གླེང་སྟེགས་གྲོགས་པོ་རང་བྱུང་གིས་བྲིས།
༡ ས་ག་ཟླ་བའི་ནང་དུ་དགེ་སྡིག་གང་བྱས་འབུམ་འགྱུར་ཡིན་པ་ཡོངས་གྲགས་རེད། ཡིན་ན་ཡང་ང་ལ་དོགས་པ་ཞིག་ཡོད་པ་ནི། ?
དོགས་ལན། ལས་འབྲས་རྟེན་འབྲེལ་ནི། འཇིག་རྟེན་གྲགས་པར་སྤྱོད་པས་རྣམ་སྨིན་ཡང་དེ་བཞིན་མྱོང་ཚུལ་ཞིབ་བལྟས་མཐོང་བ་འདི་སྟོན་པ་ཐམས་ཅད་མཁྱེན་པའི་ལུགས་ཙམ་མིན་པར་འཇིག་རྟེན་རང་ལ་གྲགས་པ་ལྟར་གནས་སོ། ། འཇིག་རྟེན་གྲགས་པ་ཞེས་པ་དེ་གཏམ་ཙམ་མ་ཡིན། རང་བཞིན་ཡོངས་སུ་གྲགས་པ་དང་། ཆོས་ལུགས་དང་མི་རིགས་དང་རྒྱལ་ཁྲིམས་ཀྱིས་བཅོས་མར་གྲགས་པ་གཉིས་ཡོད་པ་ཡིན་ལ། མི་གསོད་པ་རྐུ་རྒྱབ་པ་ལོག་པར་གཡེམ་པ་བརྫུན་སྨྲ་བ་བཞི་པོ་ནི་རང་བཞིན་དང་བཅོས་མ་གཉིས་ཀས་འཇིག་རྟེན་ན་སྡིག་པར་གྲགས་ཡིན། དེ་ལས་ཟློག་པ་དགེ་བཟང་དུ་གྲགས་པ་ཡིན།
? དོགས་ལན།
ས་ག་ཟླ་བའི་འབུམ་འགྱུར་དོགས་སློང་། ཀླུ་སྨྱོན། གསན་རོགས། ས་ག་ཟླ་བ་ཙམ་མིན་པར་བརྒྱད་གནམ་གང་བཅོ་ལྔ་སོགས་སུ་མི་སྤྱི་སྒེར་ཚོས་དེ་དུས་དགེ་སྡིག་གི་ལས་བརྒྱ་འགྱུར་སྟོང་འགྱུར་འབུམ་འགྱུར་དུ་ལུགས་དང་མཐུན་པར་ཡིད་ཆེས་ཤིང་ཁས་ལེན་ན་དེ་བཞིན་བརྒྱ་འགྱུར་སོགས་སུ་ཡོང་བ་གོར་མ་ཆག་ལ། གང་ཞེ་ན། དུས་ཀྱང་ཕྱིའི་རྐྱེན་དང་འབྲེལ་བའི་རྟེན་འབྲེལ་ཙམ་མ་ཟད་ནང་གི་རྟེན་འབྱུང་དང་འབྲེལ་བ་ཡིན་ཏེ། དུད་འགྲོ་སོ་སོའི་སྒོ་ང་སྨིན་ཚུལ་དང་སྲོག་ཆགས་སོ་སོའི་དུས་ཐོག་སྐྱེ་ཚུལ་མི་འདྲ་བ་དང་སྙོམས་འཇུག་གཉིས་ཀྱི་ལྡང་སེམས་འཇུག་སེམས་ལ་རག་ལས་པ་དང་རིགས་སྔགས་ཀྱིས་བྱས་པའི་རྡོ་བྲག་གི་ནུས་པ་ཡུན་རིང་ཐུང་དྲང་སྲོང་གིས་བྱིན་གྱིས་བརླབས་སེམས་ལ་རག་ལས་པའི་ཕྱིར་རོ། །ལུང་ལས། ཚོགས་ཞིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །སྡོམ་པའམ་སྲོག་མི་གཅོད་པར་ཁས་ལེན་ནས་བཅད་ན་སྡིག་གམ་ཉེ་བ་ཆེ་བ་ཡོང་བ་ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉིས་ཆར་ལ་གྲགས་པ་ལྟར་ཏེ། ཚེ་བཟང་དུས་བཟང་ཡང་སྐྱེ་འགྲོ་སྤྱི་སྒེར་གྱི་མཐུན་སྣང་གི་ཁས་ལེན་རག་ལས་པས་སོ། །
༢ ལྷ་སའི་རྩི་ལུགས་ཀྱི་ས་ག་ཟླ་བ་དང་ཨ་མདོའི་རྩི་ལུགས་ཀྱི་ས་ག་ཟླ་བ་གཉིས་སྔ་ཕྱི་བྱས་ནས་ཡོང་གི་ཡོད་པས། ཨ་མདོའི་ས་ག་ཟླ་བའི་ནང་ལྷ་སར་སྡོད་པའི་མི་ཞིག་གིས་དགེ་སྡིག་གང་བྱས་འབུམ་འགྱུར་ཡིན་ནམ། གལ་སྲིད་མིན་ན། ཨ་མདོའི་ས་ག་ཟླ་བའི་ནང་ཨ་མདོའི་མི་ཞིག་ལྷ་སར་སོང་ན་དེས་དགེ་སྡིག་གང་བྱས་འབུམ་འགྱུར་ཡིན་ནམ།
? དོགས་ལན།
