སེམས་ཀྱི་རྡོ་རྗེ་འོད་གསལ་ཆོས་སྐུའི་དབྱིངས།།
རང་རིག་རྩལ་འཕགས་རབ་འབྱམས་རྒྱུད་སྡེའི་ཞིང་།།
ལྷུན་གྲུབ་རིགས་ལྔའི་ཚོམ་པུར་རྟག་འཆར་བ།།
རང་བཞིན་རྫོགས་པ་ཆེན་པོར་གསོལ་བ་འདེབས།།
གདོད་ནས་ནམ་དག་བླ་མ་ཀུན་ཏུ་བཟང་།།
གདུལ་བྱ་འདུལ་བྱེད་ཆུ་ཟླའི་རོལ་བ་ལས།།
ཐུན་མོང་སྣང་ངོར་ལྡོང་གི་རྒྱུད་དུ་འཁྲུངས།།
བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།།
བླ་མ་མཁས་ཤིང་གྲུབ་བརྙེས་བཞི་བཅུའི་གྲངས།།
ཉེར་བསྟེན་མདོ་རྒྱུད་རིག་གནས་རྒྱ་མཚོའི་འཇིངས།།
ཐོས་བསམ་སྒོམ་པའི་གཟིངས་ཀྱིས་ལེགས་བགྲོད་པ།།
བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།།
ཁྱད་པར་སྙན་རྒྱུད་རྡོ་རྗེའི་ཟམ་པ་ཆེ།།
བི་མའི་རྣམ་སྤྲུལ་པདྨ་ལས་འབྲེལ་རྩལ།།
ཉེར་བསྟེན་ཁྲེགས་ཐོད་སྣང་བཞི་མཐར་སོན་པ།།
བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།།
བི་མའི་བྱིན་ལྡན་པདྨའི་རྒྱལ་ཚབ་ཀྱིས།།
སྒྲུབ་བརྒྱུད་བསྟན་པ་འཛིན་པར་འགྱུར་རོ་ཞེས།།
སླུ་མེད་རྡོ་རྗེའི་ལུང་གིས་མང་བསྟན་པ།།
བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།།
མཁྱེན་བརྩེའི་བདག་ཉིད་མཁན་ཆེན་ངག་ཆུང་བས།།
ལྟ་དགོངས་ཡོངས་གཏད་ཉིད་ཀྱི་གདུང་འཚོབ་ཏུ།།
དབང་སྐུར༼བྱ་བྲལ༽མཚན་གྱིས་དབུགས་དབྱུང་བ།།
བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།།
སྤྲུལ་བའི་གཏེར་ཆེན་བདུད་འཇོམས་འཇིགས་བྲལ་གྱིས།།
ངེས་དོན་བྱ་བཏང་རྒྱལ་བོའི་མཚན་སྙན་བཅས།།
གང་གི་རྒྱལ་ཚབ་ཉིད་དུ་དབང་སྐུར་བ།།
བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།།
འཇིག་རྟེན་ཆོས་བརྒྱད་འདུ་འཛི་ཡོངས་སྤངས་ནས།།
སྦས་མཐར་ཚེ་དང་སྒྲུབ་པ་མཉམ་གྱུར་ཀྱང་།།
ལས་ཅན་མོས་ངོར་ཐེག་གསུམ་ཆོས་འཁོར་བསྐོར།།
བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།།
ལྟ་བ་ཀུན་བཟང་ཀློང་དུ་གདལ་གྱུར་ཀྱང་།།
སྤྱོད་པ་འཚེ་མེད་རྒྱུ་འབྲས་སླུ་བ་མེད།།
གྲངས་མེད་འགྲོ་ལ་སྲོག་གི་སྐྱབས་སྦྱིན་མཁན།།
བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།།
ཡང་ལེ་ཤོད་དང་གླང་བྲག་དྷ་ཝ་རི།།
