འཆམ་ར་དྲི་མེད་རྒྱལ་མཚན།
———————
༈ རེས་གཟའ་མིག་དམར་རྟ་སྦྲུལ་གཉིས་ཀྱི་བླ་གཟའ་དར་བའི་ཉིན་མོ་ཏེ། ཕྱི་ལོ་ ༢༠༠༨ ༧ ༨ ཀྱི་ཉིན་མོ་འདིར་རྒན་གསོ་ཁང་གི་མ་རྒན་ཉམ་ཐག་ཞིག་དབུགས་མཐའ་རྫོགས་ཏེེ་ཕྱི་མའི་མངལ་ལམ་དུ་ཆས་སོང་། དེ་ཉིད་བདག་མེད་ཀྱི་ཚེ་འདས་ཞིག་འདུག་པས་ཤི་ཆོག་སོགས་ཆ་ཚང་ཁོ་བོ་དང་འཆམ་མཐུན་ཅན་གྱི་གྲོགས་པོ་ཚོས་དང་བླང་གིས་ལས། མ་ཟད་དུར་ས་སྦས་རྒྱུ་སོགས་རོ་ལས་ཀྱང་བྱས་ནས་རྗེས་ཆོག་རྣམས་ཧུར་ཐག་བྱས་ཡོད། དེར་བརྟེན་རང་ངོས་ནས་ཀྱང་འདིའི་ཉིན་མོ་ནི་དགེ་རྩ་ཅུང་ཐོན་པའི་ཉི་མ་བཟང་པོ་ཞིག་ཡིན་བསམ་ཡོད།
དེ་ཚོ་ཐམས་ཅད་ངའི་སྙིང་ནས་བརྩེ་བའི་གྱེས་སོང་གི་ཨ་མ་ལགས་ཀྱི་དྲིན་ལན་དུ་བསྒོམ་ནས་བྱས་ཡོད་པ་མ་ཟད། བལྟ་སྐྱོང་བྱེད་མཁན་མེད་པའི་འགྲོ་བ་མི་ཞིག་གི་བདེ་སྡུག་ལ་བསམ་ཤེས་ཐེངས་གཅིག་དང་། བཅོས་མིན་ཤ་ཚའི་འདུ་ཤེས་དང་མོ་བ་ཞིག་གིས་ཀྱང་བྱས་ཡོད། ད་ལྟ་ང་རང་མལ་ཆས་ནང་འཛུལ་ཏེ་གཉིད་མ་ཁུག་པ་ཨ་མ་ཡིད་ལ་དྲན་བཞིན་བསྡད་ཡོད།
ཨ་མ་ལགས། ངས་ཡུན་རིང་འཇལ་མ་ཐུབ་པའི་ཨ་མ་ལགས། ཁྱེད་ཀྱི་སྐུ་གཟུགས་བདེ་བོ་ཡིན་ནམ། ངའི་ཡིད་སེམས་གྲང་མོ་འདིས་རྒྱངས་རིང་པོ་ནས་ཨ་མ་ཁྱེད་རང་དྲན་གྱི་འདུག ད་རུང་དོ་དགོང་སྟེ་སྐྱོ་ལྷང་ལྷང་གི་མཚན་མོ་འདིར་ཧ་ཅང་དྲན་གྱི་འདུག
ཨ་མ་ལགས། བུ་ང་ལ་འཛུམ་ཁ་སྙི་བའི་ཁྱེད་རང་གི་ཞལ་རས་དེ། ཁྱེད་ཀྱི་གཅེས་ཕྲུག་ངས་ཝལ་ལེ་ཡིད་ལ་དྲན་ནས་འདི་ལྟར་སྨྱུག་ཁ་ཤོག་ངོས་སུ་ཕབ་བཞིན་སྐྱོ་གདུང་གླེང་གི་ཡོད། ངས་ད་ལྟ་རང་མཇལ་འདོད་པའི་ཨ་མ་ལགས། ས་མཐའ་འདིར་འཁྱམས་ཤིང་འཁྱམས་ལ་བུ་ངས་ཨ་མ་ཁྱེད་རང་ཡང་ཡང་དྲན་གྱི་འདུག ད་རུང་ས་སྲོད་ཀྱི་དགོངས་མོ་རེ་རེར་བཞིན་ཧ་ཅང་དྲན་གྱི་འདུག