ལྷ་དང་ཨ་གཉིས་ཟླ་བ་མ་མཐུན་ཡང་ཨ་མདོའི་ས་ག་ཟླ་བའི་ནང་ལྷ་སའི་མི་ཨ་མདོའི་ལུགས་ཁས་ལེན་ན་དགེ་སྡིག་གང་བྱས་འབུམ་འགྱུར་ངེས་ཤིང་རང་གིས་ཁས་ལེན་དེའི་རྗེས་སུ་འབྲངས་པའི་ཕྱིར། དེ་བཞིན་ལྷ་སའི་ས་ག་ཟླ་བའི་ནང་ཨ་མདོའི་མིས་ཁས་ལེན་པ་དེ་ལྟར་རོ། །རྙིང་མ་ཡང་ཡིན་ས་སྐྱ་ཡང་ཡིན་ཟེར་བ་ལྟར་ལྷ་ཨ་གཉིས་ཀ་ཁས་ལེན་ན་འདོད་འདུན་སེམས་པ་དེའི་རྗེས་སུ་འབྲངས་དགོས་སོ། །དུས་རང་ངོ་ནས་ཁྱད་པར་འགྱུར་ནུས་མིན་ཀྱང་ལུགས་གང་གི་དུས་བཟང་རྩིས་པའི་སྐབས་དེར་ལས་གང་བྱས་པ་དེ་ཉིད་ལ། གང་ཟག་སྤྱི་སྒེར་སུ་ཡིན་རུང་དེ་རིང་དེ་ལྟར་བྱའོ་སྙམ་པས་བསམ་པ་སེམས་བསྐྱེདཔ་དང་། ཡིད་སྨོན་པས་སྨོན་ལམ་འདེབས་པ་དང་། འདུན་པ་དྲག་པོས་གསོལ་བ་འདེབས་པ་དང་། ཁས་ལེན་པས་དམ་བཅའ་བརྟན་པ་དང་། རྗེས་ཡོངས་བསྔོའི་དམིགས་རྣམ་ཁྱད་པར་ཅན་དུས་སྐབས་དེར་དོ་སྣང་གིས་ཟིན་པས་སོ། །
༣ དེ་བཞིན་སྐབས་རེར་ཟླ་ཤོལ་འབྱུང་གི་ཡོད་པས་གལ་སྲིད་ས་ག་ཟླ་བའམ་བོད་ཟླ་བཞི་པ་གཉིས་ཡོད་ན་ཟླ་བ་ཉིས་ཆར་དགེ་སྡིག་འབུམ་འགྱུར་ཡིན་ནམ་ཡང་ན་ཟླ་བ་གཅིག་གི་རིང་ལ་འབུམ་འགྱུར་ཡིན།
? དོགས་ལན།
འདི་ལ་དམིགས་གསལ་ཚེས་ཆད་ལྷག་རྩིས་ཚུལ་ལྟར་བཤད་ན། ཆད་པའི་སྔོན་དང་ལྷག་པའི་རྗེས་ཉིན་རྩིས་ཚུལ་ལྟར་ས་ག་ཟླ་བ་གཉིས་ཡོད་ན་རྗེས་མ་ཟླ་བ་དེ་རྩིས་དགོས་པ་འཇིག་རྟེན་དུ་རྩིས་གཞུང་གི་རྗེས་སུ་འབྲངས་དགོས་སོ། །སྔོན་གྱི་ཕ་མེས་རྒན་རབས་ཀྱི་ལུགས་སོ། །
༤ ཡང་ས་ག་ཟླ་བའི་འབུམ་འགྱུར་འདི་བོད་ཡུལ་གཅིག་པོ་ཡིན་ནམ་ཤར་ཕྱོགས་ཡིན། ཡང་ན་སའི་གོ་ལ་ཧྲིལ་བོར་ཡིན།
? དོགས་ལན།
ཡུལ་དུས་དང་བསྟུན་པའི་ལུགས་སྲོལ་ཡིན་པས། རིང་གཞུང་གི་ལུགས་སྲོལ་དེ་ཚུལ་བཞིན་ཁས་ལེན་ཅིང་སྤྱོད་པའི་མི་དེ་གང་ན་ཡོད་པ་དེ་ངོར་ལས་དེ་ཆགས་སྲིད་པ་ཡིན་ལ། དེ་མིན་མ་ངེས་ཏེ། དཔེར་ན་ལྷ་སར་སྡོད་པའི་ཁ་ཆེ་བ་དང་བོན་པོ་ཚོ་སོགས་ལ་ལས་འགྱུར་དེ་འབྱུང་མི་སྲིད་ཅིང་ལུགས་དེ་ཁས་ལེན་པ་མེད་པའི་ཕྱིར་རོ། །
༥ འབུམ་འགྱུར་འདི་འགྲོ་བ་མི་གཅིག་པོར་ཡིན་ནམ་ས་སྟེང་གི་སྲོག་ཆགས་ཚང་མར་ཡིན།
? དོགས་ལན།
འབུམ་འགྱུར་འདི་འགྲོ་བ་མི་གཅིག་པུ་ལས་གཞན་ལ་འབྱུང་བ་མི་སྲིད་པ་ལྟ་བུ་ཡིན། མིའི་ཞོར་དུ་སེམས་བསྐྱེད་དང་སྨོན་ལམ་མཐུས་མི་དང་འབྲེལ་བའི་དུད་འགྲོའི་རིགས་དགའ་ལའང་དགེ་སྡིག་ལས་འགྱུར་ཆེན་ཡོངས་སྲིད་དེ། དཔེར་ན་རྟ་ཅང་ཤེས་བཞོན་ནས་གཡུལ་དུ་འཇུག་པ་དང་མཆོད་རྟེན་བསྐོར་བས་བ་མར་མཆོད་མེ་ཕུལ་པའི་འབྲེལ་ཐོག་ལ་སེམས་བསྐྱེད་མོས་འདུན་གསོལ་སྨོན་ཡོངས་བསྔོས་ཁྱད་པར་ཅན་དང་འབྲེལ་འབུམ་འགྱུར་འབྱུང་སྲིད་པའི་ཕྱིར། དཔེར་ན་ཞོར་ཉམ་བྱུང་སྲིད་ན་ཞོར་དགེ་ཡང་བྱུང་མི་སྲིད་པ་མ་ཡིན་ནོ། །
