རྔ་བ་རྒྱལ་ཁམས་པ།
སངས་རྒྱས་ཆོས་ལུགས་ལྟར་ན། སེམས་ཅན་གྱི་རྒྱུད་ལ་ཁམས་བདེ་གཤེགས་སྙིང་བོ་ཞེས་པ་དེ་ཡོད་པས། འགྲོ་བ་མཐའ་དག་མཐར་ཐུག་འཚང་རྒྱ་རྒྱུ་ཡིན་པར་གསུངས། ནང་བའི་རྒྱུད་སྡེ་ནས། བདེ་གཤེགས་སྙིང་བོ་ཞེས་པ། སེམས་ཀྱི་ཆོས་ཉིད་དང་། གཉུག་མའི་ཡེ་ཤེས། རླུང་འོད་ཟེར་ལྔ་བ། ཆོས་ཀྱི་དབྱིངས། ཀུན་གཞི། ཆོས་སྐུ་སོགས་མིང་མི་འདྲ་དུ་མས་བསྟན་ཡོད། མདོ་ལུགས་ལྟར་ན། སྙིང་བོ་དེར་རང་བཞིན་གནས་རིག་ཅེས་པའི་མིང་གིས་བསྟན་འདུག
ངས་སྙིང་བོ་དེ་དངོས་སུ་རྟོགས་མ་ཐུབ་ཀྱང་། དེ་འདྲ་ཡོད་པའི་རྒྱུ་མཚན་དང་ངེས་ཤེས་མང་ནས་མང་དུ་འཕེལ་བཞིན་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། སངས་རྒྱས་ཀྱི་རིགས་སམ་གཤེགས་སྙིང་དེ་འཁོར་འདས་གཉིས་ཀྱི་གཞི་རྩ། བརྟན་གཡོ་གཉིས་ཀྱི་ལྟེ་བ། བདེན་རྫུན་གཉིས་ཀྱི་གཏུག་ས། དེ་ཉིད་ཀྱི་ངང་ཚུལ་ལས་ཆོས་འཇིག་གི་རྣམ་བཞག་མཐའ་དག་བྱུང་ཡང་། རང་ངོས་དེ་དག་གིས་གོས་མ་མྱོང་བ་ཞིག་ཡིན་ཚོད་རེད། འདི་ནི་ང་ལ་ལྟོས་ན་ས་གཞི་ལྟ་བུའི་རྒྱབ་རྩ་དང་། ནམ་མཁའ་ལྟ་བུའི་བརྟེན་ས། ཕ་ཁྱིམ་ལྟ་བུའི་འཁོར་ས་ཞིག་ཡོད་པའི་སྣང་བ་ཤར་ཞིང་། ཚེ་འདི་ཕྱི་ཀུན་ཏུ་འཚོ་སྡོད་ཀྱི་སེམས་ཤུགས་དང་འདུན་པ་ཚད་མཐོ་ས་ཞིག་ནས་སླེབས་ཀྱི་འདུག
སྐབས་རེར་གོ་ལ་ཆུང་ངུ་འདིའི་ནང་གི་སྲོག་ཆགས་རྣམས་ཀྱིས། རང་རང་གི་དགོས་མཁོར་དཔགས་པའི་སྡོད་གནས་དང་། འཚོ་ཐབས། འབྱུང་ནུས་འདུ་འཕྲོད་ཀྱི་རྫས་འཕྲུལ། ཆོས་དང་འཇིག་རྟེན་ལུགས་ཀྱི་ལྟ་གྲུབ་སྣ་ཚོགས་པ་ཞིག་བཞེངས་ནས། རང་རང་དེའི་ངོགས་ན་འཁྱམས་ཤིང་དེའི་ཀློང་ནས་གྲོལ་བཞིན་པའི་གནས་ལུགས་རེ་མཐོང་དུས། ཨེ་མ་ཧོ། སྙིང་བོ་དེ་ནི་ཇི་འདྲའི་ངོ་མཚར་ཞིང་རླབས་ཆེ་བ་ཞིག་རེད་ཨང་། གལ་སྲིད་དེ་མེད་ན་ཤེས་བྱ་དང་ཤེས་བྱེད་ཀྱི་རྣམ་བཞག་ཟེར་རྒྱུ་ཞིག་ཡོད་སྲིད་དམ།
དེ་ནི་འདི་ལྟར་ལུས་གྲིབ་བཞིན་དུ་འགྲོ་བ་རང་རང་གི་རྒྱུད་ན་ཡོད་ཀྱང་། དེ་ཅིའི་ཕྱིར་འཚོ་གནས་སྣ་ཚོགས། བསམ་སྤྱོད་སྣ་ཚོགས། བདེ་སྡུག་སྣ་ཚོགས། རྣམ་འགྱུར་སྣ་ཚོགས་པའི་ངོ་བོར་མཆེད་བཞིན་པ་ཞིག་ཡིན་ནམ། སེམས་གསལ་རིག་གི་རང་བཞིན་དང་དེའི་ནུས་ཤུགས་རླབས་ཆེན་པོ་དེའི་གྲུ་ག་ཞིག་ཏུ། ཁྱོད་ངེས་པར་དུ་གནས་ཡོད་པར་ཡིད་ཆེས་ཡོད་ཀྱང་། ཁ་ཅིག་གིས། ཚེ་འདིའི་ལུས་དང་རྣམ་ཤེས་ཁ་བྲལ་ན་མ་གཏོགས་དེ་མཇལ་མི་ཐུབ་ཟེར།
ལ་ལས། དེ་སེམས་རང་འགའ་བ་འདིའི་ནང་ན་ཏིལ་དང་ཏིལ་མར་བཞིན་དུ་འཁྱིལ་ནས་ཡོད་དོ་ཟེར། འགའ་ཞིག་གིས་ད་ལྟའི་ཐ་མལ་གྱི་རྣམ་རྟོག་འདི་ཐད་ཀར་ཧྲིག་གིས་བཅད་ན་དེ་མཇལ་ཐུབ་ཟེར། ངས་ཨུ་ཚུགས་ཅི་ཙམ་བརྒྱབ་རུང་དེ་མཐོང་ཐུབ་ཀྱི་མི་འདུག ངའི་སེམས་ནི་དེ་ཡིན་བཟོ་མི་འདུག བླ་དང་ཚེ་དང་སྲོག་ཀྱང་དེ་ཡིན་རྒྱུ་མ་རེད། འདི་ཕར་ཕུགས་དེད་ན་མཁའ་དབྱིངས་སྟོང་བའི་ངོ་བོར་འདྲེས་འགྲོ་ངེས་ཤིག་དང་། ཚུར་བསྡུས་ན་སེམས་ཀྱི་སྤྱོད་ཡུལ་གྱི་རྣམ་འགྱུར་སྣ་ཚོགས་པའི་ངོ་བོར་འགྱུར་བཞིན་པ་ཞིག་ཨེ་རེད།
གནད་དོན་འདིར་ཆ་རྒྱུས་ཡོད་མཁན་དག་གིས། རིགས་དང་གཤེགས་སྙིང་ཞེས་པ་འདི་གོ་སླའི་ངོ་སྤྲོད་གནང་བར་སེམས་ནས་རེའོ།། རིགས་ལམ་ནས་གསུངས་ན་ལྷག་པར་ཡང་ཕན་ཐོགས་ཆེའོ།།
བརྟན་གཡོ་མ་གཏོགས་བསྟན་གཡོ་ཞེས་བྱ་བ་ཞིག་གོ་མེད།
ཅོག་མྱི་བདེན། བཅོས་བཏང་ཡོད།
རྔ་བ་རྒྱལ་ཁམས་པ་ལགས། ངས་ཀྱང་དེའི་སྐོར་དེ་ལ་ཐོས་བསམ་འདྲི་རྩད་མང་པོ་བྱས་མྱོང་མོད་འདི་ནི་གཙོ་བོ་བསྒོམ་སྟོབས་ཀྱིས་མངོན་དུ་འགྱུར་དགོས་པ་ཞིག་མ་གཏོགས་རིགས་ལམ་ཀྱིས་དེ་ལྟར་ངོ་སྤྲོད་ཆོག་ཆོག་ཅིག་མིན་པ་འདྲ། ཁ་ནས་བཤད་བདེ་བ་དང་སེམས་ལ་དྲན་བདེ་བ་ཡོང་སྲིད་ཀྱང་དེ་ནི་ཤ་ལ་དགའ་བས་ཤ་རྙེད་པ་དང་ཆང་ལ་དགའ་བས་ཆང་རྙེད་པ་ཡིན་གྱི་བདེ་བར་གཤེགས་པའི་དགོངས་པ་རྙེད་པ་ནི་མ་ཡིན་པ་འདྲ།
རྟགས་རིག་དང་བློ་རིག་སྦྱངས་པ་ཙམ་གྱིས་ཀྱང་གནས་ཚུལ་འདི་ཚོ་ཤེས་ཁག་པོ་ཡིན་འགྲོ། དེང་སང་མི་ཚོས་ནང་ཆོས་དང་ཚན་རིག་གོ་བསྡུར་ཞེ་བོ་ཞིག་བྱེད་བཞིན་ཡོད་ཟེར་ནས་ཤོད་ཀྱི་འདུག ཡིན་ནའང་གོ་བསྡུར་ག་འདྲ་ཞིག་བྱེད་ཀྱི་ཡོད་ན་བསམ་ནས་བློ་མ་བདེ་ནས་བསྡད་ཡོད། མ་རྩ་དགོས་པ་རེད་བ། ག་དུས་ཡིན་ནའང་ས་ལམ་གྱི་རྣམ་བཞག་རྐྱང་རྐྱང་བཤད་བསྡད་ན་ཁུངས་འཁྱོལ་མི་ཡོང་ད། །
རྔ་བ་རྒྱལ་ཁམས་པས་ཡག་པོ་བྲིས་གནངས་འདུག གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ། རྫོགས་ཆེན་ལུགས་ལ་རིག་པའི་ངོ་བོ་མཐོང་བ་སོགས་དོན་གཅིག་ཡིན་པ་འདྲ། འོན་ཀྱང་འདི་ཉམས་སུ་མྱོང་རྒྱུ་ཧ་ཅང་དཀའ་མོ་ཡིན་ས་རེད། ཚེ་འདིར་རིག་པ་མངོན་དུ་གྱུར་བའི་གདམས་ངག་གི་མཆོག་ནི། རྩ་རླུང་ཐིག་ལེར་བྱང་ཆུབ་པའི་སྒོམ་སྟོབས་དང་བླ་མའི་རྣལ་འབྱོར་གཉིས་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་འདྲ། རྣལ་འབྱོར་བའི་སྒོམ་སྟོབས་དང་བླ་མའི་བྱིན་རླབས་ཁོ་ན་ལ་བརྟེན་ནས་རྟོགས་རྒྱུ་ཞིག་ཡིན་པར་བཤད། སྔོན་དྭགས་པོ་ལྷ་རྗེས་རྗེ་བཙུན་མི་ལར་མཇལ་སྐབས། ཁོ་བོ་ལ་ཉིན་མཚན་འཁྱོལ་ཐུབ་པའི་ཏིང་ངེ་འཛིན་བརྟན་པོ་ཡོད་ཞུས་པས། མི་ལས་ཞལ་ནས་བྱེས་མ་བཙིར་བ་ལས་མར་ཁུ་མི་འབྱུང་། ཁྱོད་ཀྱི་སྒོམ་དེས་ཅིར་ཡང་ཕྱིན་མི་ཐུབ། ངའི་གཏུམ་མོ་ཨ་ཐུང་སྒོམ་དང་དེ་ནས་ཤེས་ཡོང་གསུངས་པ་ལྟ་བུ་རེད། ཚེ་འདིར་རིག་པའི་ངོ་བོ་མཐོང་དགོས་ནས་ལུས་ཀྱི་རྩ་མདུད་གྲོལ་དགོས་པ་རེད། རྩ་མདུད་གྲོལ་བ་ལ། རྩ་བསྐྱེད། རླུང་བཟུང་། ཐིག་ལེ་སྒོམ། འདིའི་ལུགས་ལ་བླ་མའི་རྣལ་འབྱོར་ཉམས་ལེན་གྱི་གཙོ་བོ་བྱེད་དགོས་རྒྱུ་སྨོས་མེད་རེད། གལ་ཏེ་ཉམས་ལེན་པས་ཚེ་འདིར་རྩ་མདུད་གྲོལ་མ་ཐུབ་ན། དེ་ནས་བར་དོ་ལ་སྒུག་དགོས་པ་རེད། དེའི་ཕྱིར་རྫོགས་ཆེན་ལུགས་ལ་ང་ནམ་ཤི་ན་ང་ནམ་སངས་རྒྱ་ཞེས་པའང་འདི་ལ་ཟེར་བ་རེད། རྒྱ་གསུམ་རལ་ནས་རྩལ་གསུམ་རྫོགས་ཤེས་པ་འདི་ནི་བར་དོར་གྲོལ་བའི་ལུགས་རེད། །