ཨ་མ་ལགས། ཁྱེད་མེད་པའི་ས་ཕྱོགས་ནི་ཁ་ཆར་དང་བུ་ཡུག་གི་རི་གྲོང་ཞིག་རེད། བདེ་སྐྱིད་ཀྱི་དྲོད་མདངས་དྲོན་མོ་ཞིག་རྩ་བ་ནས་མི་འདུག ད་རུང་སྐྱོ་གདུང་གི་སྨུག་ལོང་རེ་རེ་འཁྲིགས་ནས་ཡོད་ཚད་ནག་ཁུང་བཟོ་གིན་འདུག ངའི་དྲན་གདུང་སྟོང་གི་ཨ་མ་ལགས། ཁྱེད་མེད་པའི་ཁེར་རྐྱང་གི་འཚོ་བ་ལ་ནམ་ཡང་སྤྲོ་སྣང་གི་འཛུམ་ཁ་དྭང་མ་ཞིག་མི་འདུག འོན་ཀྱང་ཁྱེད་རང་གང་ན་བཞུགས་ཡོད།
ཨ་མ་ལགས། ངས་བསམ་ཤིང་བསམ་ལ་ཨ་མ་ཁྱེད་ཀྱི་པང་དུ་མགོ་བོ་བཞག་ནས་འདུག་མོས་ཀྱི་འདུག ངས་དྲན་ཤིང་དྲན་ལ་ཨ་མ་ཁྱེད་ཀྱིས་བཟོས་པའི་ཁ་ལག་ཞིམ་པོ་དེ་བཟའ་མོས་ཀྱི་འདུག ད་རུང་དགོངས་མོའི་ཁ་ལག་ཞིག དེ་ནི་གྲང་ངར་ཆེ་བའི་དགོངས་མོ་རེ་ལ་དྲོ་སྐྱིད་ཀྱིས་སེམས་ཁ་གསོ་བའི་ཞལ་ལག་ཞིག་རེད།
ཨ་མ་ལགས། ངས་ཁྱེད་རང་དྲན་པའི་གདུང་བ་འདི་ཚོ་ཆ་ཚང་བཤད་ཚོད་མི་འདུག ཡིན་ནའང་ངས་ནམ་ཡང་དྲན་པ་ནི་ཨ་མ་ཁྱེད་རང་རེད། དེར་བརྟེན་ངས་ག་དུས་ཀྱང་འབྲི་མོས་པ་ནི་ཁྱོད་རང་ཇི་ལྟར་དྲན་པའི་ཚུལ་དེ་རེད།
ཁྱེད་ཀྱིས་ཐོས་བྱུང་ངམ་ཨ་མ་ལགས། མི་ཚོགས་མང་པོའི་དཀྱིལ་ནས་ཨ་མ་མེད་པའི་བུ་ངས་ཁྱེད་རང་ཡིད་ལ་དྲན་བཞིན། ལྷན་འཇགས་ཀྱི་མཚན་མོ་རེ་རེར་མིག་ཆུའི་རམ་འདེགས་བྱས་པའི་ངུ་སྐད་གཉོམ་པོས་ཁྱེད་རང་གི་མཚན་ནས་ཇི་ཙམ་བོས་ཡོད། ད་རུང་ཁྱེད་ཀྱིས་ཡ་བྱས་མ་བྱུང་།
ཨ་མ་ལགས། ཁྱེད་ནི་འཇིག་རྟེན་འདི་ན་ཡོད་པའི་ངའི་ཨ་མ་ཉག་གཅིག་དེ་རེད། ཁྱེད་ནི་ངའི་དུང་བ་ཡོད་ཚད་ཀྱི་དྭང་མ་སྟེ། ངས་སྨྲ་ཤེས་པའི་ཐོག་མ་དེ་རང་ནས་བོས་པའི་ཨ་མ་རེད། ད་རུང་ཁྱེད་ནི་བུ་ངས་དྲན་རིན་ཡོད་པའི་མི་སྣ་ཞིག་སྟེ། བུ་ང་གནམ་ཞབས་འདི་སྐྱེས་པ་ནས་ཡོད་ཚད་ཀྱི་ཐོག་མའི་ངོ་ཤེས་པ་དེ་རེད།
ངའི་བྱམས་བརྩེའི་འོད་སྟོང་གི་བདག་མོ། ཨ་མ་ལགས། ཁྱེད་རང་གང་ན་བཞུགས་ཡོད། མི་ལོ་བཅུ་ཕྲག་གཅིག་སོང་ཡང་བུ་ང་ལ་ཁྱེད་རང་གིས་ཞལ་རས་བསྟན་མ་བྱུང་། ད་རུང་ཕྱག་དྲོན་མོས་བྱམས་སྐྱོང་བྱས་མ་བྱུང་། ངག་འཇམ་པོས་མིང་ནས་བོས་མ་བྱུང་།
