༢༠༡༠་༤་༡༦་རྡ་ས་ནས་འཆམ་ར་དྲི་མེད་རྒྱལ་མཚན་དེས།
—————–
༼ས་ཡོམ་གྱི་རྐྱེན་ཆག་ཕོག་པའི་རྒ་སྐྱེ་དགུ་མདོའི་འདས་གསོན་ཡོངས་ལ་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུ་ཞུ།༽
༈ སྙིང་གི་ཡང་གཏིང་ནས་བསྒུལ་བྱུང་། ངའི་ཁྲག་རྒྱུན་གྱི་འཁོར་ས་རྒྱང་རིང་གི་ཕ་ས་ནས། ས་ཆེན་འགུལ་བའི་ངུ་སྒྲས་སྙིང་གི་ཡང་གཏིང་ནས་བསྒུལ་བྱུང་།
ཡུལ་ལྷ་དང་གཞི་བདག་ལ་མཆོད་ཁ་དམའ་མ་མྱོང་པའི་གདོང་དམར་བོད་པ་སྟེ། བསམ་བ་དགེ་བ་ལ་འབད་ཅིང་། བྱ་བ་གཞན་དོན་ལ་བརྩོན་པའི་མི་རིགས་ཤིག་ལ། སུ་ཞིག་གི་མཐུ་གཏད་ཕོག་ཅིང་། ཅི་ཞིག་གི་ཉེས་ཆད་ཁེལ་བ་བཞིན། སྙིང་ཁྲག་མིག་ཆུ་དང་འདྲེས་པའི་སྡུག་བསྔལ་དང་གྱོང་གོད་ལ་སྦྱར་སོང་།
དེའང་ཕྱི་ལོ་༢༠༡༠ ཟླ་༤ བའི་ཚེས་༡༣ ཉིན་ཁམས་ཕྱོགས་ཀྱི་རྒ་སྐྱེ་དགུ་མདོ་ནས། མི་རིགས་ཀྱི་ཐོབ་དང་། ཆོས་དད་ཀྱི་རང་དབང་དགོས་འདུན་གྱིས་རྒྱ་གཞུང་ལ་བོད་མི་ཁག་ཅིག་གིས་ངོ་རྒོལ་བྱས་ཀྱང་། སྐྱབས་མེད་པའི་མི་བུ་དག་མུན་ནག་གི་བཙོན་ཁང་སོགས་འུ་ཐུག་གི་གནས་ལས་ཐར་མེད། ཉི་མ་དེའི་ཕྱི་ཉིན་ཏེ་ཕྱི་ཚེས་བཅུ་བཞིའི་ཉིན། ཤར་གྱི་སྐྱ་རེངས་འབྱོར་བའི་ཞོགས་པའི་ཆུ་ཚོད་ལྔ་བའི་སྟེང། དགྲ་བོ་བློ་ཡིད་མ་ཚིམ་པ་ཡང་བསྐྱར་ར་འདར་སླེབས་པ་ལྟར། རྩམ་གཟན་བོད་པས་གསོལ་གསོལ་མཆོད་མཆོད་ཀྱིས་གསོས་པའི་སའི་ལྷ་མོ་བརྟན་མས་ཀྱང་ས་ནག་འགུལ་བའི་མནར་གཅོད་བོད་ལ་གཏོང་བྱུང་།
དེས་ཀྱང་འདོད་བློ་མ་གང་བ་འདྲ། ཆུ་ཚོད་བདུན་པའི་སྟེང་ཡང་བསྐྱར་ས་ཡོམ་ཤུགས་ཆེན་ཞིག་བརྒྱབ་སྟེ། ངུ་འབོད་དང་ཐལ་རྡུལ་གྱི་དབུས་ན་བོད་མི་རྣམས་ཤི་རྨས་གཉིས་ཀྱི་གནས་ལ་བཀོད་ཡོད་པ་རེད། ས་ཡོམ་དེའི་ཤུགས་ཚད་ཐད་ཨ་རིའི་ཞིབ་འཇུག་པས་བཤད་པ་ལྟར་ན། ༧་༩ ཡིན་འདུག་ལ། རྒྱ་གཞུང་གིས་༧་༡ ཡིན་རབས་བཤད་ཀྱིན་འདུག
