རྒྱལ་ཀུན་སྙིང་རྗེའི་རང་གཟུགས།།
འགྲོ་འདུལ་གར་གྱི་དབང་ཕྱུག།
དྲིན་ཆེན་རྩ་བའི་བླ་མ།།
༧རྒྱལ་བ་བསྟན་འཛིན་རྒྱ་མཚོ།།
ཐུགས་རྗེ་ཉེ་རིང་མེད་ཀྱང་།།
གདོང་མར་གངས་ཅན་བོད་པ།།
ཕ་མས་བུ་བཞིན་བསྐྱངས་ནས།།
དགུང་ལོ་བརྒྱད་ཅུར་ཕེབས་སོང་།།
མཁྱེན་བརྩེའི་ཞབས་ཟུང་དྲོན་མོས།།
གོ་ལ་ཧྲིལ་བོར་གཡོགས་ནས།།
མཛའ་མཐུན་ཞི་བདེའི་ཉི་འོད།།
སྐྱེ་རྒུའི་སྙིང་ལ་འཁྱིལ་བྱུང་།།
ཤར་ནུབ་ཤེས་རིག་བར་ལ།།
འགྲིལ་འགྲུལ་གསེར་ཟམ་འཕངས་ཏེ།།
སྣོད་བཅུད་གསང་བའི་འཕྲུལ་འཁོར།།
ཟམ་མོས་ཐབས་ཀྱིས་བཤིགས་སོང་།།
ཟབ་ཡངས་རླབས་ཆེན་དགོངས་པ།།
ཚད་བཀག་རྒྱ་ལས་བརྒལ་ནས།།
ཐོབ་ཤོར་རྩོད་པའི་ལམ་བུ།།
དབུ་མའི་དབྱིངས་སུ་འདྲེས་སོང་།།
བཀའ་བསྟན་ནམ་མཁའི་མཐོང་ལ།།
མཁྱེན་རབ་ཚངས་ཐིག་བཏབ་སྟེ།།
ཆོས་ཕུང་བརྒྱད་ཁྲིའི་དབྱེ་བསྡུར།།
ངོས་འཛིན་ཟླ་མེད་གནང་སོང་།།
སླད་མེད་གངས་ལྗོངས་ཆོས་བརྒྱུད།།
ཕྱོགས་མེད་དགོངས་ཉམས་བསྟར་ནས།།
རིས་མེད་བསྟན་པའི་བདག་པོར།།
ཟླ་མེད་སྤོབས་པས་བཞེངས་སོང་།།
འཛམ་གླིང་ཟླུམ་པོའི་ཁྱོན་གྱི།།
ཆེ་བསྟོད་གཟེངས་རྟགས་ཕལ་ཆེར།།
དགེ་སྦྱོང་ཁྱེད་ཀྱིས་བཞེས་ནས།།
ལོ་རྒྱུས་ར་བ་བརྒལ་སོང་།།
བདེན་ཚིག་རྡོ་རྗེའི་རྒྱ་གྲམ།།
མུན་པའི་མགོ་ལ་བཏབ་སྟེ།།
དགེ་རྙིང་རྩོད་པའི་རྨ་ཁ།།
ཐབས་མཁས་ཐུགས་རྗེས་གསོས་བྱུང་།།
འཛམ་གླིང་ཆེ་རྒུའི་མདུན་ན།།
ཕྱག་གཉིས་ཐལ་མོ་སྦྱར་ནས།།
བོད་མིའི་བདེ་སྡུག་གསུང་བཞིན།།
སྐུ་ཚེ་ཧྲིལ་བོ་རྫོགས་སོང་།།
མི་ལོ་ལྔ་བརྒྱའི་རིང་གི།
བོད་གཞུང་དགའ་ལྡན་ཕོ་བྲང་།།
མང་གཙོའི་ལམ་བུར་བསྐྱོད་ནས།།
ཆོས་སྲིད་མདུད་པ་བཀྲོལ་སོང་།།