༦ སྐབས་འདིའི་དགེ་སྡིག་འབུམ་འགྱུར་འདི་ནང་པ་གཅིག་པོར་ཡིན་ནམ་ཆོས་དད་པ་གཞན་དག་ཚོར་ཡང་ཁྱབ་ཡོད་དམ།
? དོགས་ལན།
སྐབས་འདིར་སྟོན་པ་ཐུབ་དབང་སྐུ་བལྟམས་པ་དང་སངས་རྒྱས་པ་དང་མྱ་ངན་ལས་འདས་པ་སྟེ་དུས་བཟང་གསུམ་ཚོགས་ཡིན་པས། ནང་པའི་འགྱུར་ཆེན་ཁས་ལེན་པའི་མི་རིགས་འགའ་དང་དེའི་ཆར་རམ་ཕྱོགས་སུ་གཏོགས་པ་ལ་ལས་དེ་ཆགས་སྲིད་པ་ཡིན་ལ། ཆོས་སྡེ་གཞན་གྱིས་ཁས་མ་ལེན་ཅིང་དེའི་ཆར་རམ་ཕྱོགས་སུ་མ་གཏོགས་པ་ལ་ལས་དེ་ཆགས་མི་སྲིད་པའི་ཕྱིར་རོ། །
༧ ས་ག་ཟླ་བ་དང་དགེ་སྡིག་གི་འཕེལ་འགྲིབ་ལ་འབྲེལ་བ་གང་ཡོད་དམ།
? དོགས་ལན། ངེས་དོན་དོན་ལ་བརྟོན་པའི་ལན། དུས་བཏགས་ཡོད་ཡིན་ཅིང་ལྡན་མིན་དུ་གཏོགས་ཤིང་དུས་རྫས་སུ་མ་གྲུབ་པས་ངེས་པའི་དོན་ལ་འབྲེལ་བ་ཡང་བཏགས་ཡོད་ཡིན་པར་ཚད་གཞུང་ལས་གསུངས་སོ། །དྲང་དོན་བརྡ་ལ་བརྟོན་པའི་ལན། གཅེར་བུ་པ་ནང་བཞིན་ཐམས་ཅད་དུས་ཀྱིས་བྱས་པར་མི་བཤད་ཀྱང་། དུས་ནི་དངོས་པོ་རྐྱེན་དང་འབྲེལ་བའི་ཆོས་ཞིག་ཡིན་ཏེ། དངོས་པོ་སྐྱེས་ནས་འགགས་པ་འདས་པ། དངོས་པོ་མ་སྐྱེས་ལ་མ་འགགས་པ་མ་འོངས་པ། དངོས་པོ་སྐྱེས་ལ་མ་འགགས་པ་ད་ལྟ་བ། དུས་གསུམ་འགྱུར་མེད་ལ་ཆོས་ཉིད་ཀྱི་དུས་ཞེས་བཤད་སྲོལ་ཡོད་ཀྱང་། ཆོས་ཅན་དུས་གསུམ་དེ་མི་ཀུན་དང་རྩིས་གཞུང་དང་མཐུན་པར་གསོ་དབྱར་སྟོན་དགུན་བཞིས་འགྱུར་ལྡོག་ཀུན་མི་ཀུན་ལ་མཐུན་སྣང་དུ་གྲུབ་ན། དེ་བཞིན་ས་ག་ཟླ་བ་ཡང་དུས་བཟང་དུ་ཁས་ལེན་པའི་མི་རིགས་ཆར་ཕྱོགས་གཏོགས་པ་ལའང་རང་སྣང་རྟེན་བྱུང་གི་འབྲེལ་བ་འགྲུབ་དགོས་པ་ཆོས་ཉིད་དོ། །རང་བཞིན་ཀུན་ལ་ནི་མ་ཡིན་ནོ། །
༨ དགེ་སྡིག་འཕེལ་འགྲིབ་དང་ཕྱི་རོལ་གྱི་གཟའ་སྐར་ལ་འབྲེལ་བ་ག་རེ་ཡོད་དམ།
? དོགས་ལན།
དེ་ཡང་དྲི་ལན་བདུན་པར་སྨོས་པ་བཞིན་ཕྱི་རོལ་པ་ལའང་རང་སྣང་ཡུལ་དུས་མི་རིགས་ཀྱི་ལུགས་སྲོལ་དང་མཐུན་པར་འབྲེལ་བ་ཆགས་ཚུལ་ཡང་གོང་བཞིན་ནོ། །
༩ དགེ་སྡིག་གི་འཕེལ་འགྲིབ་དང་གང་ཟག་རང་རང་གི་ལུས་ཀྱི་རྩ་རླུང་བར་འབྲེལ་བ་ག་རེ་ཡོད་དམ།
? དོགས་ལན།
དགེ་སྡིག་དང་རང་ལུས་ཀྱི་རྩ་རླུང་བར་ཚེ་སྔ་ཕྱི་བར་གསུམ་ལ་བལྟོས་ནས་ཕན་ཚུན་རྒྱུ་འབྲས་ཀྱི་འབྲེལ་བ་བྱུང་ཚུལ་ཟབ་མོ་ནང་དོན་དང་དུས་འཁོར་དང་ཨ་ནུ་ཡོ་གའི་རྒྱུ་སྡེ་སོགས་ཐོས་བསམ་བྱས་ན་རྙེད་ངེས་མ་བྱས་ན་མི་རྙེད་པ་དགེ་བའི་བཤེས་གཉེན་ཚུལ་དང་མཐུན་པར་བསྟེན་ནས་གསན་བསམ་ཟབ་རྒྱས་གནང་དགོས་རང་རེའི་སྔ་འགྱུར་བ་ཚོས། རྒྱུད་ལུང་མན་ངག་སྡེར་ཞིབ་པུ་ཡོད་མདོག་མདོག་སྣང་ཚུལ་མང་ཡང་དོན་དངོས་གསན་བསམ་མཛད་ནས་ཡོད་པའི་ཡོད་ཚུལ་ངོ་ཤེས་པ་ཧ་ཅང་དཀོན་ལ། འཇམ་མགོན་མི་ཕམ་པས་དུས་འཁོར་གྱི་འགྲེལ་པ་སྲིད་ན་རྙེད་དཀའ་བ་ཧ་ལས་དགོས་པའི་གཞུང་པོད་ཆེན་གཉིས་ཡོད་ཀྱང་འཆད་ཤེས་མཁན་ཉན་ཤེས་མཁན་ག་ཚད་འདུག་སྔ་འགྱུར་བ་ཚོ་ངོ་ཚ་དགོས་པ་ཞིག་འདུག ཧ་ཧ་ཧ། ཐབས་ལམ་གང་ན་ཡོད་འཚོལ་དགོས་སོ། །
