ཁང་གསར་རྡོ་རྗེ།
༅༅།། ༢༠༠༨ ལོར་བཅའ་ཁྲིམས་དགོངས་དོན་གྱི་དམིགས་བསལ་ཚོགས་ཆེན་དང་པོ་དེ་འཚོགས། དེ་ནི་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་འཚོགས་པ་ཞིག་རེད། ཚོགས་འདུ་མ་འཚོགས་གོང་། བཀའ་ཤག་གིས། ཚོགས་འདུ་འདི་ནི་བསམ་འཆར་བསྡུ་ལེན་ཙམ་ལས་སྲིད་ཇུས་ལ་འགྱུར་བ་གཏོང་བའི་ཚོགས་འདུ་མིན་ཞེས་བསྒྲགས། དམིགས་བསལ་ཚོགས་ཆེན་གྱིས་སླར་ཡང་། ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོག་ཏུ་འགྲོ་རྒྱུའི་སྤྱི་མོས་རྒྱབ་གཉེར་བྱེད་སྐབས། བཀའ་ཤག་གིས་ཚོགས་ཆེན་དེའི་རྒྱབ་གཉེར་དེ་ཧ་ཅང་གིས་ཤུགས་ཆེན་པོས་གླེང་འགོ་ཚུགས། གླེང་སྟངས་ལ་བལྟས་ན། དམིགས་བསལ་ཚོགས་ཆེན་གྱི་རྒྱབ་གཉེར་དེ་ཆེས་མཐོའི་གྲོས་ཆོད་ཅིག་ཏུ་བརྩིས་པ་ལྟ་བུར་མངོན།
ང་ལ་མཚོན་ན། དམིགས་བསལ་ཚོགས་ཆེན་དང་པོ་དེས། གནད་དོན་གཉིས་གསལ་བཤད་བྱས། དེ་ཡང་ ༡༽ བོད་མིས་ཚོས་ཀླད་པ་ག་ཚོད་དཀྲུག་ནའང་ད་ལྟའི་ཆར་ཡེ་ཤེས་དབྱིངས་དཔྱད་ལས་ལྷག་པའི་ལམ་གཞན་ཞིག་གི་ཐོག་ཏུ་འབབ་ཐུབ་ཐབས་མེད་པ་དང་། ༢༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་བོད་གཞིས་བྱེས་གཉིས་ཀྱི་མང་ཚོགས་ཀྱི་སྐུ་ཚབ་ཡིན་ཡང་། འདིས་བོད་མི་དམངས་ཀྱི་སྐུ་ཚབ་བྱེད་ཐུབ་ཀྱིན་མེད་པ་དེ་རེད། རྒྱུ་མཚན་དེ་འདྲ་ཞིག་ལ་བརྟེན་ནས། ༸གོང་ས་མཆོག་གིས། དམིགས་བསལ་ཚོགས་ཆེན་འདྲ་བོ་ཞིག་ཡང་ཡང་འཚོགས་ན་ལེགས་པའི་ལམ་སྟོན་བསྩལ་ཅིང་། ལམ་སྟོན་བསྩལ་བ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སང་ཕྱི་ཟླ་ ༨ ཚེས་ ༢༦ ནས་ ༣༡ བར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་པོ་ཞེས་པ་འདི་སྐོང་འཚོགས་གནང་གི་ཡོད་རེད།
ཡིན་ནའང་། ཚོགས་ཆེན་གྱི་ཚོགས་བཅར་བ་དང་གྲོས་གཞི། དུས་ཚོད། ངོ་བོ་སོགས་ལ་ཞིབ་ཏུ་བསམས་ན། འདིས་དམིགས་བསལ་ཕན་ཐོགས་དེ་ཙམ་ཡོང་བཟོ་མ་མངོན།
