བྱེད་ཀྱིན་པ་འདི་དག་ཀྱང་སྙིང་སྟོབས་ཤིག་ལ་རག་ལས་པ་མ་ཟད། དེ་ཡང་བདེན་པའི་སྤོབས་པ་ཞིག་གི་རྒྱབ་རྟེན་ལ་བརྙེས་ཡོད། ཐ་ན་བདག་ལྟ་བུས་མི་རིགས་འདིར་རོགས་ཕན་ཏོག་ཙམ་ཞིག་བྱེད་པ་འདི་ཡང་མཐར་གཏུགས་ན་མི་རིགས་འདིར་རེ་བ་དང་ཡིད་ཆེས་བྱེད་རིན་ཡོད་པའི་བསམ་ཚུལ་བརྟན་པོ་ཞིག་ཆགས་པའི་རྨང་གཞིའམ། ཡང་ན་མི་རིགས་འདིས་རང་ཉིད་ལ་སྤྲད་པའི་གདེང་སྤོབས་དེའི་མཐུ་སྟོབས་ལ་རག་ལས་ཡོད། གལ་ཏེ། ང་ལ་དེ་འདྲའི་གདེང་སྤོབས་ཤིག་སྤྲད་མེད་ན་ང་འཚོ་ལམ་གཞན་ཞིག་ཏུ་བསྐྱོད་རྒྱུར་ཐེ་ཚོམ་ཅི་ཡང་མེད།
བོད་མི་མི་ཉུང་བ་ཞིག་གིས། མི་རིགས་འདི་མགོ་རྨོངས། ལེ་ལོ། བག་འཁུམས། རུལ་སུངས། སྐྱོབ་ཐབས་མེད་པའི་ནད་པ་ལྟ་བུ་ཞིག་ཏུ་ངོས་འཛིན་གྱིན་ཡོད། ངོ་མ་དེ་འདྲའི་བལྟ་བཟོ་གང་ཡང་མེད་ལ་རེ་བ་ཅི་ཡང་མེད་པ་ཞིག་ཡིན་ན། ཁྱོད་ཀྱིས་རང་གི་འཚོ་ལམ་གཞན་ཞིག་འཚོལ་བ་ནི་ཆེས་ཡང་དག་པ་ཞིག་རེད། ལ་ལ་ཞིག་གིས་དེ་འདྲ་བསམས་ཀྱང་ད་དུང་འདིའི་ཆེད་དུ་ཨུ་ཚུགས་བྱེད་པ་དེ་གླེན་རྟགས་སུ་སྣང་མོད། འོན་ཀྱང་ངོས་འཛིན་དེ་ནི་རྦད་དེ་ནོར་འཁྲུལ་ཞིག་ཡིན་པས་མི་རིགས་འདོར་མཁན་ལས་མ་དོར་མཁན་དེ་ལམ་ཡང་དག་ཏུ་སྐྱོད་ཀྱིན་ཡོད།
སྤུན་ཟླ་ཚོ། ང་ལ་ཡོད་པའི་སེམས་ཤུགས་དང་ལྷག་བསམ་གྱི་ཆ་ཤས་གང་ཡིན་ཚང་མ་མི་རིགས་འདི་དང་འདིའི་རིག་གཞུང་གིས་སྦྱིན་པ་ཡིན་པས། ངས་ཀྱང་རང་གི་ཡོན་ཏན་འདི་དག་གིས་ཕྱིར་མི་རིགས་འདིར་ལེགས་སྐྱེས་ཅུང་ཟད་རེ་འབུལ་རྒྱུ་འདི་བསམ་ཤེས་ཤིག་གི་དྲིན་ལན་འཇལ་ཚུལ་ཙམ་ལས་ཅི་ཡང་མིན། མཐའ་མའི་རེ་བ་ཡང༌། ཁྱོད་ཀྱིས་མི་རིགས་འདིའི་འདས་པའི་ལོ་རྒྱུས་དང་གནས་བབ་ངོ་མའི་ཡུལ་དུས་གནས་བབ་ལ་བསམ་གཞིགས་ལེགས་པོ་ཞིག་བཏང་ན་ཡིད་ཆེས་དང་རེ་བ་མེད་པ་ཚོར་ཡིད་ཆེས་དང་རེ་བ་གསར་པ་རེ་སྐྱེ་བ་དང༌། ཅུང་ཟད་ཡོད་པ་ཚོ་ཇེ་བརྟན་ཇེ་རྒྱས་སུ་འགྲོ་རྒྱུར་ང་ལ་ཡིད་ཆེས་ཡོད། རྒྱུ་མཚན་ནི་ཁྱོད་ཅག་ཚང་མརྩལས་ལ་བརྩོན་ཞིང་དཔའ་ངར་ལྡནརྫཔའི་མི་རིགས་འདིའི་ཆ་ཤས་རེ་རེ་ཡིན་པས་སོ། །