རྔ་བ་རྒྱལ་ཁམས་པས་ཡག་པོ་བྲིས་གནངས་འདུག གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ། རྫོགས་ཆེན་ལུགས་ལ་རིག་པའི་ངོ་བོ་མཐོང་བ་སོགས་དོན་གཅིག་ཡིན་པ་འདྲ། འོན་ཀྱང་འདི་ཉམས་སུ་མྱོང་རྒྱུ་ཧ་ཅང་དཀའ་མོ་ཡིན་ས་རེད། ཚེ་འདིར་རིག་པ་མངོན་དུ་གྱུར་བའི་གདམས་ངག་གི་མཆོག་ནི། རྩ་རླུང་ཐིག་ལེར་བྱང་ཆུབ་པའི་སྒོམ་སྟོབས་དང་བླ་མའི་རྣལ་འབྱོར་གཉིས་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་འདྲ། རྣལ་འབྱོར་བའི་སྒོམ་སྟོབས་དང་བླ་མའི་བྱིན་རླབས་ཁོ་ན་ལ་བརྟེན་ནས་རྟོགས་རྒྱུ་ཞིག་ཡིན་པར་བཤད། སྔོན་དྭགས་པོ་ལྷ་རྗེས་རྗེ་བཙུན་མི་ལར་མཇལ་སྐབས། ཁོ་བོ་ལ་ཉིན་མཚན་འཁྱོལ་ཐུབ་པའི་ཏིང་ངེ་འཛིན་བརྟན་པོ་ཡོད་ཞུས་པས། མི་ལའི་ཞལ་ནས་བྱེས་མ་བཙིར་བ་ལས་མར་ཁུ་མི་འབྱུང་། ཁྱོད་ཀྱི་སྒོམ་དེས་ཅིར་ཡང་ཕྱིན་མི་ཐུབ། ངའི་གཏུམ་མོ་ཨ་ཐུང་སྒོམ་དང་དེ་ནས་ཤེས་ཡོང་གསུངས་པ་ལྟ་བུ་རེད། ཚེ་འདིར་རིག་པའི་ངོ་བོ་མཐོང་དགོས་ན་ལུས་ཀྱི་རྩ་མདུད་གྲོལ་དགོས་པ་རེད། རྩ་མདུད་གྲོལ་བ་ལ། རྩ་བསྐྱེད། རླུང་བཟུང་། ཐིག་ལེ་སྒོམ། འདིའི་ལུགས་ལ་བླ་མའི་རྣལ་འབྱོར་ཉམས་ལེན་གྱི་གཙོ་བོ་བྱེད་དགོས་རྒྱུ་སྨོས་མེད་རེད། གལ་ཏེ་ཉམས་ལེན་པས་ཚེ་འདིར་རྩ་མདུད་གྲོལ་མ་ཐུབ་ན། དེ་ནས་བར་དོ་ལ་སྒུག་དགོས་པ་རེད། དེའི་ཕྱིར་རྫོགས་ཆེན་ལུགས་ལ་ང་ནམ་ཤི་ན་ང་ནམ་སངས་རྒྱ་ཞེས་པའང་འདི་ལ་ཟེར་བ་རེད། རྒྱ་གསུམ་རལ་ནས་རྩལ་གསུམ་རྫོགས་ཤེས་པ་འདི་ནི་བར་དོར་གྲོལ་བའི་ལུགས་རེད། །
རྔ་བ་རྒྱལ་ཁམས་པས་དངོས་ནས་ཤེས་འདོད་ཡོད་ན་དཔལ་རྒྱལ་བ་ཇོ་ནང་པའི་བླ་མ་དམ་པ་དག་ལ་མཉེས་པ་གསུམ་གྱིས་བསྟེན་དང་ངེས་པར་ཤེས་ཀྱིན་རེད། ཡང་ན་སྙིང་པོ་བསྟན་པའི་མདོ་བཅུ་སོགས་བཀའ་མཐའ་མའི་མདོ་དང་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་སོགས་ཁམས་བདེ་བཤེགས་སྙིང་པོ་བསྟན་པ་དག་ལ་གཟིགས་དང་ཤིན་ཏུ་གསལ། ཁྱད་པར་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་།།དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་།།རིགས་ཡོད་ན་ཕྱིར་ན་སེམས་ཅན་ཀུན།།རྟག་ཏུ་སངས་རྒྱས་སྙིང་པོ་ཅན།།ཞེས་རྒྱུ་མཚན་གསུམ་གྱིས་བསྒྲུབས་ཟིན་ནོ།། འོ་ན་རིགས་ཀྱི་ངོ་བོ་འདུས་མ་བྱས་ཡིན་ན་ཐ་དད་དུ་དབྱེ་བ་འདི་ནི་མི་འཐད་དོ་ཟེར་ན། དེ་ན་མ་ཐག་ཏུ། རིགས་ཀྱི་ངོ་བོ་ལ་དབྱེ་བ་ཡོད་པ་མིན་ཡང།།དེ་ལ་བརྟེན་པའི་ཆོས་ཀྱི་ཆོས་ཀྱི་བྱེ་བྲག་གིས་རིགས་དབྱེ་ལ་ལྡོག་པའི་སྒོ་ནས་བརྗོད་པ་དཔེར་ན་ནམ་མཁའ་དབྱེར་མེད་ཀྱང་བུམ་པ་སོགས་ཀྱི་ནམ་མཁར་བཞིན་ནོ།། དེ་ཡང་དྲི་མས་སྒྲིབ་ཚུལ་དཔེ་དགུ་དང་རྣམ་བཞག་རྣམ་པ་བཅུས་གཏན་ལ་ལེགས་པར་ཕབས་ཟིན་པ་རེད། ཡང་ན་ཤིན་ཏུ་བསྡུས་པ་ཀུན་མཁྱེན་མི་ཕམ་བདེ་བཤེགས་ལྟུང་ཐུན་སེངྒེའི་ང་རོ་ལ་གཟིགས་དང་གོ་མྱོང་རྟོགས་པ་ཡོད་པར་ངེས་སོ།། མདོར་ན་སེམས་ཅན་རྒྱུད་ན་དྲི་མ་སྤང་རུང་དང་།།ཡོན་ཏན་ཡེ་ལྡན་ཆོས་སྐུ་མངོན་དུ་གྱུར་རུང་འདི་ནི་སེམས་ཅན་ཀུན་ལ་ཁྱད་པར་མེད་ལསངས་རྒྱ་རུང་བའི་རིགས་དེ་ཡོད་པ་ལ་ལུས་ཅན་དེ་དག་སངས་རྒྱས་སྙིང་པོ་ཅན་གསུངས་པ་རེད། རྒྱུ་ལས་འབྲས་བསྐྱེད་ལྟ་བུ་བྱ་བྱེད་རིགས་པས་གྲུབ་པོ།། དེ་མིན་འཇམ་མགོན་ས་པན་ཡང་འདིས་སྐབས་ཅུང་ཐལ་སོང་བ་མིན་ནམ། དེས་ན་ངས་ནམ་རྒྱུན་སེམས་ཅན་ཡིན་ན་ནང་པ་སངས་རྒྱས་པ་ཡིན་པས་ཁྱབ་ཀྱང་གྲུབ་མཐའ་ངན་པས་ལྷད་འགྲོ་བས་ན་འགྲོ་བ་ཞེས་འགྲེལ་ན་བསམ་བཞིན་ཡོད་དོ།། སླར་སྨྲས་པ།།འཁོར་འདས་ཆོས་ཀུན་སྟོང་ཉིད་དེ་བཞིན་ཉིད།།གདོད་མའི་བདེ་གཤེགས་སྙིང་པོ་རོ་གཅིག་ཕྱིར།།སངས་རྒྱས་སེམས་ཅན་དོན་ལ་མཉམ་པ་ཉིད།།དེའི་ཕྱིར་གློ་བུར་འཁྲུལ་བས་སྤྲུལ་པ་ཡིན།།མ་དག་སེམས་ཅན་སྣང་བ་འདི་རྣམས་ཀྱང་།།གནས་ལུགས་མཐར་ཐུག་དོན་དམ་ཆོས་ཉིད་ལས།།ཅུང་ཟད་མ་གཡོས་ཆོས་ཉིད་རིགས་པས་གྲུབ།།དེས་ན་སངས་རྒྱས་སྙིང་པོ་ཅན་དུ་ངེས།།ཐུགས་ལ་ཟུངས་ཞིག་རྔ་བ་རྒྱལ་ཁམས་པ།། རྫོགས་ཆེན་པ་པདྨས་སོ།།
པད་མ་ལགས། ཁམས་བདེར་བཤེགས་སྙིང་བོ་ཤེས་འདོད་ན་རྒྱལ་བ་ཇོ་ནང་ཚང་མ་གཏོགས་ཆོས་ལུགས་གཞན་ལ་མེད་པ་རེད་དམ། རྒྱལ་བ་ཇོ་ནང་ཚང་གིས་ཆོས་ཐམས་ཅད་ཡིན་ལུགས་དོན་དམ་པའི་བདེན་པ་དེ་རྟག་པ་དང་། བརྟན་པ་ཐེར་ཟུག་པ་ཞིག་ལ་འདོད་ཟེར། རྒྱལ་བ་ཇོ་ནང་ཚང་གི་ཆོས་བརྒྱུད་ལ་གྲུབ་ཐོབ་མང་བོ་བྱོན་འདུག དུས་འཁོར་ལུགས་ཀྱི་སྦྱོར་དྲུག་དེ་ཧ་ཅང་ཟབ་མོ་ཡིན་ས་རེད། བཀའ་བརྒྱུད་དང་དགེ་ལུགས་པའི་ན་རོ་ཆོས་དྲུག་སོགས་ཀྱང་ཟབ་མོ་ཡིན་ས་རེད། དེ་ལས་ཀྱང་རྫོགས་ཆེན་ལུགས་ཀྱི་ཐོད་བརྒལ་དང་ཁྲེགས་ཆོད་གདམས་པ་ཟབ་མོ་ལོས་ཡིན་། མདོར་ན་གང་ཟག་གིས་ཉེར་ལེན་ལ་རག་ལས་ཡོད་པར་སྙམ་མོ།། བོད་ཀྱི་གྲུབ་མཐའ་ཚང་མར་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཡོད་པ་གསལ་པོ་རེད་འདུག དེའི་ཕྱིར་གང་ཟག་སོ་སོས་རྩོལ་ལེན་ལ་རག་ལས་འདུག་གོ་སྙམ། །