༡༠ དགེ་སྡིག་ཞེས་པ་འདི་ངའི་ལུས་ཀྱི་གསེང་ན་ཡོད་དམ། ཡང་ན་སེམས་ཀྱི་སྟེང་ན་ཡོད་དམ། ཡོད་ན་ཡོད་ལུགས་ཇི་ལྟར་ཡིན།
? དོགས་ལན་བཅུ་པ།
དགེ་སྡིག་དེ་ལུས་སེམས་གཉིས་ཀ་དང་འབྲེལ་ཏེ། འབྲས་བུ་ལུ་ཚོར་དང་སེམས་ཚོར་གཉིས་པོས་སྐབས་འགར་སོ་སོར་དང་སྐབས་ལ་ལར་ཐུན་མོང་དུ་བདེ་སྡུག་མྱོང་བའི་ཕྱིར། དེས་དཔག་པས་དེའི་རྒྱུ་དབང་ཤེས་ཀྱི་སེམས་པ་དང་ཡིད་ཤེས་ཀྱི་སེམས་པ་གཉིས་པོས་སྐབས་འགར་སོ་སོར་དང་སྐབས་ལ་ལར་ཐུན་མོང་དུ་ལས་གསོག་ཚུལ་ཤེས་སོ། །དཔེར་ན་སེམས་པ་གཉིས་པོ་ལ་གོས་ལ་ཙནྡན་དང་རྔུལ་གྱི་དྲི་བཞིན་དུ་བྲལ་རུང་གི་ཚུལ་ཡོད་དོ། །
༡༡ དགེ་སྡིག་གི་ཟད་སྟངས་ག་འདྲ་ཡིན། དགེ་སྡིག་འཕེལ་སྟངས་ག་འདྲ་ཡིན།
? དོགས་ལན་བཅུ་གཅིག
དགེ་སྡིག་ཟད་སྟངས་ནི་འདོད་པའི་ཁམས་སུ་མི་དགེ་བ་བཅུ་ལས་ལོག་ལྟ་ཆུང་རིམ་ནས་སྐྱེས་ཏེ་འཕེལ་བས་དགུ་པ་ཆེན་པོའི་ཆེན་པོ་སྐྱེས་པའི་ཚེ་དགེ་རྩ་ཆུང་ངུའི་ཆུང་ངུ་ཡང་ཟད་པས་ན། སེམས་ཅན་དེ་ལ་སྦྱོར་བྱུང་མ་ཟད་སྐྱེ་ཐོབ་ཀྱི་དགེ་རྩ་ཡང་ཆད་པ་ཞེས་པའི་ཐ་སྙད་ཐོབ་པ་འདི་ཉིད་ཆོས་མངོན་པའི་ལུགས་སུ་འབྱུང་ངོ་། །སེམས་ཅན་དེ་ཉིད་མནར་མེད་པའི་དམྱལ་བར་སྐྱེས་བ་དང་སྐྱེ་བས་ཐོབ་པའི་དགེ་རྩ་ཉིང་མཚམས་སྦྱོར་བ་ནས་བཟུང་སྡུག་བསྔལ་དེ་ཉིད་སྔོན་ལས་ལས་བྱུང་བར་དྲན་སྟོབས་ཀྱིས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེས་ཏེ་དཀོན་མཆོག་འཚོལ་ཞིང་ཐོས་བསམ་སྒོམ་པའི་སྦྱོར་བྱུང་དགེ་བ་རིམ་གྱིས་འཕེལ་སྟོབས་ལས་འདོད་པའི་ཁོང་ཁྲོ་སོགས་ཟད་པའི་ཚེ་སྡིག་པ་མི་དགེ་བ་ཟད་པའོ། །དེ་ནས་ཁམས་གོང་མ་གཉིས་ཀྱི་སྒྲིབ་ལ་ལུང་མ་བསྟན་གྱི་ཉོན་མོངས་ཟད་པ་དང་ཉོན་སྒྲིབ་ཟད་པའོ། །དེ་ནས་གཉེན་པོ་ཞི་ལྷག་རིམ་གྱིས་འཕེལ་སྟོབས་ཀྱིས་སྙོམས་འཇུག་རྣམ་ཐར་ཟིལ་གནོན་ཟད་པར་གྱི་སྐྱེ་མཆེད་རྩལ་རྫོགས་པ་ན་སྙོམས་འཇུག་གི་སྒྲིབ་པ་ཡང་ཟད་འགྲོ་བ་ཡིན་ནོ། །དེ་ནས་ལྷག་མཐོང་སྟོབས་དང་ལྡན་པའི་ཞི་གནས་ཏིང་འཛིན་རྒྱལ་པོས་ཤེས་བྱའི་སྒྲིབ་པ་ཡང་ཟད་པར་བྱས་སོ་ཞེས་སྨོས་སོ། །དེ་ཡང་སྤྱོད་འཇུག་གཟིགས་ཉུང་ན། འབྲས་བུ་འབྱིན་པས་མི་ཟད་འཕེལ་པར་འགྱུར། །ཞེས་དང་། རྣམ་འབྲེལ་ལེའུ་གཉིས་པར། མཆོངས་དང་ཆུ་དང་གསེར་སོགས་ཀྱི་དཔེ་ཤེས་དགོས་སོ། དཔལ་རོང་ཟོམ་ཆེན་པོས་ལས་དགེ་སྡིག་གཉིས་ཀ་སེམས་ཀྱི་བག་ཆགས་བཟང་ངན་ཙམ་གྱིས་སེམས་ཉིད་སྟོང་གསལ་སྣང་བ་ལ་བསྒྲིབས་པའོ། །སྤྲིན་དཀར་ནག་གཉིས་ཀས་ཉི་མཁའ་ལ་བསྒྲིབས་པར་གསུངས་སོ། །