༢༠༠༧།༥།༢༨།
ཆབ་བྲག་ལྷ་མོ་སྐྱབས་ལགས།
ད་ལྟ་རང་གྲོགས་པོ་ཞིག་གིས་ཁ་བརྡ་དྲ་རྒྱ་ངོ་སྤྲོད་བྱས་པ་དང༌། ངས་ཀྱང་དགའ་མོས་ཆེན་པོས་བསྔོགས་པ་ཡིན། དེ་རིང་ཐོག་མར་མིག་ལམ་དུ་མངོན་པ་ནི། ཁྱེད་རང་གིས། ང་བོད་ལ་རེ་བ་དང་ཡིད་ཆེས་ཡོད། ཅེས་པའི་རྩོམ་ཡིག་ཐུང་ངུ་དེ་རེད། དེའི་ནང༌། ངས་བལྟས་ན་མི་སྒེར་དང་མི་རིགས་ཤིག་གི་བརྩོན་སེམས་སྙིང་སྟོབས་ངོ་མ་དེ་དཀའ་ངལ་གྱི་ལོ་ཟླའི་ཆར་རླུང་ཁྲོད་ནས་ད་གཟོད་མཐོང་ཐུབ་པར་ཡིད་ཆེས་ཡོད། ཅེས་བཀོད་ནས། བོད་མི་རིགས་ནི་རེ་བ་དང་ཡིད་ཆེས་ཡོད་པའི་མི་རིགས་ཤིག་ཡིན་པའི་རྒྱུ་མཚན་མཐར་ཐུག་པ་མང་པོ་ཞིག་ཡོད་པའི་ནང་གི་གཙོ་བོ་ཁག་ཅིག་བཀོད་འདུག འདིས། ང་རང་གིས་རང་ཉིད་ནི་རེ་བ་མེད་པ་ཞིག་ཡིན་སྙམ་ནས་སྒྱིད་ལུག་སྟེ་སྡོད་པའི་སྐབས་འདིར། སེམས་ཤུགས་ཤིག་སྐྱེས་བཅུག་སོང༌། སྤོབས་པ་ཞིག་སླེབས་བཅུག་སོང༌། ངས་རང་ཉིད་ལས་ལ་བརྩོམ་ཞིང་དཔའ་ངར་ལྡན་པའི་མི་རིགས་འདིའི་ནང་གི་གྲུབ་ཆ་ངེས་ཅན་ཞིག་ཡིན་པ་ཤེས་སོང༌། ཐུགས་རྗེ་ཆེ། རྩོམ་ཡིག་འདི་བཀླགས་ནས་ང་ལ་དྲི་བ་ཞིག་འདོན་འདོད་བྱུང༌། དེ་ནི་ད་ལྟའི་ང་ཚོའི་ཆབ་སྲིད་པ་དང༌། ཆོས་ལུགས་པའི་དབྱེ་བ་མེད་པར་སྐད་ཆ་ལྟས་ངན་ཞིག་ཤོད་ཀྱི་ཡོད་པ་ནི། རྒྱལ་བ་རིན་པོ་ཆེའི་སྐུ་རིང་ལ་བོད་ལ་རང་དབང་ཅིག་མ་ཐོབ་པ་ཡིན་ན། ཁོང་གཤེགས་ཚར་བའི་རྗེས་ནས་རེ་བ་རྒྱག་ཡུལ་ཅང་བསྡད་ཡོད་པ་མ་རེད་ཟེར་མཁན་ཉུང་ཉུང་མ་རེད། འདི་ཚོས་དམའ་ས་ནས་མཐོ་སར་བལྟས་ནས་ཕྱོགས་བཞི་མཚམས་བརྒྱད་མ་མཐོང་བ་ཡིན་ན་ནི། མཐོང་དུ་འཇུག་དགོས་ནས་འདུག ཡང་མཐོ་ས་ནས་དམའ་སར་བལྟས་ཏེ་ཕྱོགས་བཞི་མཚམས་བརྒྱད་མཐོང་ཡོད་པ་ཡིན་ན་ནི། བདེན་ཁ་གང་འཚམ་ཞིག་སྤྲོད་དགོས་པ་འདྲ་པོ་རེད། དེ་ཡིན་དུས། ཡང་སྙིང་འདི་ལྟར་རེ་བ་མེད་པའི་སེམས་ཐག་ཆོད་བསྡད་མཁན་ཚོར་བདེན་ཁ་དང་གནས་ལུགས་ཡོད་དམ། ང་ལ་ལན་ཞིག་གནང་རོགས། ངས་འདི་སྐོར་ཁྱེད་རང་གི་བསམ་ཚུལ་ཤེས་འདོད་ཆེན་པོས་ཕུལ་བ་ཡིན།