བདེ་གཤེགས་སྙིང་པོ་དང་ཁམས་དཀར་པོ་གཉིས་འདྲ་བོ་ཡོད། མཐར་ཐུག་གི་བདེ་བ་ཆེན་པོ་ཞིག་གི་ཀློང་ནས་མ་གཏོགས་མཇལ་རྒྱུ་མེད།
གཤེགས་སྙིང་དང་ཐིག་ལེ་ཕལ་ཆེར་དོན་གཅིག་མིང་གི་རྣམས་གྲངས་ཡིན་གྱི་རེད།
རྔ་བ་རྒྱལ་ཁམས་པ་ལགས།
དེ་བཞིན་གཤེགས་པའི་སྙིང་བོ་ཟེར་བ་དེ་རྡོག་རྡོག་ཞུས་ན། མཐའ་མེད་དུ་འཕེལ་རྒྱས་གཏང་རྒྱུ་ཡོད་པའི་སེམས་ཀྱི་ཆོས་ཉིད་དེ་ལ་གོ་ན་འགྲིག
གཞན་པ་ཇེ་དཀའ་གཏོང་དགོས་དོན་མི་འདུག
ཁམས་བདེ་བར་གཤེགས་པའི་སྙིང་པོའམ། བདེ་བཞིན་གཤེགས་པའི་རིགས་སམ། སངས་རྒྱས་ཀྱི་རིགས་ཏེ། དེ་ནི་སེམས་ཅན་རྒྱུད་ཀྱི་སེམས་གསལ་རིགས་དང་། དེའི་སྟེང་གི་སྟོང་ཉིད་ལ་གོ་དགོས། གཉུག་སེམས་ནི། སྔགས་བླ་མེད་འབའ་ཞིག་ནང་ལ་གསུངས་པའི་གཉུག་མའི་འོད་གསལ་ལ་གོ་དགོས། སྔ་མ་སངས་རྒྱས་ས་ལ་མེད། དེ་ནི་སངས་རྒྱས་ཀྱི་ས་ལ་ཡང་ཡོད། འདི་གཉིས་ཅུང་མི་འདྲའོ།།
གཉུག་སེམས་ནི། སོ་སོ་སྐྱེ་བོའི་དུས་སུ། ཧབ་སྦྲིད་རྒྱབ་པ། དྲན་མེད་དུ་བརྒྱལ་བ། འཆི་དུས་དང་། ཕོ་མོ་འཁྲིག་པའི་ཁུ་བ་རྫག་པའི་དུས་སུ་ལྷམ་ཙམ་ལྷམ་ཙམ་མངོན་དུ་འགྱུར་པ་ཡོད་པས། སྔགས་བླ་མེད་ནང་ལ་ཡབ་ཡུམ་གཉིས་སྦྱོར་སྒོམ་དགོས་དོན་ཡང་འདི་ཉིད་ཀྱིས་གནད་ལ་ཐུག་གོ།
༸རྗེའི་འགྲེལ་པ་བཞི་སྦྲགས་བགྲོ་གླེང་ཚུགས་འགོ་ཐོས་པས་རྐྱེན་བྱས་འདིར་ཡང་འདི་ཙམ་བྲིས་ཐལ་ཤོར་བས། རྩ་གསུམ་སྤྱན་སྔར་མཐོལ་ལོ་བཤགས།།
རྒྱུ་སྐྱབས་དང་འབྲས་སྐྱབས་ལྟར། བདེ་གཤེགས་སྙིང་བོ་འདི་ལ་རྒྱུའི་བདེ་གཤེགས་སྙིང་བོ་དང་། འབྲས་བུའི་བདེ་གཤེགས་སྙིང་བོ་སྟེ། རྒྱུ་འབྲས་ཆ་ནས་གཉིས་སུ་ཕྱེ་ཆོག་པར་སྣང་། རྒྱུ་བདེ་གཤེགས་སྙིང་བོ་ལས་འཁོར་བ་འབྱུང་ཞིང་། འབྲས་བུའི་བདེ་གཤེགས་སྙིང་བོ་ལས་མྱང་འདས་འབྱུང་། ལམ་གྱི་གནས་སྐབས་སུ་རྒྱུ་བདེ་གཤེགས་སྙིང་བོའི་སྣང་ཆ་ཡུལ་ཐོག་ཏུ་ཤོར་བ། རྣལ་འབྱོར་བས་ལམ་སྒོམ་པ་ལ་བརྟེན་ནས་སྣང་ཆ་དེ་གཤེགས་སྙིང་རང་གི་ཡིན་ལུགས་ཀྱི་སྟེང་དུ་ཚུར་ངོ་འཕྲོད་པ་ལས་སངས་རྒྱས་འབྱུང་བ་སྟེ། ཡོང་གྲགས་འོད་གསལ་མ་བུ་ངོ་སྤྲོད་ལུགས་དང་གོ་བ་ལེན་ཚུལ་ཕྱོགས་འདྲ་བྱས་ན་འགྲིགས་ཀྱིན་ཡོད་པ་འདྲ། སྔགས་ལུགས་འགའ་ཞིག་ན། ཆ་སྙོམ་མི་རེའི་ཉིན་ཞག་ཕྲུགས་གཅིག་རྣམ་རྟོག་གི་གཡོ་བའི་ནང་། ཡེ་ཤེས་ཀྱི་རླུང་གི་གཡོ་བ་བརྒྱ་ཆ་ཉི་ཤུ་ནས་སུམ་ཅུའི་བར་རྒྱུ་བཞིན་ཡོད་པར་གསུངས། ཉམས་ལེན་ལ་བརྟེན་ནས་ཡེ་ཤེས་ཀྱི་རླུང་གི་རྒྱུ་བ་ཤུགས་གོང་ནས་གོང་དུ་སྤེལ་ཞིང་། རྣམ་རྟོག་གི་རང་འགའ་བའི་རྒྱུ་བ་ཤུགས་ཆུང་ནས་ཆུང་དུ་བཏང་མཐར་བདེ་གཤེགས་སྙིང་བོའི་སྣང་བ་ཕྱོགས་མེད་དུ་འཕེལ་ཐུབ་པ་ཞིག་ཨེ་ཡིན་སྙམ། ང་རྨོངས་ས་ནི། ང་ཚོའི་ཐ་མལ་བའི་རྣམ་རྟོག་གི་སྣང་བ་འདིའི་ཁྲོད་ན། བདེ་གཤེགས་སྙིང་བོའི་ནུས་པ་སླེབས་ཡོད་དམ་མེད། མེད་ན་བདེ་གཤེགས་སྙིང་བོས་ཀུན་ལ་ཁྱབ་ཚུལ་ཅི་ཡིན། ཡོད་ན་དེ་ཅི་ལྟར་བྱས་ནས་ངོས་ཟིན་ཐུབ་བམ། ཐ་མལ་བའི་སྣང་ཚུལ་འདི་ཚོ་སྟོང་དང་རྟེན་འབྱུང་གི་ལྟ་སྟངས་ཀྱི་ཐོག་ནས་བཅོས་བསྒྱུར་བཏང་སྟེ། བསམ་བློ་ཡང་ཡང་གཏོང་བ་འདི་གཤེགས་སྙིང་གི་ཕྱོགས་སུ་གཞོལ་བཞིན་ཡོད་དམ་མེད། རྣམ་པ་ཚོ་ཕེབས་ནས་དགོངས་འཆར་མང་བོ་ཞིག་གནང་འདུག་པར་གུས་འདུད་ཞུའོ།།
ཅུང་ཟད་སྤྲོས་ནས་བརྗོད་ན། མདོ་ལུགས་ཀྱི་བདེ་གཤེགས་སྙིང་པོའམ་རིགས་ལ་གཉིས་སུ་གསུངས་ཏེ། དྲུག་པ་ཡིད་ཤེས་སམ། སེམས་གསལ་རིག་དེ་དང་། དད་སོགས་དགེ་བའི་ཆོས་རྣམས་རྒྱས་འགྱུར་གྱི་རིགས་དང་། གསལ་རིག་དེའི་སྟེང་གི་སྟོང་ཉིད་དེ་ལ། རང་བཞིན་གནས་རིག་གི་རིགས་སུ་གསུངས་ཡོད་རེད།
དང་པོའི་ཡེ་ཤེས་ཆོས་སྐུའི་རྒྱུ་བྱས་པས། འཁོར་འདས་གཉིས་ཀྱི་གཞི་དང་ཀུན་གཞིར་གསུངས་པ་དང་། རང་བཞིན་གནས་རིག་གི་རིགས་དེ་གནས་འགྱུར་པ་ན། སངས་རྒྱས་ཀྱི་སར་ངོ་བོ་ཉིད་སྐུའི་ངོ་བོར་འགྲོ་བས། རིགས་ལ་ཆོས་སྐུའི་མིང་གི་གསུང་དོན་ཡང་དེ་ལ་ཐུག འདིར་མཉུག་སེམས་ཀྱི་ཐ་སྙད་མེད།
གཉུག་སེམས་ནི། མདོ་ལུགས་ལ་ཕར་ཞོག བྱ་རྒྱུད་སོགས་རྒྱུད་སྡེ་འོག་མ་གསུམ་ལ་ཡང་གསུངས་མེད། གཉུག་མའི་སེམས་སམ་གཉུག་མའི་འོད་གསལ་ནི། གསང་སྔགས་བླ་ན་མེད་འམ། བླ་མེད་འབའ་ཞིག་གི་བརྡ་ཆད་ཅིག་རེད། གཞི་དུས་ཀྱི་གཉུག་སེམས་ནི། མཆན་བུ་༡༣པར་ཞུས་ཟིན། ལམ་དུས་ཀྱི་གཉུག་སེམས་ནི། བསྐྱེད་རིམ་གྱི་རྟོགས་པ་བརྟན་པོའི་སྒོ་ནས། རྗོགས་རིམ་གྱི་རྩ་རླུང་ཐིག་ལེ་གནད་དུ་བསྣུན་ནས། རླུང་དབུ་མར་གཞུག་པའི་སྒོ་ནས་གཉུག་སེམས་མངོན་དུ་ཕྱོགས་པ་དང། གཉུག་སེམས་དེས་སྟོང་ཉིད་ངེས་པར་བྱས་ནས་ཟུང་འཇུག་མངོན་བྱ་ཚུལ་ཞིག་གསུངས་པ་འདྲ། དེས་ན་གཞི་དུས་ཧབ་སྦྲིད་སོགས་ཀྱི་སྐབས་སུའང་རླུང་དབུ་མར་རང་བཞིན་གྱིས་གཞུག་འགྲོ་བ་འདོད་མིན་ནམ་སྙམ་ཡང་། ད་དུང་ཁུངས་བཙལ་ནས་དཔྱད་པར་བྱའོ།།
བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །གསུངས་པ་མ་གཏོགས་བདེ་གཤེགས་སྙིང་པོས་སེམས་རྒྱུད་ཡོངས་ལ་ཁྱབ་གསུངས་མེད།