༡༢ དགེ་སྡིག་ཅེས་པ་ནི་འོད་ལྟ་བུ་ཞིག་ཡིན་ནམ། ཡང་ན་རླུང་ལྟ་བུ་ཞིག་ཡིན།
? དོགས་ལན་བཅུ་གཉིས་པ།
འདི་ནི་གསུངས་རབས་ལ་ཐོས་བསམ་རྣལ་མར་མ་ཞུགས་པའི་དྲི་བ་དང་འདྲ་སྟེ། འོད་ལྟ་བུ་ཡིན་ན་མིག་མེད་དང་ལུས་མེད་གཟུགས་མེད་ལ་ལས་གཏན་ནས་མི་སྣང་བའམ། རླུང་ལྟ་བུ་ཡིན་ན་བསམ་གཏན་བཞི་པ་ཡན་ལ་ལས་གཏན་ནས་མི་སྣང་བར་འགྱུར་རོ། །ལས་རླུང་ཞེས་པ་སྔགས་རྒྱུད་དུ་བཤད་པ་ཡོད་མོད། སྦྱང་གཞི་རང་བཞིན་དཀྱིལ་འཁོར་ལ། སྦྱང་བྱ་ལས་རླུང་ལས་གྲུབ་པའི་སྣང་གསུམ་དེ་ཉིད། སྦྱོང་བྱེད་ཐབས་ལམ་རྩ་རླུང་ཐིག་ལེ་གནད་དུ་བསྣུན་པ་ལས་ལས་རླུང་གི་འབར་འཛག་དབུ་མར་བཅིངས་སྟོབས་ཀྱིས། སྦྱང་འབྲས་བདེ་ཆེན་ཡེ་ཤེས་བཙན་ཐབས་སུ་མངོན་དུ་གྱུར་པ་ལ་སྣང་བ་ཐམས་ཅད་ཆོས་ཉིད་དུ་ཐིམ་པའམ་ཟད་པ་ཞེས་པའི་ཐ་སྙད་དོ། །ལས་རླུང་གི་ཀུན་རྟོག་བཞོན་པ་བསད་ཅེས་པའ་གསུངས་མོད། མདོ་རྒྱ་ཆེར་རོལ་པ་ལས། ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས། །ཞེས་པ་ཡང་བྱུང་ངོ་། །
༡༣ ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་དགེ་སྡིག་བག་ཆགས་ཕོར་བའི་ནང་དུ་ཆུ་བླུགས་པ་བཞིན་ཡོད་དམ།
? དོགས་ལན་བཅུ་གསུམ་པ། ཕོར་པའི་ནང་དུ་ཆུ་བླུགས་པ་ལྟ་བུ་དང་། ཙམ་པའི་ནང་དུ་ཇ་འཛུལ་པ་ལྟ་བུ་དང་། རྩ་རི་ཤིང་ནགས་སུ་དུག་དང་སྨན་གྱི་རྩ་ཤིང་ལྟར་སྐྱེས་པ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན། ཁྲག་གི་ནང་དུག་བཞུགས་པའམ། ཆུ་ཡི་ནང་དུ་འོ་མ་བཞུགས་པའམ། རྒྱ་མཚོའི་ནང་དུ་ཚྭ་བཞུགས་པ་ལྟ་བུར་ཐ་དད་དུ་མི་མངོན་ཡང་བྲལ་རུང་དུ་གནས་སོ། །རྒྱུད་བླ་མར། ཉེས་པ་གློ་བུར་དང་ལྡན་ཕྱིར། །ཡོན་ཏན་མི་ཟད་པ་ལྡན་ཕྱིར། །ཞེས་གསུངས་སོ། །
༡༤ དེ་དང་ཚུལ་མཐུན། སྔོན་རྒྱ་གར་ཝ་ཎའི་མཐོ་སློབ་ཏུ། མི་ཆུང་ཞིག་གིས་མི་ཆེན་ཞིག་ལ་དྲི་བ་བཀོད་པ། མི་ཆུང་དེས་ཆོས་སྲིད་ཟུང་འབྲེལ་ཟེར་བ་དེ་སྲིད་ཀྱི་ནང་དུ་ཆོས་འཛུལ་བ་ཡིན་ནམ། ཆོས་ཀྱི་ནང་དུ་སྲིད་འཛུལ་བ་ཡིན་ཅེས་ཡར་དྲིས་པ་ལ། མི་ཆེན་དེས་ལན་ཐད་ཀར་མ་བཏབ་པར། ང་ཚོ་བོད་མིས་པག་བཟའ་བའི་ཚེ་ཙམ་པའི་ནང་དུ་ཇ་འཛུལ་བ་ཡིན་ནམ། ཇ་ཡི་ནང་དུ་ཙམ་པ་འཛུལ་བ་ཡིན་ཅེས་མར་དྲིས་བྱུང་བ་ཡིན། མི་ཆུང་དེ་བཙན་པོ་རིགས་ལུགས་གོམས་ཆེ་བ་ལས་ལན་དོན་མཐུན་ཞིག་བཏབ་མ་ཐུབ་པར་ལན། དོན་གནས་ཚུལ་ནས་བཤད་ན། སྲིད་ཀྱི་ནང་དུ་ཆོས་འཛུལ་ན་དུག་སྨན་དུ་བསྒྱུར་པ་དང་བྱེད་པ་གཅིག་པ་དང་། ཆོས་ཀྱི་ནང་དུ་སྲིད་འཛུལ་ན་སྨན་དུག་ཏུ་བསྒྱུར་པ་དང་བྱེད་པ་མཐུན་པ་ཡིན་ལ། གང་ཞེ་ན། ཕྱི་ལྟར་སྲིད་གཟུགས་ཀྱི་སེམས་ནང་དུ་ཆོས་འཛུལ་ན་སྔོན་གསེར་དངུལ་ཟངས་ལྕགས་ཀྱི་འཁོར་བསྒྱུར་དང་། རྒྱ་གར་དུ་དྷརྨ་ཨ་ཤོག་ཨིནྡྷར་བོདྷི་སོགས་དང་། བོད་དུ་མེས་དབོན་རྣམ་གསུམ་དང་། དེང་དུས་འབྲུག་རྒྱལ་པོ་དང་། ཐའི་ལཱན་རྒྱལ་པོ་སོགས་ལ་བལྟས་པས་ཤེས་རྟོགས་བྱུང་ལ། ཕྱི་ལྟར་ཆོས་གཟུགས་ཀྱིས་སེམས་ནང་དུ་སྲིད་འཛུལ་ན་བསྟན་པ་འགོ་ནས་སམ་ནང་ནས་ཤིག་པ་དངོས་ཡོད་ལག་ལེན་གནས་པ་མཐོང་ཆོས་སོ། །
ཀླུ་སྨྱོན་གྱི་འབུམ་འགྱུར་གྱི་འདྲི་བ་དེས་ངའི་ས་ག་ཟླ་བའི་འབུམ་འགྱུར་གྱི་རེ་བ་དེ་ལ་འདྲི་བ་ཞིག་བསྐོན་ནས། སྔར་ལྟར་དགེ་བ་སྨིན་པོ་ཞིག་བསགས་ཐུབ་མ་སོང་། ཁྱེད་ཀྱི་འདྲི་བ་འདི་ངོ་མ་སྙིང་རྩ་འཁྲུག་དགོས་པ་ཞིག་ཏེ། སྔོན་ནས་ད་བར་བསམ་བློ་མི་གཏོང་བར་ཅལ་ཅོལ་གྱི་རྗེས་སུ་རྒྱུགས་པར་ལན། ངོ་མ་རེད། འབུམ་འགྱུར་དང་འགྱུར་སྔགས་ལྟ་བུ་ཇི་ལྟར་འཇོག་དགོས་སམ།
གོང་གི་ལན་དེ་ཚོ་ཡང་གནད་ཐིག་པོ་ཞིག་མ་རེད། ངས་ཚན་རིག་ནས་འདི་ལ་ལན་ཞིག་ཨེ་ཐུབ་བཙལ་བ་ཡིན་པས་ས་ག་ཟླ་བའི་སྐོར་ལ་བརྙེད་རྒྱུ་མིན་འདུག་རུང་། ཉ་རྒྱས་སམ་བོད་ཚེས་བཅོ་ལྔའི་སྐབས་ཀྱི་གནས་ཚུལ་ཚན་རིག་གི་འགྲེལ་བཤད་འགའ་ཤས་འདུག
འདི་ལྟར་ཏེ། ཟླ་བ་ཉ་རྒྱས་པ་འམ། བོད་ཚེས་བཅོ་ལྔའི་སྐབས་ལ། ཟླ་བའི་གོ་ལ་ས་གཞི་རིལ་མོར་ཐག་ཉེ་བོར་བཅར་སྟབས། ཟླ་བའི་ཕུང་པོའི་སྟེང་གི་རྡུལ་རྫས་ཏེ། Mercury འམ་ཡང་ན་ལྕགས་ཁམས་མཐུག་པའི་དངུལ་ཆུ་དེ་ས་གཞི་རིལ་མོའི་འཐེན་ཤུགས་ཀྱིས་ལྕགས་ཁམས་དེ་རྒྱ་མཚོ་དང་ས་གཞིའི་མཁའ་རླུང་ལ་བཞུགས་ཏེས་དེས་མི་དང་སྲོག་ཆགས་ཀྱི་ལུས་ཁམས་ལ་ཤུགས་རྐྱེན་སྤྲོད་པར་བྱེད་ཟེར།
དཔེར་ན། ཡུ་རོབ་ལ་ཟླ་བ་ཉ་གང་བའི་དགོངས་མོ་མི་མང་པོ་སེམས་ཁམས་མི་བདེ་བར་གྱུར་ནས་སྤྱི་ཚོགས་ནང་ལ་ཟང་ཟིང་མང་པོ་བྱུང་སྟབས། དེ་དག་ལ་Lunatic ཟེར། lunaཟེར་ན་ཟླ་བ་ཟེར་བ་དང་། ཟླ་བའི་སྨྱོ་ནད་ཟེར། ལོ་རྒྱུས་ཐོག་ལ། ཕ་རན་སི་དང་དབྱིན་ཇིའི་དབང་སྒྱུར་བ་ཚོས། ཟླ་བ་ཉ་གང་བའི་སྐབས་ལ་བཙོན་ཁང་དང་དམག་ཁང་ལ་དམིགས་བསལ་དོ་དམ་བྱས་ནས་སྤྱི་ཚོགས་ལ་ཟང་ཟིང་མི་ཡོང་བར་བྱེད། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི། ཟླ་བ་ཉ་གང་བའི་དགོངས་མོར་སྤྱི་ཚོགས་ནང་ལ་རྒྱུན་གཏན་མིན་པའི་གནས་ཚུལ་མང་པོ་བྱུང་བས་སོ། ཁྱེད་ཅག་དབྱིན་ཡིག་ཤེས་མཁན་རྣམས་ཀྱིས། Lunatic Asynlum ཟེར་བའི་ལོ་རྒྱུས་དེ་ཚོར་གཟིགས་དང་། ཚེས་བཅོ་ལྔའི་སྐབས་ཀྱི་གནས་ཚུལ་མང་པོ་འདུག