སྐུ་ཞབས་ལྷ་མོ་སྐྱབས་ལགས།
སྐུ་ཉིད་ཀྱིས་བོད་ལ་བཅང་བའི་དགོངས་འཆར་རྣམས་འདིར་མཐོང་རྒྱུ་བྱུང་བས་དགའ་བོ་བྱུང་། ངས་བོད་ལ་རེ་བ་དང་ཡིད་ཆེས་ཤིག་མི་འདུག་རྩ་བ་ནས་བསམས་མྱོང་མེད། བོད་ནི་ལས་ལ་བརྩོན་ཞིང་དཔའ་ངར་བློ་གྲོས་ལྡན་ཞེས་བ་ལྟར། སྔོན་བྱོན་མེས་བོའི་བཀའ་དྲིན་ལས་ད་ལྟའི་འཛམ་གླིང་སྒང་སེམས་ཀྱི་ཚན་རིག་ཏུ་འབོད་པའི་ང་ཚོའི་བོད་བརྒྱུད་ནང་བསྟན་རླབས་ཆེན་འདི་བྱུང་བ་དང་། ད་ནི་བོད་མི་སྤྱི་ཡོངས་ནས་ཆབ་སྲིད་འདི་གལ་ཆེན་དང་དོན་གཉེར་གནང་བ་ལ་གཞིགས་ན། མ་འོངས་བའི་བོད་རྒྱལ་ཁབ་ནི་ཁྱད་འཕགས་རང་བཞིན་ལྡན་པའི་འཛམ་གླིང་ནང་གི་རྒྱལ་ཁབ་གསར་བ་དེ་ཡིན་ངེས།
རྒན་ལྷ་མོ་སྐྱབས་ལགས།
ང་ཁྱེད་ཀྱི་རྩོམ་ཡིག་འདི་ལས་སྐུ་ཉིད་ཀྱི་དགོངས་ཚུལ་གྱི་གཞི་རྐང་ལ་མོས་མཐུན་ཡོད། དོན་གནད་རེ་ཟུང་ལ་ཐེ་ཚོམ་ཡོད། གཅིག་ནིབོད་པ་རྣམས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་ཞེས་པ་འདི་ནི་ལོ་རྒྱུས་མཁས་པས་བཀོད་པའི་སྡོམ་ཚིག་ཅིག་རེད་ཟེར་བ་འདི་རེད། ངས་འདི་ནི་ལོ་རྒྱུས་མཁས་པའི་སྡོམ་ཚིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། ངས་ནི་འདི་རྒྱ་དམར་གཞུང་གིས་བོད་མི་རིགས་ལ་སེམས་གསོ་ཞིག་བྱེད་འདོད་ཀྱི་་རྗོད་ངག་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡང་་ཐོག་མར་རྒྱ་དམར་གཞུང་གིས་ང་ཚོ་བོད་ལ་མཐོང་ཆུང་དང་དམའ་འབེབས་བྱས་བྱས་བྱས་ནས་ཡུན་རིང་པོར་སོང་མཐར་བོད་པའི་སེམས་ལ་ཡང་ཕོག། རྒྱ་གཞུང་རང་གི་སེམས་ལ་འཚེར་སྣང་ཞིག་སྐྱེས་ནས་རྗོད་ངག་འདི་ཐོན་པ་ཞིག་ཡིན་པ་འདྲ། རྗོད་ངག་འདི་འདྲ་ཞིག་སྔོན་བྱོན་བོད་མཁས་པའི་གསུང་ལས་མཐོང་རྒྱུ་མེད། ཕྱི་རྒྱལ་མཁས་པའི་གསུང་ཞིག་ཀྱང་ཡིན་རབས་མི་འདུག