དེའི་ཞོར་གྱི་ཚིག་སྟེ་༼འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད་༽ཅེས་བ་དེས་སེམས་ཅན་ལ་ཁྱབ་པ་བསྟན་ཡོད།
བདེ་གཤེགས་སྙིང་བོས་འགྲོ་བ་ཡོངས་ལ་ཁྱབ་དང་བདེ་གཤེགས་སྙིང་བོ་འགྲོ་བ་ཡོངས་ལ་ཁྱབ་ཅེས་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད།
ད་ནི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་སྣང་བ་ཞུས་ནས། རིགས་ལམ་གྱི་སྒོ་ནས་དཔྱར་པར་བྱ་སྟེ།
མདོ་ལུགས་་ལ།
ལུས་ཅན་ཀུ་ཆོས་ཅན། འཚང་རྒྱ་རུང་ཡིན་ཏེ། དེ་དག་གི་སེམས་གསལ་ཞིང་རིག་པ་དང་། དེའི་སྟེང་གི་ཆོས་ཉིད་དང་། བདེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་སམ། དེ་བཞིན་ཉིད་ཀྱི་ངོ་་བོ་ལ་དབྱེར་མེད་པའི་ཕྱིར། དཔེར་ན། འཁོར་ལོ་སྒྱུར་པའི་རྒྱལ་པོ་འགྱུར་བར་ངེས་པའི་བཙུན་མོའི་མངལ་་ནང་གི་རྒྱལ་སྲས་བཞིན་ནོ།།
གསང་སྔགས་བླ་མེད་དམ། རྫོགས་པ་ཆེན་པོའི་ལུགས་ལ།
ལུས་ཅན་ཀུན་ཆོས་ཅན། ཡང་སངས་རྒྱ་རུང་ཡིན་ཏེ། ཐོག་མ་མེད་ནས་རང་ཆས་སུ་ཡོད་པའི་གཉུག་སེམས་དེ། བློ་བུར་གྱི་ཀུན་རྟོག་སྒྲིབ་བྲལ་ཡིན་པ་དང་། དེའི་རང་བཞིན་ཆོས་ཉིད་དང་། རྒྱལ་བ་རྡོ་རྗེ་འཆང་གི་ཆོས་ཀྱི་དབྱིངས་སམ། དེ་བཞིན་ཉིད་ཀྱི་ངོ་་བོ་ལ་དབྱེར་མེད་པའི་ཕྱིར། དཔེར་ན། བློ་བུར་སྤྲིན་གྱིས་སྒྲིབ་པའི་ཉི་མའམ། ཟླ་བ་བཞིན་ནོ།།
རྣལ་འབྱོར་ལམ་གྱི་གནས་སྐབས་སུ་གཞི་ལམ་འབྲས་བུའི་རྣམ་བཞག་འཇོག་པ་ཙམ་ལས། མཐར་ཐུག་གི་དོན་ལ་གཞི་འབྲས་དབྱེར་མེད། འཁོར་འདས་དབྱེར་མེད། བདེན་གཉིས་ཟུང་འཇུག་། གཉིས་མེད་ཡེ་ཤེས། སྤྲོས་བྲལ་འོད་གསལ་འདུས་མ་བྱས་པའི་རང་བཞིན་དེ་མངོན་དུ་གྱུར་མ་ཐུབ་ན་སེམས་ཀྱི་དམ་པ་ཆོས་སྐུའི་ཞལ་རས་འཇལ་མི་ཐུབ། གཉུག་སེམས་ཀྱི་རྒྱུན་སྐྱོང་མི་ཐུབ། རིག་པ་གཞི་ལས་གཡོ་ཞིང་གྲོལ་བའི་དུས་ཞིག་བསྐལ་པར་བསྒྲུབ་ཀྱང་མི་ཡོང། དེས་ན་འདུས་མ་བྱས་ཀྱི་ཆེ་བ་ནི། འཕགས་པའི་གང་ཟག་གོ། ཞེས་པ་ལྟར་འོད་གསལ་གསལ་འདུས་མ་བྱས་པའི་རང་བཞིན་ནམ་རྒྱུ་བདེ་བར་གཤེགས་པའི་སྙིང་པོ་དེ་མངོན་དུ་གྱུར་པའི་ཐབས་ལ་བླ་མའི་མན་ངག་དང་སློབ་མའི་མོས་གུས་གཉིས་མ་འཛོམས་ན་ཐབས་མེད་པ་འདྲ་ཞིག་རེད་སྙམ། བླ་མ་མེད་པའི་གོང་རོལ་ན། སངས་རྒྱས་བྱ་བའི་མིང་ཡང་མེད། ཞེས་པའི་རྒྱུ་མཚན་ཡང་དེ་འདྲ་ཞིག་གོ་དགོས་སོ། ས་བཅད་མ་སྟོང་ཙམ་གྱི་རྒྱུགས་སྤྲོད་འདི་རྔ་བ་རྒྱལ་ཁམས་ལ་གུས་པས་ཕུལ།
རླུང་འོད་ཟེར་ལྔ་པ་ཞེས་པ་འདིས་ཅིག་དྲན་དུ་བཅུག་སོང་། གཉུག་སེམས་འོད་གསལ་དེ་ཡང་། ལྡོག་ཆས་སྒོ་ནས་རླུང་དང་། གསལ་རིག་སོ་སོར་ཕྱེ་ནས། རླུང་གིས་གཟུགས་སྐུའི་ཉེར་ལེན་བྱེད་པ་དང་། གསལ་རིག་གི་ཆོས་སྐུའི་ཉེར་ལེན་བྱེད་པ་འདིས། སྐུ་ཐུགས་ཟུང་འཇུག་གི་གོ་དོན་ཡང་དེ་ཉིད་དུ་ཚང་ངོ་།། །།དགེའོ།། དགེའོ།། །།དགེ་བར་འགྱུར་ཅིག། །།
བདེ་གཤེགས་སྙིང་པོ་འགྲོ་བ་ཡོངས་ལ་ཁྱབ་གསུང་པ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ་གསུངས་ན་གོ་དོན་ག་རེ་རེད། མ་གཞི་ནི་བདེ་གཤེགས་སྙིང་པོའི་ངོ་བོར་སངས་རྒྱས་དང་སངས་རྒྱས་ཀྱི་རིགས་སམ་ས་བོན། ཆོས་ཉིད་སོགས་བོད་ཀྱི་ཆོས་རྒྱུད་ཁག་གིས་འདོད་ཚུལ་མི་འདྲ་བ་མང་། འོན་ཀྱང་འདི་མདོ་ཕྱོགས་དང་འབྲེལ་ནས་གསུངས་བ་ལས་གསང་སྔགས་ཀྱི་གཞུང་དང་ཐད་ཀ་འགྲེལ་ན་མི་ལེགས།
ངས་དྲི་བ་ཞིག་ཡོད་ལན་སུས་འདེབས་ཐུབ་མིན་ལྟ་རྒྱུ་ཡིན། བོད་རྒྱུད་ནང་བསྟན་རྗེས་འཛིན་པ་དག་གི་ལྟ་གྲུབ་ཐམས་ཅད་ཀྱི་འཕྲོས་གཞི་ནི་རྒྱུད་བླ་ཡིན་པར་བཤད་པས། དེས་ན་རྒྱུད་བླ་ནས་ཁམས་བདེར་གཤེགས་སྙིང་པོ་ཞེས་པར་་་་བོད་རྒྱུད་ནང་བསྟན་པ་དག་གིས་མི་རེས་ལྟ་གྲུབ་མི་མཐུན་པ་རེ་བཤད་ཡོད་པས་དེ་དག་ལས་གང་བདེན་པ་ཡིན་ནམ། འཕྲོས་གཞི་གཅིག་ཡིན་པ་ལ་བཤད་ཚུལ་དང་འདོད་ཚུལ་མི་མཐུན་པ་ཇི་ལྟར་བྱས་སྟེ་བྱུང་བ་ཡིན་ནམ། འོན་ཀྱང་དེང་དུས་རིས་མེད་ཅེས་ཕྱི་ཚུལ་མཛེས་མཛེས་ཀྱིས་་་་་་བོད་རྒྱུད་ནང་བསྟན་པའི་ལྟ་གྲུབ་རྣམས་་་་་དཔེར་ན་་་་གནམ་གྲུའི་ཚོན་མདོག་མི་འདྲ་བ་ཙམ་ལས་སླེབ་ས་གཅིག་པ་ཡིན་ཚུལ་གྱིས་མཛེས་མཛེས་བཤད་བཞིན་ཡོད། དོན་དུ་དེ་དག་ཐམས་ཅད་ནང་འགལ་ཤ་སྟག་མིན་ནམ། ནང་འགལ་མིན་ཚེ་ཆོས་རྒྱུད་ཀྱི་མཁས་གྲུབ་དེ་དག་གིས་གཅིག་གིས་གཅིག་ལ་དགག་དགོས་པའི་རྒྱུ་མཚན་གང་ཡིན་ནམ། མ་གཞི་ནས་བོད་མི་འདི་དག་ཨང་གསར་ཅན་ཅིག་ཡིན་པར་ཐག་ཆོད། དང་པོ་བོན་པོ་དར་དེ་ནས་བོན་ལ་དགག་པ་བརྒྱབ་ནས་དོར། དེ་ནས་རྙིང་མ་དར་དེ་ལའང་ས་དགེ་བཀའ་རྒྱུད་པས་དགག་པ་བརྒྱབ། དེ་ནས་བཀའ་རྒྱུད་དར་དེ་ལའང་དགག་པ་བརྒྱབ། དེ་ནས་ས་སྐྱ་དར་དེ་ལའང་དགག་པ་བརྒྱབ་དེ་ནས་ཇོ་ནང་དེ་ལའང་དགག་པ་བརྒྱབ་ནས་མཐར་བསྣུབ་པར་བརྩམས། དེ་བྱེད་དུས་ཆོས་བྱེད་མི་སྣ་འདི་དག་ལ་ཅི་ཞིག་བསམ་གྱི་ཡོད་དམ། རྨོངས་དད་ཤ་སྟག་གིས་གཅིག་གིས་གཅིག་ལ་གནོད་པ་ཅི་ལྟར་བྱས་མི་འདུག་གམ། ཡང་ན་ཐམས་ཅད་རྫུན་ཆོས་ཤ་སྟག་མིན་ནམ།
བོན་པོའི་ཆོས་མ་གཏོགས་ཚང་མ་རྫུན་མ་རྫུན་ནག་རེད། བོད་ཀྱི་ས་སྐྱེས་རྡོ་སྐྱེས་གི་ཆོས་གདོད་མའི་བོན་ལུགས་འདྲ་བ་ཞིག་ག་ན་ཡོད། དྲ་གྲོགས་ཚོས་མཁྱེན་པར་མཛོད་ཅིག།
རྔ་བ་རྒྱལ་ཁམས་པ་ལགས། “རྒྱུ་སྐྱབས་དང་འབྲས་སྐྱབས་ལྟར། བདེ་གཤེགས་སྙིང་བོ་འདི་ལ་རྒྱུའི་བདེ་གཤེགས་སྙིང་བོ་དང་། འབྲས་བུའི་བདེ་གཤེགས་སྙིང་བོ་སྟེ། རྒྱུ་འབྲས་ཆ་ནས་གཉིས་སུ་ཕྱེ་ཆོག་པར་སྣང་། རྒྱུ་བདེ་གཤེགས་སྙིང་བོ་ལས་འཁོར་བ་འབྱུང་ཞིང་། འབྲས་བུའི་བདེ་གཤེགས་སྙིང་བོ་ལས་མྱང་འདས་འབྱུང་།‚‚