སྐུ་མཁྱེན་ཨ་མ་ལགས། ང་ཁེར་རྐྱང་དུ་འཁྱམས་མ་བཅུག་དང་། མི་ཡུལ་གྱི་ལོ་ཟླ་ནི་མུན་ནག་གི་བཤུལ་ལམ་ཞིག་རེད། ག་རེ་བྱས་ཀྱང་བདེ་སྐྱིད་ཀྱི་འོད་སྣང་གཏན་ནས་མཐོང་རྒྱུར་མི་འདུག
ཨ་མ་ལགས། ང་མི་ཡུལ་གྱི་སྐྱོ་གདུང་འགམ་ནས་ད་དུང་ག་ཚོད་བར་དུ་འཁྱམས་དགོས་རེད། ཁྱེད་ཀྱིས་འདི་འདྲའི་བཀའ་ཆད་གནག་པོ་ཞིག་མ་གཏོང་དང་། ང་ནི་ཁྱེད་རང་གི་གཅེས་ཕྲུག་ཡིན། རུམ་ཁུག་ཏུ་བཅུག་ནས་འོ་དྲོད་ཀྱིས་གཅེས་སྐྱོང་བྱས་པའི་བུ་དེ་ཡིན།
ཁྱེད་ཀྱིས་ཚོད་དཔག་ལོས་ཐུབ་ཨ་མ་ལགས། ཁྱེད་རང་དང་ཁ་གྱེས་པ་ནས་བུ་ངའི་སེམས་པ་སྐྱོ་ཤར་རེ་རེད། ཨ་མ། ངའི་བརྩེ་བའི་ཨ་མ། ང་ནམ་ཡང་ཁྱེད་ལ་དགའ། ངས་ནམ་ཡང་ཁྱེད་རང་དྲན།
ཨ་མ་ལགས། ངས་སྐད་ཤུགས་ཡོད་ཚད་ཀྱིས་འབོད་མོས་པའི་ཨ་མ་ལགས། ཁྱེད་ཀྱིས་བུ་ང་སེམས་ནང་ཡོད་ན། སྙིང་ནས་དྲན་ན། ག་དུས་ཀྱང་སྐུ་གཟུགས་ལ་ཐུགས་བཅག་གནང་རོགས་དང་། རི་འཁྱམ་གི་བུ་ངས་མ་བུ་ལྷན་དུ་འཛོམ་པའི་བདེ་སྐྱིད་ཀྱི་ཉིན་མོ་ཞིག་ལ་ངང་སྒུག་བྱས་ཡོད།
མཐར་དོན། མ་ཡུམ་ཁྱེད་སྐུ་ཁམས་ཡུན་དུ་བདེ་བའི་སྨོན་འདུན་ལན་བརྒྱ་དང་བཅས་ཁྱེད་ཀྱི་བུ་འཁྱམས་དེས། ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༧ ཚེས་ ༨ ཉིན་མིག་ཆུས་སྨྱུག་ཁ་གསོས་པའི་མཚན་གུང་ཆུ་ཚོད་ ༡༢ དང་ཕྱེད་ཙམ་ན་འཆམ་ར་དྲི་མེད་དེས་བྲིས།།
ཁ་བརྡའི་དྭ་དཔོན་ལགས། འདི་ཉིད་ཁ་བརྡའི་དྭ་ངོས་ལ་བཀོད་གནང་རོགས་ཞུ་ཞུ།།
གངས་རི་ལྗོངས་སུ་ཨ་མ་བཞག་སྟེ་རི་ལུང་བརྒལ་ནས་གཞན་ཡུལ་འགྲིམས།།
ས་མཐར་སླེབས་པའི་ཚ་གདུང་དེ་ཡིས་རྟག་ཏུ་སུན་ཞིང་གཙེར་གྱུར་ནས།།
སེམས་སྡུག་རློན་པའི་རྔུལ་ཆུ་རེ་རེ་སྨྱུ་གུའི་རྩེ་ནས་དལ་བབ་པའི།།
ཆུ་མོ་འཁྱིལ་པའི་རྫིང་བུའི་ནང་ནས་རེ་བའི་མེ་ཏོག་འཆར་གྱུར་ཅིག།