ས་ཆེན་འགུལ་བའི་ལྡིར་སྒྲ་དང་ལྡེབས་ནས་དགྲ་བོ་དགྱེས་པའི་ཁོག་དགོད་གནམ་སའི་བར་ནས་མཆེད་སོང་ལ། རྒྱ་གཞུང་གིས་གོ་སྐབས་འདིར་གསར་འགྱུར་དང་དྲིལ་བསྒྲགས་ཀྱི་རྒྱུ་ཆ་བཟང་པོ་ཞིག་རྟོགས་ཏེ། འཛམ་གླིང་གི་མིག་ངོར་ལག་པ་འགུལ་སྟངས་ཤིག་ནས་བཟུང་སྟེ་ཆུད་ཟོས་གཏོང་གིན་མི་འདུག ད་རུང་ཟློས་གར་འཁྲབ་སྟངས་ཤིག་སྟེ། རྒྱལ་ཡོངས་ཀྱི་སྲིད་བློན་ཝིན་ཅ་པའོ། ས་དེར་ཡོང་ནས་སེམས་གསོ་བྱེད་ཁུལ་དང། གང་དགོས་ཀྱི་རོགས་རམ་གོང་རིམ་ནས་སྟེར་རྒྱུའི་གཏམ་བཤད་ཡོང་ཁྱབ་ཏུ་བསྒྲགས་སོང་། ཡིན་ནའང་དཀའ་སྡུག་གི་འོག་ནས་འཁུན་བཞིན་པའི་མི་སེར་མང་ཚོགས་ཀྱི་ཐོག་ལ་དོན་ཕན་ལྡན་པ་ཅི་ཙམ་འབྱོར་བཞིན་ཡོད་མེད་ནི། རྒྱལ་ཁབ་ཅིག་གི་ངོས་ནས་མི་མང་སྟོང་ཚོ་འགའ་ལ་རྨ་རས་ཀྱིས་མ་འདང་པ་དང་། སྨན་བཅོས་ཡོ་བྱད་ཀྱིས་མ་འདང་བའི་དཀའ་ངལ་ཡང་སྨན་པ་ཞིག་གིས་གསར་འགོད་པར་བཤད་སོང་ལ། ཡང་གསར་འགོད་པས་གོད་ཆག་ཕོག་པའི་ས་ཁུལ་གྱི་བྱིས་པ་ཞིག་ལ་གྲོད་ཁོག་ལྟོགས་ཀྱིན་འདུག་གམ་ཟེར་ནས་དྲིས་པའི་ལན་དུ། བྱིས་པ་དེས་ལྟོགས་ཀྱིན་འདུག་ཟེར་ནས་ལན་བརྒྱབ་ཀྱིན་འདུག་པ་འདི་དག་གིས་ གསལ་སྟོན་བྱེད་ཀྱིན་འདུག་སྙམ།
ད་རུང་ཁོང་ཚོས་བཤད་ན། དབུས་གཞུང་དང་མངའ་སྡེ་རིམ་པའི་ཆེད་མཁས་ས་ཡོམ་ཞིབ་འཇུག་པ་གང་མང་ཅིག་ས་གནས་ས་ཐོག་སླེབས་ཡོད་པ་བཤད་ཀྱིན་འདུག་ཀྱང་། ཕྱི་ཚེས་བཅོ་ལྔའི་ཉིན་ཡང་བསྐྱར་ས་ཡོམ་བརྒྱབ་ནས་མི་གྲངས་ཉི་ཤུ་ལྷག་བསད་ཡོད། བཤད་སྟངས་འདི་ཚོ་བདེན་པ་ཞིག་ཡིན་ན། ཆེད་མཁས་པ་དེ་ཚོས་ཕྱི་ཉིན་མའི་ས་ཡོམ་དེ་མ་ཤེས་པ་ཅི་ཞིག་ལ་དཔྱད་ནས། གང་ཞིག་ལ་ཙོག་པུར་བསྡད་བསྡད་ཡོད་པ་རེད།