རྒྱུ་བདེ་གཤེགས་སྙིང་པོ་དང་འབྲས་བུ་བདེ་གཤེགས་སྙིང་པོ་ཞེས་པ་ཞིག་གོ་མ་མྱོང། ཁྱེད་ཀྱིས་སྐྱབས་ཀྱི་དཔེ་བཞིན་ཐ་སྙད་བྱེད་ན་ཡང་རྒྱུ་བདེ་གཤེགས་སྙིང་པོ་ལས་འཁོར་བ་དང། འབྲས་བུ་བདེ་གཤེགས་སྙིང་པོ་ལས་མྱང་འདས་བྱུང་བ་མི་འཐད་དེ་འབྲས་སྐྱབས་སངས་རྒྱས་ཀྱི་སར་བཞེས་པ་བཞིན། འབྲས་བུ་བདེ་གཤེགས་སྙིང་པོ་ཡང་སངས་ཀྱི་སར་འདོད་དགོས་པའི་ཕྱིར། འོ་ན་སངས་རྒྱས་ཀྱི་ས་ན་བདེ་གཤེགས་སྙིང་པོ་ཡོད་དམ་ཞེས་ན་ཡོད་པ་ཡིན་དེ། རྒྱུ་བླ་མ་ལས། མ་དག་མ་དག་དག་པ་དང། །ཤིན་ཏུ་རྣམ་དག་ཞེས་པའི་ཤིན་རྣམ་དག་དེ་སངས་རྒྱས་ཀྱི་ས་ལ་བྱེད་དགོས་པའི་ཕྱིར། “འདི་ཕྱག་ལའང་་་་་་་‚‚
ཕྱག་ལགས། “དྲུག་པ་ཡིད་ཤེས་སམ། སེམས་གསལ་རིག་དེ་དང་། དད་སོགས་དགེ་བའི་ཆོས་རྣམས་རྒྱས་འགྱུར་གྱི་རིགས་དང་། གསལ་རིག་དེའི་སྟེང་གི་སྟོང་ཉིད་དེ་ལ། རང་བཞིན་གནས་རིག་གི་རིགས་སུ་གསུངས་ཡོད་རེད།‚‚
དྲུག་པ་ཡིད་ཤེས་ཀྱི་སྟེང་གི་ཟག་མེད་འབྱུང་རུང་གི་ནུས་དེ་ལ་རིགས་ཞེས་གསུངས་ཡོད་པ་ལས་དྲུག་པ་ཡིད་ཤེས་ཁོ་རང་ལ་རྒྱས་འགྱུར་གྱི་རིགས་ཞེས་གསུངས་ཡོད་པ་མ་རེད། ༡)ཉན་ས་ལས། ས་བོན་དེ་ནི་སྐྱེ་མཆེད་དྲུག་པོ་དེ་དག་ལས་ལོགས་ཤིག་ན་ཐ་དད་པའི་མཚན་ཉིད་མེད་དེ། ༢)རྒྱ་མཚོ་སྤྲིན་ལས། ས་བོན་དེ་ཡང་འདུས་བྱས་ལས་དེ་ཉིད་གཞན་དང་གཞན་དུ་བརྗོད་པ་ལས་གྲོལ་བ་གཟུང་བར་མི་ནུས་པ་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར།
གནས་གྱུར་ཀྱང་ཁྱེད་ལྟར་མ་ཡིན་དེ། ཀུན་གཞི་གནས་གྱུར་པས་ཆོས་སྐུ་དང་། ཉོན་ཡིད་གནས་གྱུར་ལོངས་སྐུ་དང་། སྒོ་ལྔའི་རྣམ་ཤེས་གནས་གྱུར་བཙུན་བས་བཞེད།
ཙནྡྲ་གོ་མིས་ཀྱང། གང་ཡང་ཀུན་གཞིའི་རྣམ་པར་ཤེས། །མེ་ལོང་ཡེ་ཤེས་ཉིད་གྱུར་པ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ནི། །ངོ་བོ་ཉིད་དུ་འགའ་ཞིག་འདོད། །ཅེས་དང། ཉོན་མོངས་ཅན་ཡིད་གནས་གྱུར་པ། །ནས། ཡིད་ཀྱི་རྣམ་ཤེས་དེ་ཉིད་དེ། །དེ་དག་ལོངས་སྤྱོད་རྫོགས་སྐུར་འདོད། །ཅེས་དང། དབང་པོ་ལྔ་ཡི་རྣམ་ཤེས་གང་། །ནས། སངས་རྒྱས་རྣམས་ཀྱི་སྤྲུལ་སྐུ་དེ། །སྤྲུལ་པ་རྣམས་ཀྱི་རྒྱུ་ཡིན་པར། །ཞེས་དང་། ཁ་ཅིག་ཡིད་ནི་ཁོ་ན་ལ། །སྤྲུལ་པའི་སྐུ་ཉིད་དུ་ནི་རྟོགས། །དབང་པོ་ལྔ་ཡི་རྣམ་ཤེས་གང་། །དེ་ཡི་ལོངས་སྤྱོད་རྫོགས་སྐུར་རོ། །ཞེས་གསུངས་པའི་ཕྱིར། ཞིབ་པར་གཟིགས་པར་འཚལ།།
རྒྱལ་བའི་བཀའ་ལས་བདེ་གཤེགས་སྙིང་བོ་བསྟན་ཚུལ་འགའ་ཞིག་ནི།
སངས་རྒྱས་ཕལ་བོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་མཉམ་པའི་དར་ཡུག་ཆེན་པོ་གཅིག་ཡོད་པར་གྱུར་ལ། དར་ཡུག་ཆེན་པོ་དེ་ལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྫོགས་པར་བྲིས་པར་གྱུར་ཏེ། འདི་ལྟ་སྟེ་ཁོར་ཡུག་ཆེན་པོའི་ཚད་ནི་ཁོར་ཡུག་ཆེན་པོ་བྲིས། ས་ཆེན་པོའི་ཚད་ནི་ས་ཆེན་པོ་བྲིས། སྟོང་གཉིས་བར་མའི་འཇིག་རྟེན་གྱི་ཚད་ནི་སྟོང་གཉིས་བར་མའི་འཇིག་རྟེན་གྱི་ཁམས། སྟོང་གི་འཇིག་རྟེན་གྱི་ཁམས་ནི་སྟོང་གི་འཇིག་རྟེན་གྱི་ཁམས། གླིང་བཞི་བའི་འཇིག་རྟེན་གྱི་ཁམས་ཀྱི་ཁམས་ཀྱི་ཚད་དུ་ནི་གླིང་བཞི་བའི་འཇིག་རྟེན་གྱི་ཁམས། རྒྱ་མཚོ་ཆེན་པོའི་ཚད་དུ་ནི་རྒྱ་མཚོ་ཆེན་པོ། འཛམ་བུ་གླིང་གི་ཚད་དུ་ནི་འཛམ་བུ་གླིང་། ཤར་གྱི་ལུས་འཕགས་ཀྱི་ཚད་དུ་ནི་ཤར་གྱི་ལུས་འཕགས་གླིང་། ནུབ་ཀྱི་བ་ལང་སྤྱོད་ཀྱི་ཚད་དུ་ནི་ནུབ་ཀྱི་བ་ལང་སྤྱོད། བྱང་གི་སྒྲ་མི་སྙན་གྱི་ཚད་དུ་ནི་བྱང་གི་སྒྲ་མི་སྙན། རི་རབ་ཀྱི་ཚད་དུ་ནི་རི་རབ། ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་ནི་ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་། །འདོད་པ་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི། འདོད་པ་ན་སྤྱོད་པའི་ལྷའི་གཞན་ཡས་ཁང་། གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི། གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་བྲིས་སོ།། དར་ཡུག་ཆེན་པོ་དེ་ཡང་ཆུ་ཞེང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་དུ་གྱུར་ལ། དར་ཡུག་ཆེན་པོ་དེ་ཡང་། རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་བཅུག་པར་གྱུར་ཏོ།། ཇི་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་དར་ཡུག་ཆེན་པོ་བཅུག་པ་དེ་བཞིན་དུ། རྡུལ་ཕྲ་རབ་ཀྱི་རྡུལ་མ་ལུས་པ་རྣམས་སུ་དེའི་ཚད་ཀྱི་དར་ཡུག་ཆེན་ནང་དུ་བཅུག་པར་གྱུར་ཏོ།། དེ་ནས་མཁས་པ་མཛངས་པ་གསལ་བ་ཡིད་གཞུངས་པ། དེར་ཉེ་བར་ཞུགས་པའི་སྤྱོད་པ་དང་ལྡན་པའི་སྐྱེད་བུ་འགའ་ཞིག་སྐྱེས་ཏེ། དེའི་མིག་ལྷའི་མིག་ཏུ་གྱུར་ཅིང་ཀུན་ཏུ་ཡོངས་སུ་དག་པ་འོད་གསལ་བར་གྱུར་པ་ཅིག་ལ། དེས་ལྷའི་མིག་གིས་རྣམ་པར་བལྟས་ཏེ། འདི་ལྟ་བུར་གྱུར་པའི་དར་ཡུག་ཆེན་པོ་འདི་རྡུལ་ཕྲ་རབ་ཀྱི་རྡུལ་ཆུང་ངུ་འདི་ཉིད་ལ་གནས་ཏེ། སེམས་ཅན་འགའ་ལ་ཡང་ཉེ་བར་འཁོར་བར་མ་གྱུར་ཏོ།། དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་མ་ལ་གང་དག་གིས་བརྩོན་པ་ཆེན་པོའི་སྟོབས་དང་མཐུས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་སྟེ། དར་ཡུག་ཆེན་པོ་འདི་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱའོ་སྙམ་པས། དེ་བརྩོན་འགྲུས་ཆེན་པོའི་སྟོབས་ཀྱི་མཐུ་བསྐྱེད་དེ་རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་ནས་བསམ་པ་ཇི་ལྟ་བ་བཞིན་དུ། དར་ཡུག་ཆེན་པོ་དེས་འགྲོ་མ་མཐའ་དག་ཉེ་བར་འཚོ་བར་བྱེད་ཅིང་གཅིག་ལས་ཇི་ལྟ་བ་དེ་བཞིན་དུ་རྡུལ་ཕྲ་རབ་ལུས་པ་མེད་པ་མཐའ་དག་ལ་དེ་ཁོ་ན་བཞིན་བྱེད་དོ།། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེ་དོ་ཞེས་གསུངས་སོ།།