དང་པོ། ཐེངས་འདིའི་ཚོགས་བཅར་བ་ནི། བཙན་བྱོལ་བོད་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་དང་། བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་ཁག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། ཚོགས་གཙོ་ཚོགས་གཞོན་གྱིས་དབུས་སྤྱི་འཐུས་རྣམ་པ། ས་གནས་འཐུས་ཚོགས་ཀྱི་སྐུ་ཚབ་གཉིས་རེ། ས་འཐུས་མེད་པའི་ས་གནས་ཁག་ནས་མི་མང་གི་སྐུ་ཚབ་རེ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་རེ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོགས་པ་དང། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་རེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་གཉིས་རེ། ཆོས་བརྒྱུད་ཆེན་པོ་བཞི་དང། གཡུང་དྲུང་བོན་བཅས་སོ་སོའི་གྲྭ་བཙུན་སྐུ་ཚབ་དྲུག་རེ། བོད་སློབ་འཛིན་ཚོགས་དང། བོད་ཕྲུག་ཁྱིམ་སྡེ། མ་སུ་རི་བོད་ཁྱིམ་དང་སམ་བྷོ་ཊ་བཅས་ཀྱི་མདུན་ལམ་སློབ་སྟོན་པའི་སྐུ་ཚབ་རེ། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་རེ། བོད་སྨན་དང་ཕྱི་ལུགས་སྨན་པའི་སྐུ་ཚབ་གཉིས་རེ། རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང་འགན་ཁུར་ལས་འགུལ་སྤེལ་མཁན་དང། མཁས་དབང། ཆེད་ལས་པ། སྤྱི་ཚོགས་ཞབས་ཞུ་བ་བཅས་མཉམ་ཞུགས་གནང་འདོད་ཡོད་རིགས་དང་བླངས་ཕེབས་མཁན་རྒྱ་བལ་འབྲུག་གསུམ་ཁུལ་ནས་གྲངས་༢༥ དེ་མིན་ནས་གྲངས་༢༥ བཅས་ཡིན་པ་རེད།
ཚོགས་བཅར་བའི་གནས་སྟངས་འདི་ལ་གཟིགས་ན། ཆེད་མངགས་ཡོང་མ་བཅུག་པ་དང་ཆེད་མངགས་ཡོང་བཅུག་པའི་རིགས་གཉིས་ཡོད། དེ་ཡང་ཆེད་མངགས་ཡོང་མ་བཅུག་པའི་རིགས་ནི། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་ཕྱི་རྒྱལ་དོན་གཅོད་ཁག བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་གིས་དྲུང་ཆེས་མཚོན་པའི་གཞུང་ཞབས་མི་སྣ་ཡོངས་དང་སློབ་གྲྭ་ཁག་གི་དབུ་འཛིན་དང་སློབ་སྤྱི། དགེ་ཆེ། དགེ་རྒན། བོད་མིའི་གཞིས་སྒར་ཁག་གི་ས་གནས་འགོ་འཛིན། སྨན་ཁང་ཁག་གི་འགན་འཛིན་སོགས་རེད། ཏག་ཏག་ཡོང་མ་བཅུག་པའི་མི་སྣ་འདི་དག་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལས་དོན་དངོས་ཀྱི་ཉམས་མྱོང་དང་ཤེས་ཚད། འཆར་སྣང་བཅས་ཆ་ཚང་ཡོད་པ་ཤ་སྟག་རེད་ལ། འཛིན་སྐྱོང་དང་དཔལ་འབྱོར། འཕྲོད་བསྟེན། ཤེས་རིག་སོགས་གཞུང་འབྲེལ་ལས་དོན་ཅི་འདྲ་ཞིག་ཡིན་ཡང་དངོས་སུ་ལག་ལེན་དུ་བསྟར་མཁན་གྱི་དབང་ལྡན་མི་སྣ་དང་ལས་དོན་ལེགས་སྒྲུབ་ཡོང་མིན་གྱི་རྩ་བའི་གནད་འགག་ཐུག་ས་ཡང་རེད། འོན་ཀྱང་བཀའ་ཤག་གིས་ཚོགས་ཆེན་འདིའི་ནང་གལ་གནད་ཆེ་བའི་མི་སྣ་འདི་དག་ཆེད་མངགས་ཡོང་བཅུག་མེད་ལ། གྲོས་ཚོགས་ཀྱིས་ཀྱང་དེའི་ཐད་བཀའ་ཤག་ལ་གནོན་ཤུགས་སྤྲོད་ཐུབ་མེད།
ཆེད་མངགས་ཡོང་བཅུག་པའི་སྡེ་ཚན་ནང་། ཆོས་བརྒྱུད་ཆེན་པོ་བཞི་དང། གཡུང་དྲུང་བོན་བཅས་སོ་སོའི་སྐུ་ཚབ་གཅིག་གཉིས་ཀྱིས་མི་འགྲིག་པར་སྐུ་ཚབ་གྲངས་དྲུག་རེ་གདན་ཞུ་བྱས་པ་དང་། དེ་ཡང་ངེས་པར་གྲྭ་བཙུན་ཡིན་དགོས་པའི་གཏན་འབེབས་བྱས་ཡོད། ཡང་སློབ་གྲྭའི་སྡེ་ཚན་ནས་མགྲོན་འབོད་བྱེད་དགོས་བའི་དབང་ལྡན་འགན་འཛིན་སུ་ཡང་ཚོགས་བཅར་བའི་ཁོངས་སུ་མ་བཅུག་པར། དབང་ཚད་ཅི་ཡང་མེད་པའི་མདུན་ལམ་སློབ་སྟོན་པ་ཟེར་བའི་སྐུ་ཚབ་རེ་མགྲོན་འབོད་བྱས་ཡོད། ཚོགས་བཅར་བའི་གྲུབ་ཆ་འདིའི་ཐོག་ནས། ཚོགས་འདུ་འདིས་དངོས་ཡོད་ལག་ལེན་ལ་ཕན་པའི་བསམ་འཆར་ཡོང་བའི་རེ་བ་ཆུང་ཞིང་། བསམ་འཆར་ཡག་པོ་དེ་འདྲ་བྱུང་བའི་དབང་དུ་བཏང་རུང་། དངོས་སུ་ལག་ལེན་བསྟར་མཁན་དང་ཐད་ཀའི་འབྲེལ་བ་མེད་པས། ལམ་དུ་འགྲོ་དཀའ་བའི་ས་བོན་བསྐྲུན་འདུག