གནས་མཆོག་ཡོལ་མོ་དཔའ་སྐྱོང་ཀ་དགོན་སོགས།།
སྒྲུབ་གནས་གསར་བཞེངས་ངེས་གསང་རྒྱལ་བསྟན་སྤེལ།།
བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།།
ཇི་ལྟར་ཐུབ་པ་རྒྱ་གར་འཕགས་ཡུལ་ལས།།
ཕྱི་ལ་མ་ཕེབས་ནང་གི་བསམ་གཏན་ལ།།
སྒྲུབ་པ་སྙིང་བོར་བཟུང་སྟེ་སངས་རྒྱས་ལྟར།།
བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།།
ཇི་སྲིད་སྒྲིབ་གཉིས་ནང་ནས་མ་དག་པར།།
དེ་སྲིད་ཐར་བ་ཐམས་ཅད་མཁྱེན་པའི་ས།།
ཐོབ་མེད་ལེགས་གཟིགས་ནང་གི་བསམ་གཏན་པ།།
བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།།
རྭ་སྒྲེང་མུར་ཁྲོན་ལ་སོགས་ཆེ་རྒུའི་མགོར།།
ཞབས་སྐྱེས་ཉི་ཟླའི་འཁོར་ལོ་བཀོད་གྱུར་ཀྱང་།།
ཚེ་གཅིག་རི་སུལ་སྙོག་པའི་རྣལ་འབྱོར་བ།།
བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།།
གཉིས་འཛིན་སེམས་ཀྱི་སྣང་བ་ཐོག་རྡིབ་སྟེ།།
འོད་གསལ་ཆོས་སྐུའི་དགོངས་པར་རྟག་བཞུགས་ཀྱང་།།
གཞན་ངོའི་བདེ་སྡུག་མ་འགགས་དཀར་སྐྱོང་མཁན།།
བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།།
ལྟ་བ་རྣམ་དག་རིག་གདངས་ཆོས་སྐུར་སད།།
སྒོམ་པ་རྣམ་དག་སྣང་ཞེན་སྤྲོས་པ་དག།
སྤྱོད་པ་རྣམ་དག་འཁོར་འདས་ཆོས་དང་མཐུན།།
བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།།
རྒྱལ་བསྟན་སྤྱི་དང་གནས་ལུགས་དོན་ལ་མཁས།།
བསླབ་པ་གསུམ་དང་སྔགས་ཀྱི་དམ་ཚིག་བཙུན།།
རྙིགས་དུས་སྒྲུབ་པའི་རྒྱལ་མཚན་སྒྲེང་བ་བཟང་།།
བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།།
ཕྱག་ན་རྡོ་རྗེའི་གཟི་མདངས་འཕྲོག་པའི་སྐུ།།
འཇམ་དཔལ་དཔའ་བོའི་མཁྱེན་རབ་འཕྲོག་པའི་གསུང་།།
སློབ་དཔོན་པད་འབྱུང་ཉིད་དང་གཉིས་མེད་ཐུགས།།
བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།།
མདོར་ན་འདི་ནས་བྱང་ཆུབ་སྙིང་བོའི་བར།།
མགོན་ཁྱོད་སྐྱབས་ཀྱི་དམ་པར་འཛིན་ལགས་ན།།
དགོངས་པའི་རྩལ་ཆེན་རྫོགས་པའི་རིག་འཛིན་ས།།
ཚེ་འདིར་མྱུར་དུ་ཐོབ་པར་བྱིན་གྱིས་རློབས།།