རྗོད་ངག་འདི་ནི་སྐབས་མང་ཆེ་བར་སྐུ་ཉིད་ཀྱིས་བཀོད་པ་ལྟར་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་ཞེས་པ་འདི་གཅིག་པོ་ཡིན་ལ། སྐབས་འགར་འདིའི་ཐོག་ལ་བློ་གྲོས་དང་ལྡན་པ་ཞེས་པ་འདི་སྣོན། རྒྱ་གཞུང་གིས་ཀྱང་ལས་ལ་བརྩོན་པ་དང་དཔའ་ངར་ལྡན་པ་ནི་དུད་འགྲོ་ལ་ཡང་ཡོད་ཅིང་། དེས་འགྲོ་བ་མི་ལ་བསྟོད་པ་བྱས་ན་བསྩོད་པ་སྤུས་དག་ཅིག་མིན་པ་དེ་ཡང་ཤེས་ཀྱི་ཡོད། དེའི་སྟབས་ཀྱིས་བློ་གྲོས་དང་ལྡན་པ་ཞེས་པ་འདི་སྐབས་འགར་སྣོན་གྱི་ཡོད། བསྟོད་ཚིག་འདི་ལ་བོད་པ་རྣམས་ཀྱང་ཡིད་ཚིམ་ཡོད། ཐ་ན་པཎ་ཆེན་རིན་པོ་ཆེས་ཀྱང་བསྟོད་ཚིག་འདི་ཡང་ཡང་བེད་སྤྱོད་གནང་ཡོད། རྒྱ་དམར་གྱི་དྲིལ་བསྒྲགས་ཀྱི་འོག་ནས་འཚར་ལོངས་བྱུང་ཞིང་། བོད་ཞེན་ཅན་གྱི་བོད་པ་ཤེས་ཡོན་ཅན་གྱི་ངག་ལ་རྗོད་ངག་འདི་ས་ཁྱབ་རྡོ་ཁྱབ་ཡིན། རྗོད་ངག་འདིའི་ཕྱོགས་གང་ཐད་ནས་གཞན་འོག་ལ་ཤོར་བའི་བོད་པ་སེམས་གསོའི་ནུས་པ་ཞིག་ཐོན་གྱི་ཡོད་སྟབས། བོད་པ་བོད་ཞེན་ཅན་རྣམས་ཀྱིས་རྗོད་ངག་འདི་གང་ནས་དང་གང་ལྟར་ཡོང་བ་ལ་བསམ་བློ་གཏོང་གི་མེད།
སྐུ་ཞབས་དོན་གྲུབ་བཀྲ་་་ཤིས་རེབ་གོང་ལགས།
དོ་རྭ་འདི་བོད་ཡིག་འབྲི་ཆེད་དང་བོད་སྐད་ཤོད་ཡུལ་ལ་དམིགས་པ་ཡིན་འདུག དེར་བརྟེན་ཁྱེད་བོད་ཡིག་ཤེས་ཀྱི་མེད་ན་བོད་ཡིག་ཤེས་མཁན་ཞིག་བཙལ་ནས་ཁྱེད་ཀྱི་བསམ་ཚུལ་རྣམས་ཁོང་ལ་བྲི་རུ་བཅུག་ན་མི་ལེགས་སམ།
འདི་རིང་ས་ག་ཟླ་བ་ཡི་ཚེས་ཤར་ཡིན་སྟབས་གུས་པས་དགེ་བ་གང་བསག་ཐུབ་ཐུབ་དང་སྡིག་པ་གང་དག་ཐུབ་ཐུབ་བྱེད་ཀྱི་ཡོད། བཀུར་འོས་ཀྱི་སྐུ་ཞབས་ཁྱེད་ལ་གུས་པའི་ཐལ་མོ་དེ་སྙིང་གར་བཞག་ནས་ཐུགས་རྗེ་གཟིགས་བོད་ཡིག་ལས་ཡིག་རིགས་གཞན་འདི་ཐོག་ལ་མི་འགོད་པ་མཁྱེན།
འདི་གུས་པའི་བསམ་ཚུལ་ཡིན། གལ་ཏེ་ཁ་བརྡ་དྲ་རྒྱའི་སྒྲིག་ལམ་དང་འགལ་གྱི་ཡོད་ན་ཐོལ་ལོ་བཤགས་པར་བགྱིའོ།
very good