གཉིས་པ། ཚོགས་འདུའི་དུས་ཚོད་ནི། ཏག་ཏག་ད་ལྟའི་བཀའ་ཤག་གི་ལས་ཡུན་རྫོགས་པར་ད་དུང་དུས་ཚོད་ཕྲན་བུ་ཡོད་ཅིང་། བཀའ་ཤག་གསར་བ་སླེབས་པར་དེ་མཚུངས་ཀྱི་དུས་ཚོད་ཡོད་པའི་བར་མཚམས་ཤིག་ལ་སྐོང་འཚོགས་བྱས་པ་རེད། དེར་བརྟེན། ཚོགས་ཆེན་འདིའི་རྒྱབ་གཉེར་བསམ་ཚུལ་རྣམས་ད་ལྟའི་བཀའ་ཤག་གི་དུས་ཚོད་ཡོལ་ཉེ་བའི་ཆ་ནས་རང་གི་ལས་འཆར་ནང་གསར་དུ་འཇུག་མི་སྲིད་ཅིང་། འབྱུང་ཉེའི་བཀའ་ཤག་གསར་བས། བཀའ་ཤག་རྙིང་པའི་སྐབས་སུ་བསྐོངས་པའི་ཚོགས་འདུའི་བསམ་འཆར་ཞིག་རང་གི་ལས་འཆར་ཁོངས་སུ་འཁྱེར་དཀའ་བ་ཡིན། ལྷག་པར་དུ་ད་ལྟ་ཚོགས་ཆེན་འདི་འདྲ་ཞིག་འཚོགས་དགོས་པའི་དམིགས་བསལ་གྱི་རྒྱུ་མཚན་ཞེ་དྲག་ཡོད་མ་རེད། དངོས་གནས་བྱས་ན། བཀའ་ཤག་གསར་བ་བདམས་ཚར་བ་དང་ཚོགས་ཆེན་འདི་འདྲ་ཞིག་བསྐོངས་ཐུབ་ན། གཅིག་ནས་མང་ཚོགས་ཀྱི་བསམ་ཚུལ་སོས་པ་མང་པོ་ཞིག་བསྡུ་ལེན་ཐུབ་པ་དང་གཉིས་ནས་བཀའ་ཤག་གསར་བའི་བསམ་ཚུལ་དང་འཆར་གཞི་རྣམས་གསལ་བཤད་ཐུབ་པའི་དགེ་མཚན་ཡོད།
གསུམ་པ། ཚོགས་འདུའི་གྲོས་གཞི་གཙོ་བོ་ནི། ཆབ་སྲིད་དང། མང་གཙོ་འཕེལ་རྒྱས། གཞིས་ཆགས་སྲ་བརྟན། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར། བོད་དོན་དྲིལ་བསྒྲགས་སོགས་ཀྱི་སྐོར་རེད། གྲོས་བསྡུར་ནང་བཀའ་ཤག་དང་ཁྲིམས་ཞིབ་པས་ཆ་ཤས་ལེན་དཀའ་བས། ཚོགས་འདུའི་རྒྱབ་གཉེར་བསམ་འཆར་དེ་ཚོ། འདི་བྱེད་དགོས་རེད། ཕ་གི་བྱེད་དགོས་རེད། ཨ་རི་ལ་དཔེ་ལྟ་དགོས་སོགས་བྱེད་དགོས་ཚུལ་མང་ལ། ཇི་ལྟར་བྱེད་དགོས་པ་ཧ་ཅང་ཉུང་བ་ཞིག་དང་། དོན་གྱི་སྤྱི་ཁོག་བརླག་སྟེ་དོན་དག་ཆུང་ཆུང་ཁ་ཤས་ཞིབ་ཚགས་ཀྱིས་བཤད་པ་ཞིག་ཆགས་ཉེན་ཡོད། གང་ཡིན་ཟེར་ན། ལས་གནས་དེ་དང་དེའི་ཆེད་ལས་མི་སྣ་མང་ཆེ་བས། ཆེད་ལས་དེ་ག་རང་གི་སྐོར་ལས། དེ་ལས་གཞི་རྒྱ་ཆེ་བའི་རྩ་བའི་སྒྲོམ་གཞིར་ཤེས་རྟོགས་ཡོད་དཀའ་བ་ཡིན།
ད་ལྟའི་སྤྱི་ཚོགས་ཀྱི་གླེང་ཕྱོགས་དབང་གིས། ཆབ་སྲིད་དང་མང་གཙོ་འཕེལ་རྒྱས་ཟེར་བའི་གྲོས་གཞིའི་ཁོངས་མང་ཆེ་བས། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་འདེམས་གླེང་ངེས་རེད་ལ། འགའ་ཤས་ཀྱིས་ཟམ་གདོང་རིན་པོ་ཆེ་ཡང་བསྐྱར་བཀའ་ཁྲིའམ་སྤྱི་འཐུས་སུ་ཕེབས་དགོས་པའང་བཤད་སྲིད།
འོན་ཀྱང་ཚོགས་ཆེན་འདི་ནི། བཀའ་བློན་ཁྲི་པ་དང་སྤྱི་འཐུས་བྱེད་འདོད་ཡོད་པའི་མི་ཚོར་མཚོན་ན། བཙལ་ནའང་རྙེད་དཀའ་བའི་གོ་སྐབས་ཧ་ཅང་གི་བཟང་པོ་ཞིག་རེད། དེར་བརྟེན་ཚོགས་ཆེན་འདིའི་ནང་འཁྲུག་ཆ་ཆེ་ཤོས་ནི། བཀའ་བློན་ཁྲི་པའི་འོས་གཞི་ཚོ་དང་སྤྱི་འཐུས་བྱེད་འདོད་ཡོད་པ་ཚོ་ཆགས་རྒྱུ་རེད། ཁོང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་མདུན་ལ་མཐོང་ཚུལ་བཟང་པོ་བསྐྲུན་ཐབས་བྱེད་ངེས་རེད། ལྷག་པར་དུ་སྔོན་མ་གྲོས་ཚོགས་ནང་སྟག་ངར་ངར་ངར་ཏེ་གྲོས་ཚོགས་འཐོར་འཇུག་མཁན་སྤྱི་འཐུས་དེ་ཚོས། ད་རེས་ལྷག་བསམ་དང་སྤྱི་སེམས་ཆེ་མདོག་གི་ཟློས་གར་འཁྲབ་ངེས་རེད།
གོང་གསལ་རྒྱུ་མཚན་རྣམས་དང་ཚོགས་འདུ་མ་འཚོགས་གོང་ནས། སྤྱི་འཐུས་ཚོགས་གཙོ་མཆོག་གིས། ཚོགས་ཆེན་འདི་ལ་རྒྱབ་གཉེར་བསམ་འཆར་འབུལ་བའི་དབང་ཚད་མ་གཏོགས། ཐག་གཅོད་ཀྱི་དབང་ཚད་མེད་ཚུལ་གསལ་བཤད་གནང་ཡོད་པས། ཚོགས་ཆེན་འདིས་བོད་ཀྱི་ལོ་རྒྱུས་ནང་འཁོད་འོས་པའི་འགྱུར་བ་ཆེན་པོ་གང་ཡང་གཏོང་ཐུབ་རྒྱུ་མ་རེད། འོན་ཀྱང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཡོངས་ཀྱི་སྐུ་ཚབ་གང་ཙམ་སླེབས་ཡོད་པས། དེ་ཚོས་གཞུང་གི་ལས་དོན་བྱེད་ཕྱོགས་དང་ལས་འགུལ་སྤེལ་ཕྱོགས་ཐད་བསམ་འཆར་ཤུགས་ཆེ་ཙམ་གནང་སྲིད་པ་ཡིན་ལ། སྐྱོན་བརྗོད་བྱུང་བ་ཁག་ལ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས། དགག་ལན་ནམ་གསལ་བཤད་ས་རུབ་འགྲོ་བ་ཞིག་བསྐྱོན་ངེས་པ་ནི་བཤད་མི་དགོས་པ་ཞིག་རེད།