༼ཁྱེད་ཀྱི་རྩོམ་འདི་བཀླགས་སྐབས་ཕྲན་གྱིས་ཀྱང་ཨ་མ་དྲན་པའི་གླུ་གཞས་ཤིག་བྲིས་མྱོང་བ་དེ་དྲན་ནས་འདིར་བཀོད་ཡོད་ལགས།༽
—————-
ཤར་གྱི་ཟླ་བ་ནུབ་ནས་མཐོང་ནུས་ན།། ཤར་གྱི་ཨ་མ་ནུབ་ནས་མི་མཐོང་ཅི།།
དེ་རིང་བཅོ་ལྔའི་ལྷ་ཟླ་འདྲ་ཞིག་བར་སྣང་དཀྱིལ་ནས་མཐོང་བར་གྱུར།།
ཆུང་དུས་མཐོང་བའི་ཟླ་གཟུགས་དེ་ཡང་འདི་ཉིད་ཡིན་པ་གོར་མ་ཆག།
ཡིན་ན་བདག་གི་ཨ་མ་དེས་ཀྱང་གཅེས་པའི་མིག་ཟུང་གཅེར་བཞིན་དུ།།
ས་མཐར་མྱུལ་བའི་བུ་ཆུང་བདེའམ་ཞེས་པའི་ཚིག་འདི་ཤོར་ཡོད་ཆེ།།
ཀྱེ་མ་བསིལ་ལྡན་དབང་པོ་ཁྱེད་ཀྱིས་འཛམ་གླིང་ཁྱོན་ཀུན་ཨེ་གཟིགས་སམ།།
ཤར་ཕྱོགས་ས་ཡི་མཐོ་ས་ཞིག་ན་མ་རྒན་གོམ་པ་འཁྱོར་འཁྱོར་གྱིས།།
ལག་པ་ཐོད་ལ་འགེབ་འགེབ་བྱེད་བཞིན་རྒྱང་རིང་གནམ་ལ་མིག་ཟུང་གཅེར།།
བུ་ཆུང་ཞེས་ནི་ངུ་ངག་འདོན་བཞིན་གཡས་རྒྱུགས་གཡོན་རྒྱུགས་བྱེད་མཐོང་ངམ།།
མ་རྒན་འདི་ལ་གནམ་གྱི་འོག་ན་སེམས་པ་ཤོར་ས་གཅིག་ལས་མེད།།
གཅིག་པུ་དེ་ཡང་ཉིན་མཚན་གོ་ལྡོག་ནུབ་ཕྱོགས་ས་ཡི་མཐའ་ན་ཡོད།།
ཟླ་བ་ཁྱོད་དང་སྐར་མ་སོགས་ལས་མོ་ཡིས་གང་མཐོང་ངས་མི་མཐོང༌།།
ཟླ་བ་ཁྱོད་ཀྱིས་མ་བུ་མཇལ་བའི་བྱ་བ་ཙམ་ཞིག་སྒྲུབ་ཕོད་དམ།།
སྐུད་མེད་ཀློང་ནས་སྒྲ་ཡི་འཕྲུལ་འཁོར་རམ་དུ་བླངས་ནས་ཨ་མ་ཐོས།།
ཨ་མའི་གསུང་སྐད་བུ་ཆུང་ཞེས་པ་ལོ་གསུམ་བྱིས་པར་འབོད་དང་མཚུངས།།
འོན་ཀྱང་མིག་ཟུང་ཁྲག་ལ་ཐིམ་ཀྱང་ཨ་མ་མཇལ་བའི་སྐལ་བ་མེད།།
ལྷ་ཟླ་ཁྱོད་ལས་ཨ་མའི་ཞལ་རས་ཚུར་ལ་མངོན་པའི་སྐབས་ཡོད་དམ།།
ངེད་ཀྱི་ཞོགས་པ་ཨ་མའི་ས་སྲོད་དུས་མཉམ་ཡིན་པ་བདག་གིས་ཚོར།།
ཨ་མས་ཁྱོད་ལ་གཅེར་བའི་སྐབས་སུ་ངས་ནི་ལས་ཀའི་དུས་ཚོད་བརྩི།།
བདག་གིས་ཁྱེ་ད་ཉིད་མཇལ་བའི་དུས་སུ་ང་ནི་ཨ་མའི་རྨི་ལམ་ན།།
ཇི་ལྟ་ཇི་ལྟར་ཁྱེད་ཀྱི་ཞལ་ལས་བདག་གིས་ཨ་མ་མཐོང་བར་འགྱུར།།
མཚམས་རེ་དུས་རེར་གངས་ཅན་ཡུལ་ན་ཉིན་གྱི་ཚེ་ཡང་ཟླ་གཟུགས་ཡོད།།