བསྒྲགས་གཏམ་ཁག་གི་ནང་ནས།
ཕྱོགས་ཡོངས་ཀྱི་གྲོང་བརྡལ་དང་གྲོང་ཁྱེར་ཁག་གི་རོགས་སྐྱོར་དང་རོགས་དངུལ། གོང་རིམ་གྱི་བལྟ་རྟོག་སོགས་སྙན་སྙན་པོ་ཞིག་སྒྲོགས་ཀྱིན་འདུག་ཀྱང་། མི་སེར་མང་ཚོགས་ཀྱི་ཁ་དང་ལག་པའི་ནང་དུ་ཟོས་འཕྲོ་དང་འཐུང་ལྷག་ཙམ་ལས། བག་ལེབ་ཅིག་ཡིན་ན། གོར་གོར་ཞིག་རག་མི་སྲིད་པ་ངེས་གཏན་ཡིན་སོང་། དེ་ནི་རྒྱ་གཞུང་གི་ནམ་རྒྱུན་གྱི་ལམ་སྲོལ་དང་གནས་སྟངས་ཤིག་གིས་བཤད་པ་ཡིན་ལ། ད་ལྟ་མཐོང་ཅིང་ཐོས་བཞིན་པའི་གནད་དོན་འགའ་ལ་རྗེས་སུ་དཔག་ནས་ཀྱང་སྨྲས་པ་ཡིན།
ཀྱེ་མ། གྱང་རོ་དང་ཁང་ཤུལ་གྱི་ཟུར་ངོས་དག་ནས། ངའི་སྤུན་ཟླ་འགའ་ལག་པས་གདོང་པ་བཀབས་ཏེ་ཅི་ཞིག་ཕྱིར་དྲན་བྱེད་བཞིན་བསྡད་འདུག་ལ། ཐལ་རྡུལ་དང་ཟུངས་ཁྲག་འདྲེས་མའི་ས་རོའི་འགྲམ་ནས་མིག་ཆུ་ཤར་རེ་སུ་ཞིག་ལ་འབོད་ཀྱིན་བསྡད་འདུག ཨོྃ་མ་ཎི་པདྨེ་ཧཱུྃ༔ རས་ཡུག་གྲུ་བཞི་མ་རེ་རེའི་ནང་ནས་སུ་ཞིག་གི་ཕུང་པོ་ཁྱེར་བྱུང་ལ། ཁུག་ཀྱོག་རེར་འགུལ་རྒྱུ་མེད་པའི་བམ་རོ་མང་པོ་ཞིག་ཀྱང་བཞག་འདུག ཀ་བ་དང་གདུང་མའི་བར་ན་སྐེ་ནས་མནན་པ་དང་། གྱང་དང་ས་རོའི་འོག་ན་སྐེད་ནས་བཙིར་བའང་མང་པོ་ཞིག་མཐོང་རྒྱུ་འདུག ད་རུང་ཀླད་པ་ཕྱི་ལ་ཐོར་ནས་རྐང་ལག་ཆད་པའི་བེམ་པོ་མང་པོ་མཐོང་རྒྱུ་འདུག འགའ་ཤས་ནི་རྨི་ལམ་གྱི་ཞིང་ཁམས་ནས་ཕྱིར་ཡོང་མེད་པ་གཤེགས་སོང་བ་ལོས་ཡིན། གསང་ཁེབ་རེ་གྱོན་ནས་ད་རུང་ས་རྡོའི་གསེབ་ན་རིལ་འདུག་པས་གཏན་དུ་རིལ་ཟིན་པར་ངེས།