ཞེས་པ་འདི་བཞིན་བླ་མ་འདི་ཉིད། ཉིན་མཚན་མེད་པར་དྲན་པའི་རྐྱེན་ལས། གང་གི་རྣམ་ཐར་བློ་ངོར་འཆར་སླ་བ་དང་། རང་ཉིད་ཀྱི་ཁ་ཏོན་དུའང་དམིགས་ཏེ། ཡུལ་མདོ་སྨད་ཀྱི་རྒྱལ་ཁམས་པ། བཀྲ་ཤིས་རྒྱ་མཚོར་འབོད་པས་ཟླ༡ཚེས༣ཉིས་སྟོང་བཅོ་ལྔ་ལོར་བྲིས་པ་དགེ་བར་གྱུར་ཅིག།
ལགས་སོ། བཀའ་དྲིན་ཆེ། ངོ་མ་ཅན་དོན་དེ་དང་ལྡན་པའི་རྫོགས་པ་ཆེན་པོ་རྣཀ་འབྱོར་བ་ཡིན་ནོ། ངས་ཀྱང་བླ་མ་འདི་ལ་དད་མོས་དཔག་མེད་ཡོད། གང་གི་རྟེན་རྫས་ཁྱད་པར་བ་ཞིག་གནང་སོང་བས་དུས་ད་བར་མགུལ་དུ་མ་བྲལ་བཏགས།
བྱ་བྲལ་རིན་པོ་ཆེས་རང་གི་གསང་ཡུམ་རང་གི་སློབ་མ་མགོ་སེར་ཅིག་ལ་སྦྱིན་པ་ཡང་ཐོས།
མཛེ་མེད་གཡོ་རྫུན་ཀླན་ཀའི་ལན། །
ལུང་རིགས་རྡོ་རྗེའི་མེ་ཆར་འདི། །
རྙིང་རྒན་སངས་རྒྱས་རྡོ་རྗེས་བརྩམས། ། ཞེས་པའི་རྩོམ་པ་པོ་ཁོང་རེད་ད།
ནམ་ཞིག་འགོང་པོ་ཁོག་ཞུགས་མཛེ་སྨད་པས། །
བསྟན་ལ་ཁུ་བའི་ཕ་རྒོད་ཞལ་ལུང་ཞེས། །
ལོག་རྟོག་རྩ་ཕུང་ནག་པོ་སྤུང་པ་ན། །
རྡོ་རྗེའི་མེ་ཆར་འབེབས་ལ་གསོལ་བ་འདེབས། །
༸སྐྱབས་རྗེ་བྱ་བྲལ་རིན་པོ་ཆའི་དགུང་གྲངས་བརྒྱ་དང་གསུམ་ལ་ཕེབས་པར་གོ་བྱུང་བས། ད་དུང་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པར་ཤོག།
སློབ་མ་དམ་ལྡན་ཞིག་གིས་བླ་མ་བརྒྱུད་ལྡན་ཞིག་ལ་གསོལ་བ་འདེབས་ཚུལ་འདི་བཞིན་མཐོང་དུས་སྤྲོ་བ་ངང་གིས་འཕེལ། བཀྲ་ཤིས་པར་གྱུར་ཅིག།
བྱ་བྲལ་མཆོག་ལ།
དོལ་འགོང་ཁོག་ཞུགས་མཛེ་སྨད་སོགས། །
བླ་མར་ཁུ་དང་འགྲོར་གནོད་ཚེ། །
ལོག་རྟོག་རྩ་ཕུང་མེ་སྲེག་རྩོམ། །
དུས་སུ་རྩོམ་མཛད་ཁྱེད་ལ་འདུད། །
འདྲ་འབུ་ཀརྡོས།
འདི་ལ་སུ་ཞིག་སྤྱན་གཡོ་ཡང་།།
དྲང་བདེན་ཆོས་དང་སུ་མཐུན་ཞེས།།
ལུང་རིགས་ཞིབ་མོས་རྟོག་ཅིང་དཔྱོད།།
ཕྱོགས་འཛིན་ཞར་བས་མ་དཀྲུགས་ཀྱེ།།
འདི་ཡང་དམ་པ་ཁོང་གི་གསུང་ངོ་།།
བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་དགུང་གྲངས་བརྒྱ་དང་གསུམ་རེད་དམ། ཁོང་དགུང་ལོ་མཐོན་པོ་ཡིན་པ་ཤེས་ཀྱིན་ཡོད། འོན་ཀྱང་བརྒྱ་ལས་བརྒལ་པ་ད་བར་དུ་ཤེས་མ་སོང་། མཁན་པོ་འཇིགས་མེད་ཕུན་ཚོགས་དང་བྱ་བྲལ་སངས་རྒྱས་རྡོ་རྗེ་གཉིས་ནི་རྙིང་མའི་བླ་མ་ཐམས་ཅད་ཀྱི་ནང་ནས་ཕུལ་དུ་བྱུང་བ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། བླ་མ་གཞན་མང་བོ་མཆིས་ཀྱང་སྐྱབས་སུ་མཆི་ཟེར་བ་ཙམ་མོ། །