ཨ་མས་ཉིན་མོར་ཟླ་བར་མཇལ་དུས་དེ་ནི་བདག་གི་མཚན་མོ་ཡིན།།
བར་སྐབས་འདི་འདྲར་ཁྱེད་ཀྱི་ཞལ་ལས་ཨ་མའི་འཛུམ་ཞིག་མཐོང་ནུས་ན།།
བུ་ཆུང་བདག་གི་ཚེ་འདིའི་མ་ལ་ཆགས་པའི་བློ་ཁ་དེ་ནས་ཁེངས།།
འཇིག་རྟེན་མི་ལ་རེ་བ་བྱས་ནས་བདག་གི་མི་ཚེ་སྟོང་ལ་ཉེ།།
མི་ཚེའི་ཡུན་འདི་མ་རྫོགས་སྔོན་ལ་ཨ་མའི་ཞལ་ཞིག་མཇལ་ན་འདོད།།
ཟླ་བ་ཁྱོད་ལས་རེ་བ་ཞུ་ས་གཞན་ནི་གང་ན་མི་འདུག་པས།།
སྙིང་ཁོང་གཏིང་གི་རེ་བ་འདི་ལ་འབྲས་བུ་ཡོད་པའི་མཐུན་འགྱུར་གྱིས།།
ཁྱེད་ཀྱི་ཞལ་ལས་ཨ་མའི་མཛུམ་མདངས་མཇལ་བའི་ཉིན་མོ་དེ་ནས་བཟུང༌།།
མཆོད་པའི་ཕུད་ཀྱིས་ཁྱེད་ཉིད་མཆོད་ལ་སྙན་ངག་ཚིག་ཀྱང་ཁྱེད་ལ་འཐོར།།
མ་བུ་གསོན་བྲལ་སྟོང་ཕྲག་བརྒལ་བའི་གྲོགས་པོའི་ཚོགས་ལའང་བརྡ་སྦྲན་ནས།།
ལྷ་ཟླ་ཁྱེད་ལ་མཆོད་པའི་བསྙེན་བཀུར་རྒྱ་མཚོ་ཆེན་པོའི་ཁྱོན་བཞིན་འབུལ།།
རབ་གསལ་གྱིས། ༢༠༠༡ ཕྱི་ཟླ་གསུམ་པའི་ཚེས་ ༢༧ གྱི་མཚན་མོར་ཨ་མ་དྲན་བཞིན་བྲིས།
སྥྱིར་འཇིགས་རྟེན་ན་མ་དྲིན་མོ་ཆེ་དེ་སྐྱབས་གནས་དང་པོ་ཡིན་པ་སྨྲ་ཤེས་དོན་གོ་ལྟ་ཤོག །དུད་འགྲོའི་རིགས་ཀྱི་ཅང་ཡིད་ཆེ་དང་པོའི་སྐྱབས་གནས་དམ་པ་ཡིན་། གོང་གི་མ་དྲན་པས་བརྩོམ་ཡིག་དང་སྙན་ངག་འདི་འབྲི་མཁན་རྣམ་པ་གཉིས་ལགས་། ཁྱེད་གཉིས་སྐྱི་མ་དྲན་པ་ཏེ་འདྲ་འེ་བདེན་ན་། ངེ་ལྟེས་ན་ང་འཚོ་བོད་པ་ཁ་ཤས་ཀྱིས་རང་བཙན་ལེན་དགོས་ཆད་དུ་རང་སྲོག་འདོར་དགོས་རོང་འགྱོད་པ་མེད་ཟེར་རུང་།རང་བཙན་རྩོད་ལེན་གྱི་སྐད་འབོད་ཉིན་མོ་ཁོ་འཚོ་རྒྱ་མིའི་རྩེད་མོ་ མ་ཅང་དང་ ཅ་ནེ་ཁ་ཐིར་ཁོར་གྱི་ཤོ་སྦག་རྩེདཞིང་རང་ཙན་ཕར་ཤོག་བོད་པ་ཡིན་པའང་རྗེད་རེད་། ཡང་གོ་གསོལ་ལ་བཀའ་བློནསྦུག་ནས་ཤོ་རྩེད་བོད་འབངས་རྒྱ་ལ་ཤོར་བ་རེད་། ཐ་མ་ཨ་ཕོ་འབྲུག་པ་ལ་ཡང་མ་དོ་བ་རེད་དོ་། ཨ་ཕོ་ཚང་མས་ཁ་ཕོ་ཤོད་པ་གཅིག་པ་རེད་། དོན་དེ་མི་བདེན་བསམ་ན་། བསམ་བློ་ཡང་ཡང་གཏོང་རོགས་།