ཁ་པར་གྱི་ལམ་ནས་ཐོས་པ་ལྟར་ན། ཕྱོགས་དེའི་དགོན་སྡེ་ཞིག་གི་སྒོ་འགྲམ་དུ་བོད་པ་བརྒྱ་ཕྲག་འགའི་སྐུ་ཕུང་དབོར་འདུག་ལ། དེ་དག་སང་ཉིན་སྟེ་ཕྱི་ཚེས་བཅུ་བདུན་ཉིན་ས་དོང་ལ་སྦས་འཆར་འདུག་ཟེར། ཁྱོད་ཀྱིས་ཀྱང་སོམས་དང། སྐུ་ཕུང་དེ་རྣམས་ཀྱི་འགྲམ་ནས་སུ་ཞིག་གིས་འཐམས་ཏེ་སྨྲེ་བསྔགས་འདོན་བཞིན་ཡོད་དམ། ཨ་མ་ཚོས་ཁོག་པའི་སྙིང་ཕྱུང་པ་ལྟར་བྱིས་པའི་རོ་ལ་འཁྱུད་ཀྱིན། ཨ་མའི་བུ། ཟེར་ནས་འབོད་དེ་ངུ་བཞིན་འདུག་ལ། བྱིས་པ་ཚོས་མ་རྒན་དྲིན་ཆེན་མའི་ཕུང་པོའི་ཟུར་ནས། ཨ་མ་ལངས་དང་ཟེར་ནས་འཐེན་ཏེ་ངུ་བཞིན་ཡོད་པའི་ཟོལ་འདྲ་འདུག ད་རུང་རང་ལུས་རྨས་ནས་འགུལ་བསྐྱོད་མི་ཐུབ་པའི་བོད་པ་འགས། གཏན་ནས་འགུལ་རྒྱུ་མེད་པའི་མི་རོ་རེ་དཔང་དུ་ལེན་ནས་ཁ་བགྲད་དེ་མིག་བཙུམས་ནས་ངུ་བཞིན་འདུག
ཀྱེ་ཀྱེ། གངས་ཅན་བོད་ཀྱི་མགོ་བའི་ལྷ་ལྔ། སྐྱོབ་པའི་ལྷ་དྲུག།མ་ཡམ་བརྟན་མ་བཅུ་གཉིས། དགེ་བསྙེན་ཉི་ཤུ་རྩ་གཅིག།སྲིད་པའི་ལྷ་རབས་བཅུ་གསུམ། ད་རུང་སའི་ལྷ་མོ་བརྟན་མས་གཙོས་པའི་ས་བདག་རྗེ་བློན་འཁོར་དང་བཅས་པ་གོད་ཆག་བོད་ལ་བཏང་ནས་གང་ལ་ཕྱིན་སོང་བ་རེད་དམ། ངོ་མ་ཡིན། ཨ་མ་རྒན་མོའི་པྲ་དང་། སྲུང་མ་གང་གི་སྐུ་རྟེན། བླ་མ་གང་གི་མངོན་ཤེས། སྔགས་པ་གང་གི་ནུས་མཐུ། རྟོགས་ལྡན་གང་གི་བྱིན་རླབས། གྲུབ་ཆེན་གང་གི་རྫུ་འཕྲུལ་རྣམས། གང་ལ་བསགས་ཏེ་ཅི་ལ་སྒུག་ནས་ད་དུང་བསྡད་ཡོད་པ་རེད་དམ། ང་ཚོ་ཚན་རྩལ་མཁས་པའི་རྣམ་དཔྱོད་ཀྱི་རྗེས་དཔག་དང་། གསལ་སྟོན་ཐུབ་པའི་དེང་རབས་ཀྱི་འཕྲུལ་ཆས་བརྒྱུད་གང་ལའང་བསྙེགས་ཐུབ་ཀྱིན་མེད་པ་ནི། དུས་རབས་ཀྱི་རྗེས་ལུས་ཕྱིན་པས་རེད་ལབ་ན་འགྲིག་མོད། སྐྱབས་སུ་མཆི་ཟེར་ནས་དུས་རབས་དང་དུས་རབས་བཅད་པའི་གྲུབ་འབྲས་དང་། གཞན་དང་མི་འདྲ་བའི་རྟགས་མཚན་བཟང་པོ་ཞིག་ཅི་འདུག་གམ།