དཔེར་ན་ཝི་ཀི་རིག་མཛོད་ཀྱིས་དེའི་སྐོར་ལ་འགྲེལ་བརྗོད་འདི་ལྟར་བྱས་འདུག
http://en.wikipedia.org/wiki/Lunatic
“The term lunatic derives from the Latin lunaticus which originally referred mainly to epilepsy and “madness” as diseases caused by the Moon.[3] By the fourth and fifth centuries astrologers began to commonly use the term to refer to neurological and psychiatric diseases.[3] Philosophers such as Aristotle and Pliny the Elder argued that the full Moon induced insane individuals with bipolar disorder by providing light during nights which would otherwise have been dark, and affecting susceptible individuals through the well-known route of sleep deprivation.[4] Through at least 1700 it was also a common belief that the Moon influenced fevers, rheumatism, episodes of epilepsy and other diseases.[5]”
དེ་བཞིན་དེང་གི་ཚན་རིག་པ་ཚོས་བཤད་རྒྱུར། ཟླ་བའི་ནང་གི་དངུལ་ཆུ་དེས་མིའི་ཁྲག་གཤེད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ནས། ཁྲག་ཕར་ཆག་རྒྱུན་གཏན་མིན་པར་རྒྱུགས་པས་དེས་མིའི་སེམས་ཁམས་ལ་གཡོ་འགུལ་ཐེབས་ཟེར།
གང་ལྟར་གནས་ཚུལ་དེ་དག་ལ་བརྟེན་ནས། ཉ་གང་བའི་ཉིན་མོ་མི་མང་པོར་སེམས་ཁམས་ལ་འགྱུར་བ་བྱུང་ནས་མིའི་ཀུན་སྤྱོད་ལ་ཤུགས་རྐྱེན་ཐེབས་སྟབས། ངའི་བསམ་ཚུལ་ལ། ཆོས་པ་རྣམས་ཀྱིས་དེའི་སྐོར་ལ་འགྲེལ་བཤད་རྒྱག་མ་ཐུབ་སྟབས། ཉ་གང་ལ་ཆོས་བྱས་ན་དགེ་བ་ཕར་མ་ཡོད་ཚུལ་གསུངས་ནས་སྐྱེ་བོ་རྣམས་ཀྱི་སྡིག་སྤྱོད་སྡོམ་ཐབས་བྱེད་པ་མིན་འགྲོ་སྙམས།
སྔོན་མ་ཨ་རིའི་བཙན་གཡེམ་ཞིབ་འཇུག་མཁན་ཞིག་གིས། གྲོང་ཁྱེར་ལོ་སི་ཨན་ཇི་ལིའི་ཉེན་རྟོག་པ་ཚོས་བཤད་རྒྱུར་མི་གསོད་དང་བཙན་གཡེམ་གྱི་འགྱོད་གཞི་མང་ཆེ་བ་ཉ་གང་བའི་དགོངས་མོ་ཡོང་བཞིན་འདུག་ཟེར། རྒྱུ་མཚན་དེར་བརྟེན་ནས། ཉ་གང་བའི་དགོངས་མོ་ལོ་སི་ཨན་ཇི་ལིའི་གྲོང་ཁྱེར་གྱི་ཉེན་རྟོག་པར་ལས་ཀ་ཆུ་ཚོད་འཕར་མ་སྤྲོད་སྲོལ་འདུག་ཟེར། ཞིབ་ཕྲ་ཡིག་ཆ་བརྙེད་ན་འབུལ་རྒྱུ་ཡིན།
དེ་བཞིན་ང་རང་ལ་མཚོན་ན། ཉ་གང་བའི་དགོངས་མོ་ཆགས་པ་ཤུགས་ཆེ་བ་འཕེལ་བ་དང་། གློག་བརྙན་སོགས་ལ་ཆགས་པའི་བྲོ་བ་ཐན་ཐུན་ལས་མེད་རུང་། རང་ལུས་ལ་ཚོར་ཤུགས་ཆེན་པོ་ཡོང་བར་བྱེད།
ང་ཚོ་ནང་པ་ཚོ་ལ་ཡང་གོང་གི་ཕྱི་སྣོད་ཀྱི་འགྱུར་བ་ལས་ནང་སེམས་ལ་འགྱུར་བ་བྱུང་བ་ཤེས་ནས། ཚེས་བཅོ་ལྔ་ལ་དགེ་སྡིག་གང་བྱས་རུང་ཤུགས་ཆེ་བར་ངོས་འཛིན་བྱུང་བ་ཨེ་ཡིན།