ཤེས་བྱའི་གནས་ལུགས་འཚོལ་བྱེད།།
དོ་མེད་སེམས་ཀྱི་ཤེས་རིག།
མེས་པོའི་སྐད་ཡིག་ཡིན་ཞེས།།
སྤོབས་པའི་གད་རྒྱངས་བསྒྲགས་སོང་།།
བརྒྱ་ཕྲག་གྲངས་ལས་འདས་པའི།།
ལེགས་བཤད་པོ་ཏིའི་ཕྲེང་བ།།
འགྲོ་བའི་མ་རིག་རྨོངས་པ།།
ཤེས་རབ་འོད་ཀྱིས་བརྒྱན་སོང་།།
སྐྱེས་བུ་གསུམ་གྱི་ལམ་རིམ།།
ཁྲིད་ཆེན་ཁྲིད་ཆུང་བཅོ་བརྒྱད།།
འདུས་མང་རྒྱ་མཚོར་བསྩལ་ནས།།
ཐུབ་བསྟན་རྨང་གཞི་གསོས་སོང་།།
སྲིད་འབྱོར་ནམ་མཁའ་མཛོད་ལ།།
རྗེས་ཆགས་འཛིན་པ་མེད་ཀྱང་།།
ཟང་ཟིང་སྒྱུ་མའི་དངོས་པོས།།
སྐྱེ་འགྲོའི་བློ་ཁ་ཚིམས་སོང་།།
བསམ་མེད་ཀླ་ཀློ་དག་གིས།།
སྒྲོ་སྐུར་སྨྱོ་གཏམ་སྒྲོག་ཚེ།།
རྒྱལ་བ་བདེན་པས་རྒོལ་ངན།།
སྨྲ་བའི་སྤོབས་པ་བསྐུམ་སོང་།།
གནམ་འོག་གྲགས་པས་ཁྱབ་ནས།།
ཆེ་རྒུ་ཟིལ་གྱིས་མནན་ཀྱང་།།
ཞི་དུལ་བག་ཡོད་སྤྱོད་པས།།
སྟོན་པའི་རྣམ་ཐར་བསྐྱངས་བྱུང་།།
བླ་མ་སངས་རྒྱས་ཡིན་ཡང་།།
མཛད་སྤྱོད་མི་དང་བསྟུན་ནས།།
སྐྱེ་འགྲོ་ས་ཡ་མང་བོར།།
ཚེ་སྲོག་གསོན་ཤུགས་གནང་བྱུང་།།
རྒྱུད་རྒྱལ་དུས་ཀྱི་འཁོར་ལོ།།
ཟླུམ་གཟུགས་གོ་ལར་བསྐོར་ཏེ།།
སྐལ་ལྡན་ལས་འཕྲོ་ཅན་ལ།།
གསང་ཆེན་འཇུག་སྒོ་ཕྱེས་བྱུང་།།
གངས་ཅན་བོད་མིའི་དད་ངོར།།
འཕགས་མཆོག་འཇིག་རྟེན་དབང་ཕྱུག།
འཛམ་གླིང་སྐྱེ་འགྲོའི་སྣང་ངོར།།
རླབས་ཆེན་ཞི་བདེའི་དེད་དཔོན།།
དགུང་ལོ་བརྒྱུད་ཅུར་ཕེབས་ཀྱང་།།
སྐུ་ལུས་གཞོན་ཤ་རྒྱས་པ།།
ས་ལམ་མཐོན་པོའི་དབྱིངས་སུ།།
བཞུགས་པའི་དཔང་རྟགས་ལོས་ཡིན།།
ལོ་ཟླ་ཞགས་དུས་འཁོར་ལོར།།
ངལ་མེད་མཛད་འཕྲིན་བསམ་དུས།།
རྒྱལ་དང་རྒྱལ་སྲས་དཔའ་བོའི།།
རྣམ་ཐར་བློ་ངོར་མ་ཤོང་།།