མནོ་བསམ་རེ་གཏོང་དུས། ད་དུང་བོད་ཀྱི་ལྷ་སྲུང་དང་ཡུལ་ལྷའི་ཁྲོད་ན། དོལ་འདྲེ་ལྟ་བུའམ་སྤུན་མཆེད་ཁག་ཅིག་ལུས་ཡོད་མིན་འགྲོ་སྙམ།
མེས་པོའི་ཚེ་སྲོག་ང་དགུ་ལོའི་མེ་མདའི་སོ་ཁར་རྫོགས་སོང་ལ། སྤུན་ཟླའི་ཟུངས་ཁྲག་བརྒྱད་ཅུ་གྱ་དགུའི་ལོར་ཐང་ལ་ཕབ་སོང་། ད་རུང་ཉིས་སྟོང་བརྒྱད་ལོའི་རྫས་འདེལ་གྱི་ཁར་ནས་གངས་ཅན་པའི་རྣམ་ཤེས་བརྒྱ་ཕྲག་འགའ་འཇིག་རྟེན་འདི་ནས་བསྐྲད་སོང་། དེས་ཀྱང་གང་ནས་ཚད། ད་ལོའི་ལོ་ནག་འདིར་བོད་ཤར་ཕྱོགས་ཀྱི་ཡུལ་དུ་ས་ཡོམ་གྱི་གནོད་འཚེས། གྲངས་ཉུང་མི་རིགས་ཤིག་གི་མི་གྲངས་ཁྲི་ཚོ་ཡན་མན་ཞིག་ལྔ་ལམ་དུ་མངགས་སོང་ལ། ཤི་གསོན་ཐག་ཆོད་མེད་པའི་བོད་མི་ཁྲི་ཚོ་གཅིག་ལྷག་ཙམ་ཁྲག་དང་མིག་ཆུའི་ནང་ལ་ན་ཟུག་གིས་མནར་ནས་བཞག་ཡོད།
ངས་ཕྱོགས་གཅིག་ནས་བསམས་ན། གནམ་འོག་གི་ལས་ངན་བསགས་ནས་རྣམ་སྨིན་འཁོར་མཁན་དག་གངས་ཁྲོད་དུ་སྐྱེས་ཤིང་། རྩམ་པ་དཀར་པོས་མི་ཚེ་བསྐྱལ་དགོས་པ་རེད་དམ། བདག་གཞན་མཉམ་བརྗེ་སོགས་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་དགེ་ལེགས་དག ངེས་པ་དུ་མཐོ་སྒང་གི་རི་ངོས་ལས་ཡོངས་སུ་བརྒལ་ཏེ་ཕྱོགས་གཞན་ཞིག་ལ་སྨིན་དགོས་ཀྱིན་ཡོད་པ་རེད། གངས་ཅན་པའི་ལྷ་སྐལ་ལ་བྱིན་རླབས་དང་། མཆོད་མཆོད་པའི་ལྷ་སྲུང་ལ་མཐུ་རྩལ། ད་རུང་བསམ་པ་སེམས་བསྐྱེད་པའི་ཕན་ཡོན་སོགས་ད་ནི་ཇ་བཞིན་དུ་ཁོལ། ཆང་བཞིན་དུ་ལོང་ཡོང་རྒྱུ་ཡོད་ན་ཅི་མ་རུང་ཡ།