ཟླ་བའི་དཀར་ཆའི་འཕེལ་རིམ་དང་བསྟུན་ནས་སྐྱེས་པ་ཕོའི་ཁུ་བ་འཕེལ་ལུགས་འདི་གསང་སྔགས་ཀྱི་ཕྱག་རྒྱའི་ལག་ལེན་དང་གསོ་རིག་འདོད་བསྟན་དག་ལས་ཡང་ཡང་མཐོང་རྒྱུ་འདུག
བོན་ལུགས་སུ་དུས་བཟང་བརྒྱད་ཅེས་བརྩི་སྲོལ་ཡོད་འདུག་ཡིན་ནའང་མི་ཚོས་སྣང་བར་འགྲོ་མདོག་ཁ་བོ་མ་རེད།
་་་་་་ ལས་རླུང་ཞེས་པ་སྔགས་རྒྱུད་དུ་བཤད་པ་ཡོད་མོད། སྦྱང་གཞི་རང་བཞིན་དཀྱིལ་འཁོར་ལ། སྦྱང་བྱ་ལས་རླུང་ལས་གྲུབ་པའི་སྣང་གསུམ་དེ་ཉིད། སྦྱོང་བྱེད་ཐབས་ལམ་རྩ་རླུང་ཐིག་ལེ་གནད་དུ་བསྣུན་པ་ལས་ལས་རླུང་གི་འབར་འཛག་དབུ་མར་བཅིངས་སྟོབས་ཀྱིས། སྦྱང་འབྲས་བདེ་ཆེན་ཡེ་ཤེས་བཙན་ཐབས་སུ་མངོན་དུ་གྱུར་པ་ལ་སྣང་བ་ཐམས་ཅད་ཆོས་ཉིད་དུ་ཐིམ་པའམ་ཟད་པ་ཞེས་པའི་ཐ་སྙད་དོ། །ལས་རླུང་གི་ཀུན་རྟོག་བཞོན་པ་བསད་ཅེས་པའ་གསུངས་མོད། མདོ་རྒྱ་ཆེར་རོལ་པ་ལས། ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས། །ཞེས་པ་ཡང་བྱུང་ངོ་། ། ་་་་་་་
རང་བྱུང་གིས།
ཟླ་དཀར་གྱི་དཀར་ཆ་ཡོངས་སུ། རྫོགས་པའི་ཚེས་པ་བཅོ་ལྔ་ནམ་ཡིན་ལ། རང་བྱུང་ཁོར་ཡུག་ནང་གི་མཐའ་ཡི་རྒྱ་མཚོ་ཆེན་པོ་དག་ཡོ་འཁྱོམས་ཀྱིས། སྲོག་ཆགས་མང་པོའི་ཚེ་སྲོག་ཤོར་བཞིན་པ་འདི་ལ་ཡང་། དགེ་སྡིག་གཅིག་ལ་བརྒྱ་འགྱུར་གྱི་གོ་དོན་ཅིག་ཀྱང་ཡོད་སྲིད་པ་རེད་སྙམ་ལགས།
ཀརྡོར་ལགས་ནས་གསུང་པ་དེ་གོ་རྒྱུ་ཞིག་འདུག། གསང་སྔགས་ནས་ སྦྱང་གཞི་ སྦྱོང་བྱེད་ སྦྱང་འབྲས་དང ལྷག་པར་དུས་འཁོར་ལ་ ཕྱི་ནང་གཞན་གསུམ་གྱི་དུས་འཁོར་སོགས་ཕན་ཚུན་བརྟེན་ཚུལ་དང། ཉི་ཟླ་སོགས་སེམས་ཅན་སྤྱི་མཐུན་གྱི་ལས་ནས་གྲུབ་ཚུལ་སོགས་ལ་བསམ་ན་ ཕྱི་ཡི་སྣོད་ཀྱི་འཇིགས་བརྟེན་གྱི་དབང་ལས་ནང་བཅུད་ལ་ཕན་ནུས་ཡོང་ཚུལ་སོགས་ལས་དགེ་སྡིག་ལ་ཡང་དེར་མཐུན་གྱི་འགྱུར་ལྡོག་ཞིག་ཡོང་སྲིད་པ་ཞིག་གོ།
ཀླུ་སྨྱོན་ལགས
ཚེས་པ་བཅུ་ལྔ་ནམ་ཡིན་ལ།
གོན་ནུ་སླ་ཡི་འཁྲི་ཤིང་རྟོན།
ཡལ་འདབ་ལྔ་པས་ཕྱག་རྒྱ་བྱོས།
དགེ་ཕྲུག་རྒྱ་མོས་འཕུར་མཉེ་བྱོས། ( དགོང་དག་སྡིག་པ་ཐམས་ཅད་སོར་སོར་བཤགས།)
ཟླ་བ་ཉ་བའི་དུས་མིའི་ལུས་ཀྱི་ཁྲག་ཤུགས་འཕེལ་ནས་སེམས་ཁམས་རྒྱུན་ལྡན་མིན་པར་འགྱུར་མཁན་མང་ཚུལ་ཕྱི་གླིང་པ་ཚོར་ཡོངས་གྲགས་འདྲ་ཞིག་རེད་ལ་དེ་དུས་སའི་གོ་ལའི་དཀྱིལ་ངོས་ཀྱི་རྒྱ་མཚོའི་ཆུ་རྣམས་མཐའ་རུ་རྒྱུགས་ནས་མཐའ་སྣེ་གཉིས་ནས་རྒྱ་མཚོ་ཆེས་ཆེར་འཕེལ་ཞིང་འཕྱོ་བར་བྱེད་པ་ཡིན་འདུག ཟླ་བའི་མངོན་བརྗོད་ལ་རྒྱ་མཚོ་འཕེལ་ཟེར་བའང་རྒྱུ་མཚན་དེས་ཡིན་ངེས་སྙམ