རྒྱན་སྟུག་པོ་བཀོད་པའི་མདོ་ལས། བློ་གྲོས་ཆེན་པོས་གསོལ་བ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་བརྗོད་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོས་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར་ཕུང་བོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཟིལ་གྱིས་ནོན་པ། ཡོངས་སུ་རྟོག་པའི་དྲི་མས་དྲི་མ་ཅན་དུ་གྱུར་བ། རྟག་པ་དང༌།བརྟན་པ་དང་ཐེར་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་སྨྲ་བ་འདི། མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། བློ་གྲོས་ཆེན་པོ། ངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི། མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། མྱ་ངན་ལས་འདས་པ་དང༌། མ་སྐྱེས་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་
བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་པའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། འདི་ལ་བློ་གྲོས་ཆེན་པོ། མ་འོངས་པ་དང༌། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ།། བློ་གྲོས་ཆེན་པོ། དེའི་དོན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་མཛད་དོ།། དེ་ལྟ་བས་ན་འདི་ནི་མུ་སྟེགས་བྱེད་པའི་བདག་ཏུ་སྨྲ་བ་དང་མཚུངས་པ་
མ་ཡིན་ནོ།། བློ་གྲོས་ཆེན་པོ། དེ་ལྟ་བས་ན་མུ་སྟེགས་བྱེད་ཀྱི་ལྟ་བ་རྣམ་པར་བཟློག་པའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པའི་རྗེས་སུ་འཇུག་པར་བྱའོ།། ཞེས་དང༌། ཡང་དེ་ཉིད་ལས། བློ་གྲོས་ཆེན་པོ། གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ལ་མེད་དུ་ཟིན་ན། བློ་གྲོས་ཆེན་པོ། དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་མེད་པས་འཇུག་པའང་མེད། ལྡོག་པའང་མེད་པར་འགྱུར་ན། བློ་གྲོས་ཆེན་པོ། བྱིས་པ་དང༌། འཕགས་པ་རྣམས་ལ་འཇུག་པ་དང༌། ལྡོག་པའང་ཡོད་དོ།། རྣལ་འབྱོར་ཅན་བརྩོན་པ་མི་འདོར་བ་རྣམས་བདག་གི་སོ་སོ་རང་གི་རིག་པ་ཚེ་འདི་ལ་དགེ་བར་སྤྱོད་པས་གནས་སོ།། བློ་གྲོས་ཆེན་པོ། དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པའི་སྤྱོད་ཡུལ་དེ་ནི་ཉན་ཐོས་དང༌། རང་སངས་རྒྱས་དང༌། མུ་སྟེགས་ཅན་རྣམ་པར་དཔྱོད་པའི་ལྟ་བ་ཅན་རྣམས་ཀྱི་ཁོང་དུ་ཆུད་པར་དཀའོ།།
རང་བཞིན་ཡོངས་སུ་དག་པ་ཡིན་མོད་ཀྱང༌། གློ་བུར་གྱི་ཉོན་མོངས་པས་ཉེ་བར་ཉོན་མོངས་པའི་ཕྱིར་དེ་རྣམས་ལ་མ་དག་པ་ལྟར་སྣང་སྟེ། དེ་བཞིན་གཤེགས་པ་རྣམས་ལ་ནི་མ་ཡིན་ཏེ། བློ་གྲོས་ཆེན་པོ། དེ་བཞིན་གཤེགས་པ་རྣམས་ལ་ནི་ལག་མཐིལ་ན་སྐྱུ་རུ་རའི་འབྲུ་བཞིན་དུ་མངོན་སུམ་གྱི་སྤྱོད་ཡུལ་དུ་འགྱུར་རོ།།
གཉིས།
ཁམས་བདེ་བར་གཤེགས་པའི་སྙིང་བོ་ཞེས་པ། ཆོས་ཀྱི་དབྱིངས་ནམ་མཁའ་ལྟ་བུ་ཞིག་རེད། སེམས་དང་སེམས་བྱུང་གི་འཇིག་རྟེན་མཐའ་དག་དབྱིངས་ཀྱི་མཁའ་ཀློང་དུ་བཏབ་པའི་སྐར་ཚོགས་དང་གོ་ལའི་འཇིག་རྟེན་རེད། ཁམས་གསུམ་འཁོར་བ་ཅི་ལྟར་སྐྱེ་འཇིག་བྱས་ཀྱང་། ཆོས་ཀྱི་དབྱིངས་དེར་འཕོ་འགྱུར་ཡོང་མི་སྲིད། ནམ་མཁར་བརྟེན་པའི་ཆོས་རྣམས་ཅི་ལྟར་སྐྱེ་འཇིག་བྱས་རུང་། ནམ་མཁར་སྐྱེ་འཇིག་འབྱུང་མི་སྲིད་པ་ལྟ་བུ་རེད། ངའི་དྲི་བ་གཙོ་བོ་ནི། སེམས་ཀྱི་འཇིག་རྟེན་འདིའི་ནང་ནས་སྙིང་བོ་དེ་མཐོང་ཐུབ་བམ། ཆོས་རྣམས་བདེན་པར་གྲུབ་པ་བཀག་ཙམ་གྱི་སྟོང་ཉིད་དེ་སྙིང་བོ་དེ་ཡིན་ནམ། ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཡིན་པས། སྟོང་བར་གསུངས་པ་དེ་བློ་ངོར་འབབ་ཐུབ་པ་ཞིག་རེད། བློ་ངོར་བབ་པ་ལྟར་མཉམ་བཞག་གི་གནས་སྐབས་སུ་སྟོང་སང་ཞིག་སྣང་བ་དེ་སྙིང་བོའི་ཆར་གཏོགས་ཤིག་ཡིན་ནམ། ཡང་ན་སྙིང་བོ་དེ་རླུང་སེམས་རགས་པ་འགགས་རྗེས་ཤིག་གམ། སེམས་ཀྱི་འཇིག་རྟེན་དང་བྲལ་བའི་རྗེས་ཤིག་མ་གཏོགས་སྣང་མི་ཐུབ་པ་རེད། སྒོམ་གྱི་ཉམས་མྱོང་གི་ཐོག་ནས་གསུངས་ན་བྲོ་བ་མི་འདྲ་ཞིག་ཡོད་རེད། དེ་མ་གཏོགས། ལུང་མང་བོ་ཚིག་ཚོགས་ལས་ཅང་ཡོད་པ་མ་རེད།
རྔ་བ་རྒྱལ་ཁམས་པའི་མཆན་༣༠་བ་སྣང་བ་འགྲོ་སོང་། ཉམས་ལེན་ལ་རྩོལ་བ་དྲག་པོ་ཞིག་བྱས་ན་བར་དོར་སྒུག་མ་དགོས་པར་ཚེར་འདིར་གཞིའི་གནས་ལུགས་སམ་རིག་སྟོང་རྗེན་པ། གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ཞིག་མཐོང་རྒྱུ་ཡོད་པ་གསལ་པོ་རེད། ཕྲན་ལ་འདིའི་སྟེང་ནས་ཉམས་མྱོང་ཕྲན་བུ་རེ་ཡོད་ཀྱང་ཁ་བརྡའི་སྟེང་དུ་འབྲི་འདོད་མ་བྱུང་། །