བོད་ཀྱི་ལོ་རྒྱུས་ནང་ད་ནས་བརྩིས་པའི་མི་ལྔ་བཅུ་ང་གཅིག་གི་ཡར་སྔོན་ལ། ཁྲལ་དང་བྲན་གཡོག་སྐུ་དྲག་དང་དཀྱུས་མའི་མི་ཚེ་སྟེ། ཆ་མི་མཉམ་པའི་འཚོ་བ་ཁོ་ནས་མི་ཚེ་ཕུད་འདུག་པ་ནི་སྔོན་མའི་འཛམ་བུ་གླིང་བ་དང་གཅིག་མཚུངས་རེད་འདུག དེ་ནས་བརྩིས་པའི་ད་ལྟའི་བར་དུ་རང་ས་དྲོན་མོ་དགྲ་ལག་ཤོར་ཤིང་། མེས་པོའི་ཚེ་སྲོག་བཙན་རྒྱས་བཅོམ་སྟེ། ཕ་བུ་སོ་སོར་གྱེས་ཤིང། མ་དང་བུ་མོ་གསོན་བྲལ་བྱས་ནས་ཁྲག་དང་མིག་ཆུས་ལོ་ཟླ་རིང་མོ་སྐྱེལ་བཞིན་ཡོད་པ་རེད།
སྐྱིད་ན་བདེ་སྐྱིད་མཉམ་དགོས་བོད་རིགས་ཡིན།།
སྡུག་ན་སྡུག་བསྔལ་མཉམ་དགོས་བོད་རིགས་ཡིན།།
ཤི་གསོན་བདེ་སྡུག་འོག་གི་མི་ལུས་ཁྲོད།།
ཟུངས་ཁྲག་བོད་ལ་འཁོར་བ་གཅིག་པ་ཡིན།།
འཆམ་ར་དྲི་མེད་རྒྱལ་མཚན་ལགས།
ལྷ་སྲུང་མ་ཟེར་བ་མེད། དེ་ང་ཚོ་བོད་པའི་སྔགས་པ་དང་བླ་མ་ཚོས་རྟོགས་བཟོ་བྱས་ནས་མི་དམངས་ལ་མགོ་སྐོར་གཏོང་ཆེད་ཡིན། སྔགས་པ་དང་བླ་མ་ཚོ་གཞན་ལ་མེད་པའི་ཡོན་ཏན་ཞིག་ཡོད་རྫུ་་འདོན་ཆེད། ལྷ་དང་སྲུང་མ་རྟོགས་བཟོ་བྱས་ནས་དེ་དག་ལ་བཀའ་བཀོད་གཏོང་ཁུལ་བྱས། དེ་ཁོང་ཚོས་མ་གཏོགས་བྱེད་མ་ཐུབ་པའི་རིག་གཞུང་བཟོས་ནས་ད་བར་བོད་མི་དམངས་ལ་མགོ་སྐོར་གཏོང་བཞིན་ཡོད། ཁྱོད་ལྟོས་དང་། ལྷ་དང་སྲུང་མ་ནུས་ཅན་ཡོད་ན། དང་པོ་ཁོང་ཚོའི་མགོ་པ་ཚོའི་སྲོག་དང་ཡུལ་སྐྱོབ་དགོས་ངེས། དེ་བྱུང་མ་སོང་ང་།
རྒྱལ་བ་རིན་པོ་ཆེ་ནོར་གླིང་ནས་བྲོས་ཕེབས་དུས། ལྷ་སྲུང་མས་དམར་དམག་བཀག་ཐུབ་མ་སོང་ང་། མཐའ་མ་རྒྱལ་བ་རིན་པོ་ཆེའི་སྐུ་སྲོག་སྐྱོབ་མཁན་དེ། རྟོགས་པ་མེད་མཁན། སྤྲུལ་སྐུ་མིན་མཁན། དགོན་པ་མེད་མཁན། བླ་བྲང་མེད་མཁན་གྱི་ཆོལ་བཞི་སྒང་དྲུག་གི་ཁམས་པ་དཀྱུས་མ་ལྷག་བསམ་ཅན་ཚོ་དང་། ལྷ་སའི་མང་ཚོགས་ཕལ་མ་རྣམས་མ་ཡིན་ནམ།