ཁྱེད་ཐུགས་སངས་རྒྱས་ཡིན་རུང་།།
ཤ་ཁྲག་ལུས་སུ་བྱོན་ཡོད།།
དར་རྒུད་སྒྱུ་མའི་སྐུ་གཟུགས།།
ངལ་གསོ་ཐུགས་ནས་མ་འདོར།།
ཁྱེད་ཀྱི་འཛུམ་ཞལ་རེ་རེ།།
ཁྱེད་ཀྱི་ཞབས་རྗེས་རེ་རེ།།
ཁྱེད་ཀྱི་མཛད་འཕྲིན་རེ་རེ།།
ང་ཚོའི་ཚེ་སྲོག་ཡིན་སོང་།།
རྡུལ་མཚོན་ཚེར་མ་གཟེངས་རུང་།།
ཆོས་རྩོད་མུན་ནག་འཁྲིགས་རུང་།།
མགོན་ཁྱེད་བཞུགས་ཡོད་བསམ་དུས།།
ཞི་བདེའི་སྣང་བ་མ་ནུབ།།
རྒྱལ་ཁམས་རིས་སུ་ཆད་ནས།།
ཞི་དྲག་འཐབ་རྩོད་ཆེ་རུང་།།
ཏྰ་ལའི་མཚན་ཙམ་གྱིས་ཀྱང་།།
མི་སེམས་ཞི་བདེར་འཁོར་ཡོང་།།
བོད་བརྒྱུད་རྒྱལ་བའི་བསྟན་པ།།
སྒྲོ་སྐུར་གཏམ་གྱིས་རྒོལ་ཀྱང་།།
བདེན་དཔང་སངས་རྒྱས་གསོན་པོ།།
རྒྱལ་དབང་ཡིད་བཞིན་ནོར་བུ།།
བླ་མ་ཐུགས་རྗེ་ཆེ་བྱུང་།།
ང་ཚོ་བསོད་ནམས་བཟང་ངོ་།།
ནམ་ཡང་བོད་ཀྱི་མགོན་དུ།།
མི་འགྱུར་བརྟན་པོར་བཞུགས་རོགས།།
ཞེས་པ་འདི་བཞིན་ཁམས་གསུམ་འགྲོ་བའི་མགོན་པོ། འཕགས་མཆོག་ཕྱག་ན་པདྨོ། གནས་ལུགས་ཀྱི་ལྟ་དགོངས་སྟོན་པའི་བླ་མ། བྱམས་པ་དང་སྙིང་རྗེའི་དྲོད་ཁོལ་འཁྱིལ་བའི་ཕ་མ། འཇིག་རྟེན་ཞི་བདེའི་དབུ་ཁྲིད། སྤྱི་ནོར༧གོང་ས༧སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག སྐུའི་དགུང་གྲངས་བརྒྱད་ཅུར་ཕེབས་ལ་ཉེ་བའི་གྱ་སྟོན་དུ། ཟླ༦ཚེས༡ཉིན། རང་ཁྱིམ་ནས།
ཀ་དག་སྙིང་རྗེའི་རང་གཟུགས། །
ཁ་བ་ལྗོངས་ཀྱི་མགོན་སྐྱབས། །
ག་བ་ག་རུ་ཕེབས་ཀྱང་། །
ང་ཡི་གུས་ཕྱག་དེར་ཡོད། །
ཏ་ཐའ་ག་ཏའི་ཚབ།
མཐའ་མེད་རེ་ས་ཁྱེད།
ད་ལྟ་སྐྱོབ་མཁན་ཁྱེད།
ན་རྒས་དྲན་ཡུལ་ཁྱེད།
ཁྱེད་རང་༸སྐུ་ཚེ་ཡུན་བརྟན།
ཐུགས་རྗེ་ཆེ་།བཀྲིན་ཆེ་།ངོ་མའི་ཡག་འདའ་།ཁ་་བྲོ་།