སྤྱིར་བཏང་ཐེག་པ་ཆེན་པོའི་ནང་གི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཟེར་བ་ཞིག་འདོད་པ་དེའི་འབྱུང་ཁུངས་ནི། ཧིན་དྷུ་མུ་སྟེགས་པའི་ནང་དུ་སྨྲ་བསམ་བརྗོད་དུ་མེད་པའི་བདག་ཅེས་པ་ཞིག་འདོད་མཁན་བྱུང་བ་རེད། དེ་ལ་བརྟེན་ནས་ནང་པ་སངས་རྒྱས་པའི་ཐེག་ཆེན་པས་ཀྱང་བདེ་གཤེགས་སྙིང་པོ་ཟེར་བ་ཞིག་བཟོས་པ་འདྲ། དེ་ནི་བདེ་གཤེགས་སྙིང་པོའི་ལོ་རྒྱུས་དང་འབྱུང་ཁུངས་རེད།
ཐེག་ཆེན་ནང་པའི་ལུགས་ལ། རྒྱུ་བདེ་གཤེགས་སྙིང་པོ་གཞི་ལ་བཞུགས་ཡོད་པ་དེ་ལ་བརྟེན་ནས། ལམ་ཉམས་སུ་ལེན་རྒྱུ་ཡོད་པ། འབྲས་བུ་ཐོབ་རྒྱུ་ཡོད་པ་འདོད་མཁན་ཞིག་ལ། འཇིག་རྟེན་བྱེད་པོ་འདོད་མཁན་མུ་སྟེགས་པའི་བདག་ཆེན་པོ་དེ་བདེ་གཤེགས་སྙིང་པོའི་འབྱུང་ཁུངས་ཡིན་པའི་རྒྱུ་མཚན་ན་ཅིག་མིན་འདུག། གོ་ལོག་ཆེན་པོ་ཤོར་ཉེན་མི་འདུག་གམ།
རེད་རེད།
གཤེགས་སྙིང་སྐོར་བགྲོ་གླེང་ཡག་པོ་འདུག། རྔ་བ་རྒྱལ་ཁམས་པས་གནད་གསང་ཞིག་ཧ་གོ་བྲབ་ཡོད་འདྲ། བཀྲིས་བདེ་ལེགས།
༸རྗེའི་འགྲེལ་པ་བཞི་སྦྲགས་ཀྱི་བགྲོ་གླེང་དང་པོ།
https://www.youtube.com/watch?v=LUZATSuzeAs
ངས་ཁམས་བདེ་གཤེགས་སྙིང་བོ་དང་། གཉུག་སེམས་ཀྱི་སྐོར་ཁ་བརྡར་བཀོད་པ་དང་ཆབས་ཅིག རྡ་སར་སྔགས་ཀྱི་བགྲོ་གླེང་དབུ་ཚུགས་པ་གཉིས། རྟེན་འབྲེལ་མ་བསྒྲིགས་རང་འགྲིགས་སུ་ཕྱིན་འདུག ཧཧཧ
རང་བཞིན་རིགས་ནི་འགྲོ་ཀུན་ལ། རྒྱས་འགྱུར་རིགས་ནི་ལམ་བཞུགས་སོ།
གསུངས་ཡོད་པ་ཡོད། ཁྱེད་རྣམས་པས་རྒྱས་འགྱུར་རིགས་ཀྱི་སྐོར་ལ་རྩ་བ་ནས་མི་གླེང་བ་གང་ཡིན་ནམ། །
ནམ་མཁའ་དང་ཆོས་ཀྱི་དབྱིངས་གཉིས་ཀྱི་ཁྱད་པར་དང་དེ་གཉིས་ཀྱི་ཁྱད་ཆོས་ཤེས་ན་བདེ་གཤེགས་སྙིང་པོའི་གནད་གསང་ཞིག་རྙེད་འོང་གི་རེད།
(རང་བཞིན་རིགས་ནི་འགྲོ་ཀུན་ལ། རྒྱས་འགྱུར་རིགས་ནི་ལམ་བཞུགས་སོ།
གསུངས་ཡོད་པ་ཡོད། ཁྱེད་རྣམས་པས་རྒྱས་འགྱུར་རིགས་ཀྱི་སྐོར་ལ་རྩ་བ་ནས་མི་གླེང་བ་གང་ཡིན་ནམ། །) ཞེས་པའི་རིགས་གཉིས་པོ་དེ་བོན་པོའི་གཞུང་ནས་བཤད་པའི་བདེ་གཤེགས་སྙིང་པོའི་འགྲེལ་བཤད་ཡིན་ལས་ཆེ། ཡིན་ན་དང་པོ་བོན་པོའི་བདེ་གཤེགས་སྙིང་པོ་འདོད་ཚུལ་གསལ་པོ་ཞིག་གླེངཤོག། bonpoལགས།
མང་པོ་དཔྱད་པ་གནང་འདུག་རྗེས་སུ་ཡི་རང་ཡོད། ང་རང་གི་གོ་ཚུལ་བྲི་འདོད་ཆེ་ཡང་ཀམ་པུ་ཊལ་ཡག་པོ་མེད་པས་བྲི་ཁག་པོ་འདུག བདེ་གཤེགས་སྙིང་པོ་ནི་གསལ་སྟོང་ཡ་མ་བྲལ་བ་ཞིག་གི་སྟེང་ནས་ཡོང་དགོས་པ་ནི་རིགས་པས་གྲུབ་པ་རེད། ཡ་བྲལ་རེ་རེའི་སྙིང་པོའི་གོ་བ་ཆབ་ཚང་སློང་མི་ནུས། སྙིང་པོ་ལ་གཞི་ལམ་འབྲསགསུམ་གྱི་སྙིང་པོ་བཤད་ན་སྙིང་པོའི་གོ་དོན་སྟོར་བ་ཡིན་ནོ།། སྙིང་པོ་ཟེར་བའི་ཐ་སྙད་དེས་ཤུན་པ་འདྲ་བོ་ཞིག་གི་ནང་དུ་ཡོད་པ་བསྟན་ཡོད། དེ་ཡིན་དུས། ཉོན་མོངས་ནང་ལ་ཡེ་ཤེས་གནས། ཞེས་སོགས་ཀྱི་གནདཆེན་པོ་ཞིག་བསྟན་པ་ཡིན་ནོ།།
དྲི་མ་དང་བཅས་པའི་ཤེས་པའི་སྟེང་གི་ཆོས་ཉིད་ལ་གོ་བ་གནད་སློང་དགོས།
བླ་མ་མི་ཕམ་ཚང་གི་བདེ་བར་གཤེགས་པའི་སྟོང་ཐུན་ལན་གཅིག་གཟིགས་ན་གོ་བ་མི་འདྲ་བ་རེ་ཡོང་སྲིང། བདེ་བར་གཤེགས་པའི་སྙིང་པོའི་བཤད་པ་འདྲ་མིན་རྣམས་ཀྱིས་གནད་སྡོམ་འདྲ་བོ་ཞིག་གནང་བ་ཡིན་ནོ།།
སྲོག་ཆགས་འཚོ་ཐུབ་པའི་འཚོ་རླུང་གི་ཁམས་ཆེན་པོ་དེ་བདེ་གཤེགས་སྙིང་པོ་མ་རེད་པས།
ཧེ་ཧ་ལོག་འདུག
ཁམས་བདེ་བར་གཤེགས་པའི་སྙིང་བོ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་བཞག་མཐའ་དག་འཇོག་ཡུལ་གྱི་མ་གདན་ལྟ་བུ་ཞིག་རེད། དེའང་སེམས་ཅན་ཚང་མའི་རྒྱུད་ན་ཡོད་པས་སྙིང་བོ་རང་གི་ངོ་བོའི་ཐོག་ནས་བལྟས་ན། སེམས་ཅན་དང་སངས་རྒྱས་གཉིས་ལ་ཁྱད་པར་སྤུ་ཙམ་ཡང་མེད། སྙིང་བོའི་ནུས་རླབས་སྙིང་བོའི་ཆོ་འཕྲུལ་དུ་མ་ཤེས་པས། ཆོས་ཉིད་ཀྱི་རང་སྣང་ལ་ལུས་སུ་བལྟས་ཏེ་སེམས་གྲུབ་ནས་འཁོར་བ་འབྱུང་། སྐར་ཆེན་ལས་མཆེད་པའི་མེ་སྟག་ལྟར། སེམས་ཅན་རང་རྒྱུད་ཀྱི་སྙིང་བོ་ཆོས་ཉིད་ཀྱི་གཡོ་བས་སྒུལ་ཤུགས་ལས། ཕུང་ཁམས་སྐྱེད་མཆེད་ཀྱི་ངོ་བོར་བཞེངས་སྐབས། སྐལ་ལྡན་གྱི་སྐྱེས་བུ་དག་ནི། ཕུང་ཁམས་ཀྱི་སྣང་བ་དེ་དག་སྙིང་བོའི་ཆོ་འཕྲུལ་དུ་ངོ་ཤེས་ནས་ཐ་མལ་གྱི་སྣང་ཞེན་བྲལ་བའི་དག་སྣང་གི་ཞིང་ཁམས་དག་ལ་ལོངས་སུ་སྤྱོད་པར་བྱེད། སྙིང་བོའི་ཆོ་འཕྲུལ་གཞན་རྒྱུད་དུ་སྣང་བའི་གང་ཟག་རྣམས་ནི། བྱིས་པས་འཇའ་ཚོན་བདའ་བ་ལྟར། རང་ཉིད་ཀྱི་སྙིང་བོའི་ནུས་རླབས་ཀྱི་རྗེས་སུ་ཕར་ཕར་འཁྱམས་པས། སྐྱེ་འཆིའི་འཁོར་ལོ་བར་མེད་དུ་སྐོར་བར་བྱེད། ནམ་ཞིག་ཐང་ཆད་ནས་རང་གི་དཀའ་སྡུག་ལ་ཁོ་ཆད་ཅིང་ཡི་མུག ཅིའི་ཕྱིར་དཀའ་སྡུག་འདི་དག་མྱོང་དགོས་མིན་གྱི་ཐད། སེམས་ཁོང་དུ་ཆུད་ནས་བསམ་བློ་ གཏོང་སྐབས། ཚོགས་དྲུག་གི་སྣང་ཐམས་ཅད་ཡིད་ཤེས་ཀྱི་ངོ་བོར་ཐིམ་ཅིང་། ཡིད་ཤེས་ཀྱང་སྙིང་བོའི་དབྱིངས་སུ་འཇའ་ལྟར་དྭངས། ཁམས་གསུམ་འཁོར་བ་དང་དག་པ་རབ་འབྱམས་ཀྱི་ཞིང་གཉིས་ལག་མཐིལ་དུ་བཞག་སྟེ། ངལ་གསོ་ཞིང་ལྟད་མོར་ལྟ་བར་བྱེད་དོ།།
སལ
སྙིང་པོའི་བྱ་བྱེད་ཀྱི་གནས་སྟངས་བཤད་བསྡད་པ་ལས་སྙིང་པོ་ཁོ་རང་གང་ཡིན་ངོས་བཟུང་བ་མི་དྲག་གམ།
རྔ་བ་རྒྱལ་ཁམས་པ་ལགས། ཁྱེད་ཀྱིས།