ལྷ་སྲུང་མ་རྣམས་ག་པར་འདུག ད་མི་ལྟོག་པར་སྐྱུག་པའི་རེ་བ་མ་བྱེད་པར། བསམ་བློ་ཡག་པོ་གཏོང་རན།
ང་ཚོ་ནང་ཆོས་གི་དོན་དག་ངོ་མ་ཤེས་པས་ལན།
བདེན་པ་བཞི། རྟེན་འབྲེལ། གོ་ན་འཁོར་བའོ་ཆོས་ཉིད་དེ་ཙམ་ལགས།
ས་ལ་ཆུ་སྐྱིལ། སའི་གཅུད་དབྱར་རྩ་དགུན་འབུ་འཐུས། ལྷ་འདྲེའི་སྙིང་གཡའ་ཀ་རེས་འཐུས།
ས་གཉེན་སྐོས། རྡོ་གཉེན་སློག ཆུ་གཉེན་སྐྲུག ཤིང་གཉེན་བཅད། ས་སྐྱེས་རྡོ་སྐྱེས་བོད་མི་དང་མཉམ་དུ་བྱུང་བའི་བཀའ་དྲིན་ཅན་གཡལ་ལུག་སྒོ་ཕྱུག་གཤས་ལ་ཕབ་མཐིང་ནག་སྦྲ་གུར་གཡུག ལོ་ངོ་སྟོང་ཕྲག་དུ་མའི་འདྲིས་གཞུང་སྒོར་མོ་ལ་རྗེས། མདོར་ན་རྟེན་འབྲེལ་ལོག་པའི་རྒྱུ་ལས་འབྲས་བུ་ངན་པ་བྱུང་བ་འདི་ཡང་ཤེས་དགོས། དེ་ཡང་རྩ་བ་རྒྱ་དམར་ལ་ཐུག་ཡོད།
ཟུར་གནས་ལགས་དང་།
མགོན་པོ་ལགས་
བཅས་ཕེབས་ནས་དཔྱད་གཏམ་སྤེབ་བ་མཐོང་སོང་།
བསམ་ཚུལ་སྤེལ་བ་མཐོང་སོང་། དགའ་བསུ་ཞུ།
བླ་མ་མངོན་ཤེས་འཐུ་པོ།།ཁ་བ་ཅན་ལ་མང་ཡང་།།
བོད་མི་འགག་ལ་ཐུག་དུས།།ལུང་བསྟན་སྟོང་པར་གཡེལ་སོང་།།
རྡ་སར་གནས་ཆུང་ཆོས་སྐྱོང་།།ལུང་བསྟན་འདྲ་མི་རྒྱག་ཀྱང་།།
བོད་མི་གནད་ལ་ཐུག་སྐབས།།གོ་རྒྱུ་ཚོར་རྒྱུ་མི་འདུག།
སྐྱེ་སྒུ་ཡུལ་མི་རྣམས་ཀྱིས།།འཇིགས་གྲོལ་ཨུ་རྒྱན་པད་མ།།
ཁ་ནས་འདོན་བཞིན་འདོན་བཞིན།།འཇིགས་པས་འོག་ཏུ་ཤི་སོང་།།
ལྷ་མིན་ལྷ་ལ་ནོར་བ།།ཆོས་མིན་ཆོས་ལ་འཁྲུལ་བ།།
ཆོས་གྲགས་ཚུལ་གསུམ་རིགས་པས།།ཐལ་བའི་རྡུལ་བཞིན་བཅོམ་དགོས།།