༼ཡིད་ཤེས་ཀྱང་སྙིང་བོའི་དབྱིངས་སུ་འཇའ་ལྟར་དྭངས།༽ གསུངས་འདུག་པས་དེ་འདྲའི་་་་སྙིང་བོའི་དབྱིངས་་་་དེ་ག་འདྲ་ཞིག་ལ་ངོས་འཛིན་བྱེད་དམ། ཡིད་ཤེས་ཡིན་ནམ་ཡེ་ཤེས་ཡིན། ཚོགས་དྲུག་གི་ནང་དུའང་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་པ་ཟེར་བ་ཞིག་ཡོད་བསམ་སོང་། །
Bonpoལགས། སྐབས་འདིའི་སྙིང་བོའི་དབྱིངས་ཞེས་པ། གཉིས་འཛིན་ཅན་གྱི་རྣམ་རྟོག་ལིང་ལིང་བ་འདིས། ཡེ་ནས་གོས་མ་མྱོང་བའི་རིག་སྟོང་འཛིན་མེད་ཀྱི་གནས་ལུགས་དེར་གོ་དགོས་པ་རེད། ཡིད་ཤེས་ཞེས་པ་སེམས་དང་ཡིད་དང་རྣམ་པར་ཤེས་པ་གསུམ་དོན་གཅིག་ཏུ་བཤད་པའི་སེམས་དེར་གོ་ན་འགྲིགས། ཇི་སྲིད་སེམས་དེ་དང་མ་བྲལ་བར་དུ་སྙིང་བོའི་གནས་ལུགས་དེ་མངོན་དུ་གྱུར་མི་ཐུབ། ཕར་དེད་ན་སེམས་འཁོར་བ་དང་། སྙིང་བོ་མྱང་འདས་ཀྱི་ས་རུ་གོ་དགོས་པ་ཡིན། ཚོགས་དྲུག་གི་སྣང་བ་ཐིམ་ཚུལ་འདི་ལུགས་འབྱུང་ལྡོག་གི་སྣང་གསུམ་འཆར་ཚུལ་ལྟར་བསམ་བློ་བཏངས་ན། བློ་ངོར་འབབ་རྒྱུ་ཞིག་ཡོང་གི་རེད། དེ་ཙམ་ཡིན། ཁྱེད་ཡང་ཡང་ཕེབས་པར་དགའ་བསུ་ཞུའོ།།
ཧེ་བཛྲ་ལགས། ཆོས་ཀྱི་དབྱིངས་དང་ནམ་མཁའ། ཆོས་ཀྱི་དབྱིངས་ཞེས་པ་རྣལ་འབྱོར་བས་ལམ་སྒོམ་སྟོབས་ལས་ཤར་བའི་གནས་ལུགས། འོད་གསལ་སྟོང་བ་ཉིད་ཀྱི་ཆ་དེར་གོ་དགོས་པ་འདྲ། ནམ་མཁའ་ནི་ཐོགས་རེག་བཀག་ཙམ་གྱི་མེད་དགག་སྟོང་སང་གི་རྣམ་པ་འདི་ལ་ཟེར། འདི་གཉིས་སྟོང་བ་ཙམ་གྱི་ཆ་ནས་འདྲ་ངོ་ཆེ་ནའང་། སྔ་མ་ནི་གསལ་སྟོང་འཛིན་མེད་ཀྱི་རྣམ་ཅན་ནང་ཤེས་རྒྱུད་ཀྱིས་བསྡུས་པ་དང་། ཕྱི་མ་ནི་དེ་ལས་ཟློག་པ་ཡིན། གཞུང་རྣམས་སུ་ཆོས་ཀྱི་དབྱིངས་ནམ་མཁའ་ལྟ་བུ་ཞེས་པ་དང་། མཉམ་བཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་ཅེས་གསུངས་པ་ནི། ནམ་མཁའ་དོན་དམ་བདེན་པའི་དཔེ་རུ་བཟུང་བ་ལས། དེ་ཐོབ་བྱའི་དོན་དམ་དངོས་རེད་ཅེས་པའི་དོན་མ་རེད་སྙམ། སྐབས་འདིའི་ཆོས་དབྱིངས་ཞེས་པ་གཉུག་མའི་ཡེ་ཤེས་སམ། གློ་བུར་བའི་དྲི་མ་དག་རྗེས་ཀྱི་གཞིའི་འོད་གསལ་སྤྲིན་མེད་གཡའ་དག་གི་ནམ་མཁར་ཉི་མ་ཤར་བ་ལྟ་བུ་དེ་ལ་གོ་དགོས། བུམ་ནང་གི་ནམ་མཁའ་སྟོང་བའི་ཆ་ལྟ་བུ་ནི། བུམ་པ་རལ་ཚེ་ཕྱིའི་ནམ་མཁའ་ལས་ལོགས་སུ་འཇོག་མི་ཐུབ་མོད། སེམས་ཅན་ཚེ་འཕོ་དུས་སྙིང་བོ་དང་བཅས་པའི་རླུང་སེམས་ཙམ་གྱི་རྣམ་ཤེས་ལུས་ཀྱི་ཕྱི་རོལ་དུ་ཐོན་ཀྱང་། དེ་ང་ཚོས་ཆུ་བུར་མིག་གིས་མ་མཐོང་ཙམ་ལས། རྣམ་ཤེས་དེ་ནམ་མཁའི་ངོ་བོར་དྭངས་སོང་བ་ཞིག་ཕལ་ཆེར་ཡིན་རྒྱུ་མ་རེད་བསམས། འོན་ཀྱང་། སྣང་བ་གསུམ་གྱི་སྐབས་སུ་རྣམ་ཤེས་ནམ་མཁར་ཐིམ་ནམ་མཁའ་འོད་གསལ་དུ་ཐིམ་ཚུལ་ཡང་གསུངས་ཡོད་པས་བསམ་གཞིག་གཏོང་དགོས་པ་ཞིག་རེད།
རང་བཞིན་དུ་གནས་པའི་རིགས་ནི། དེ་བཞིན་གཤེགས་པའི་སྙིང་བོ་ཆོས་ཀྱི་དབྱིངས་རིག་སྟོང་ཟུང་དུ་འཇུག་པ་ལ་གོ སྙིང་བོ་དེ་སཻམས་ཅན་གྱི་ཆོས་ཉིད་ལ་ཡེ་ནས་གནས་ཡོད། དཀའ་ངལ་ཆེ་ཤོས་ནི་སྙིང་བོའི་ནུས་པར་གཞན་རྒྱུད་དུ་འཁྲུལ་ནས་འཁོར་སོང་བ་རེད། ལྷག་པར་ཐེག་ཆེན་ལ་ཁོང་ནས་ཁྲོ་བ་དང་། བདག་ཏུ་ལྟ་བ། འཁོར་བའི་སྡུག་ངལ་ལ་འཇིགས་པ། སེམས་ཅན་གྱི་དོན་ལ་ལྟོས་པ་མེད་པ་སྟེ། རིགས་ཀྱི་དྲི་མ་བཞིས་བསྒྲིབས་པས། ཡུལ་སྣང་སྙིང་བོའི་རྩལ་ཡིན་པའི་གོ་རྟོགས་སད་མ་ཐུབ་པ་རེད། ཐེག་ཆེན་གྱི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ལ་མོས་པ་དང་། གནས་ལུགས་རྟོགས་འདོད་ཀྱི་ཤེས་རབ་གོང་དུ་འཕེལ་བ། འཁོར་བའི་རང་བཞིན་སྙིང་བོའི་དབྱིངས་སུ་སྡུད་པའི་སྒོམ། མཐའ་ཡས་པའི་སེམས་ཅན་ལ་བརྩེ་བའི་ལྷག་བསམ་སོགས་ལས། སྒྲིབ་པ་སྲབ་ཏུ་ཕྱིན་པས་རིགས་ཀྱི་གོ་རྟོགས་སད་ཚེ། གཞི་ནས་ཐེག་ཆེན་ལ་འཇུག་པའི་རྒྱས་འགྱུར་གྱི་རིགས་ཐོབ་པ་ཡིན་ནོ།།
ཧེ་བཛྲ་ལགས། ནང་བའི་སྔགས་གཞུང་དང་། ལྷག་པར་གསོ་རིག་གི་གཞུང་ལུགས་དག་ན་རླུང་ཕྲ་རགས་ཀྱི་རྣམ་བཞག་ཤིན་ཏུ་མང་བོ་ཞིག་གསུངས་འདུག ཉིད་ཀྱིས་འཚོ་རླུང་དེ་སྙིང་བོ་ཡིན་ཚུལ་གསུངས་བ་ལྟར། དེ་སྐོར་ནས་ཅུང་ཞིབ་རྒྱས་ཤིག་གསུང་ཐུབ་ཡིན་ན། གུས་པར་ཉན་འདོད་ཆེན་པོ་ཡོད། ཐུགས་རྗེ་ཆེ།
རྔ་བ་རྒྱལ་ཁམས་པ་ལྟར་ན་སངས་རྒྱས་ཀྱི་ས་ན་སེམས་དང་ཡིད་མེད་པ་འདྲ། དེ་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པའང་མེད་པ་འདྲ་དེ་འདྲ་རང་ཡིན་ནམ། གཞན་ཡང་སྙིང་པོ་ཞེས་པ་ནི་འཁོར་འདས་ཆོས་ཀུན་གྱི་སྟེང་གི་གསལ་སྟོང་གཉིས་སུ་མེད་པའི་དབྱིངས་དེ་ལ་འཇོག་ཅིང་མ་གཞི་ནས་ཁྱེད་རང་གིས་རྫོགས་ཆེན་དང་མདོ་ལུགས་བསྲེས་ནས་བཤད་པ་མིན་ནམ་བསམ་བྱུང།
རླུང་ལྔའི་ནང་གི་སྲོག་གི་རླུང་དང་། ་་་་་འདིའི་་་་་འཚོ་རླུང་་་་་ གཉིས་ལ་ཁྱད་པར་གང་ཡོད་དམ། ལགས།
རྔ་བ་རྒྱལ་ཁམས་པ་ལགས། ཁྱེད་ཀྱིས།
༼ཡེ་ནས་གོས་མ་མྱོང་བའི་རིག་སྟོང་འཛིན་མེད་ཀྱི་གནས་ལུགས་དེར་གོ་དགོས་པ་རེད།༽ གསུངས་པའི་རིག་སྟོང་འཛིན་མེད་ཅེས་པའི་རིག་པ་དེ་དང་སྟོང་པ་དེ་གཉིས་ག་འདྲ་ཞིག་ལ་ངོས་འཛིན་བྱ་དགོས་སམ། །
བདེ་སྙིང་ཟེར་བ་ཐང་རིང་ས་ཞིག་ལ་བསམ་བློ་གཏོང་མི་དགོས་་་་སེམས་ཀྱི་ཆོས་ཅན་དང་ཆོས་ཉིད་གཉིས་ལས་ཆོས་ཉིད་ལ་ཟེར་བ་རེད། ཆོས་ཉིད་དེ་ཡང་ཚུར་རྡོག་རྡོག་གྲུབ་རྒྱུ་ཞིག་ཡོད་པ་ལ་བསམ་མི་རུང་་་་དེ་དྲི་མ་དང་མ་བྲལ་བའི་གནས་སྐབས་སུ་དྲི་ཅན་གྱི་བདེ་སྙིང་ངམ་རྒྱུ་དུས་ཀྱི་བདེ་སྙིང་དང་དྲི་མ་དང་བྲལ་བ་ན་འབྲས་དུས་ཀྱི་བདེ་སྙིང་ཟེར་བ་རེད་ལ་ཆོས་སྐུའང་དེ་རེད།