ཚོགས་ཆེན་འདིའི་ངོ་བོ་དང་ཚོགས་བཅར་བ། ཐག་གཅོད་ཀྱི་དབང་ཚད་སོགས་ལ་བསམ་ན། བོད་ནང་ཆབ་སྲིད་གྲོས་ཚོགས་ཟེར་བའི་ཚོགས་ཆེན་གཟི་བརྗིད་ཁོག་སྟོང་ཞིག་ཡོད་པ་དེ་དང་གཅིག་པ་མ་ཆགས་པའི་ངེས་པ་མེད། འོན་ཀྱང་འདི་ལྟར་སྐྱོན་ཆ་ནས་བཤད་དུས་ལེགས་ཆ་རྩ་བ་ནས་མེད་པ་དེ་འདྲར་གོ་མི་ཉན། ཉུང་མཐར་ཡང་ཚོགས་ཆེན་འདིས་མང་ཚོགས་ལ་རང་གི་བསམ་ཚུལ་བཤད་སའི་སྡིངས་ཆ་ཞིག་བསྐྲུན་ཐུབ་ཡོད་ལ། ད་རེས་ཀྱི་ཚོགས་ཆེན་གྱི་ཉམས་མྱོང་ཐོག་ནས་འབྱུང་འགྱུར་ཚོགས་ཆེན་སྐོང་ཕྱོགས་ལ་ལེགས་བཅོས་མང་བོ་བྱས་ཆོག་པ་ཞིག་རེད།། །།
༼རྩོམ་འདི་བྲེལ་ཟིང་ཆེན་པོ་ཞིག་གི་ཁྲོད་ནས་དཔྱད་གཞི་ཧ་ཅང་ཉུང་ཉུང་ཞིག་གཞི་རྩར་བཟུང་སྟེ་བྲིས་པས་སྐྱོན་དང་ནོར་འཁྲུལ་ཡོད་སྲིད། དེར་བརྟེན་ཀློག་མཁན་ཚོས་སྐྱོན་འདོན་ཡོ་བསྲང་གནང་ན་ངོས་ལེན་བྱ་རྒྱུར་གྲ་སྒྲིག་ཡོད།༽
ཁང་གསར་ལགས། ཚོགས་འདུ་གོ་སྒྲིག་ཞུ་མཁན་སྤྱི་འཐུས་རེད་དམ་བཀའ་ཤག་རེད། སྐུ་ཉིད་ཀྱི་ཡོང་མ་བཅུག་པའི་ཁོངས་སུ་བརྩི་བའི་མི་སྣ་དེ་དག་ཕལ་ཆེ་བ་འཛིན་སྐྱོང་སྲི་ཞུ་བ་ཡིན་པས་མིན་འགྲོ། འཛིན་སྐྱོང་སྲི་ཞུ་བ་ཡིན་པའི་ཆ་ནས་བཀའ་བཀོད་ལྟར་ལས་དོན་སྒྲུབ་རྒྱུ་ལས་བསམ་ཚུལ་དང་ལྟ་གྲུབ་དམིགས་བསལ་ཞུ་སྲོལ་མེད་པ་དམངས་གཙོའི་ལམ་སྲོལ་རེད་ལ། བྱང་ཨ་རི་ཡང་དེ་མཚུངས་རེད།
དཔྱད་པ་ཞིབ་མོ་རེད།
ད་རེས་ཀྱི་ཚོགས་ཆེན་འདི་ནི་ཉིན་སྲིབ་གཉིས་ཀྱི་ཉག་ག་ན་འདུག
རིག་པ་སྒྲིམ་ཐུབ་ན་ཉི ་སྲིབ་གཉིས་ཀ་ལ་ཕན་པ་ངེས་ཅན་རེད།
སྐབས་འདི་དང་སྐབས་རྗེས་མའི་བཀའ་ཤག་དང་གྲོས་ཚོགས་གཉིས་ཀས་ཉམས་མྱོང་བསགས་རྒྱུ་ཡོད་པ་ཞིག་རེད།
འོན་ཀྱང་། ལས་གཞི་འཆར་འགོད་ཡིན་ནའང་འདྲ། མ་འགྲིག་པར་སྐྱོན་འདོགས་ཡིནའང་འདྲ། རང་ཁྱིམ་ཡོད་པའི་རྒྱལ་ཁབ་གང་ཞིག་ལའང་བསྡུར་རྒྱུ་མེད། ཨ་རི་དང་ཡོ་རོ་ལ་དེ་བས་བསྡུར་རྒྱུ་མེད།
མགྲོན་པོས་མགྲོན་པའི་ཚོད་ཀྱིས་འཆར་གཞི་དང་གྲ་སྒྲིག་བྱེད་དགོས་གི་རེད།
ཁང་གསར་རྡོ་རྗེ་ལགས། དེ་སྔ་སྤྱི་འཐུས་གྲོས་ཚོགས་ནང་རྙོག་གླེང་གི་གནས་ཚུལ་བྱུང་བ་ནས་བཟུང་ཁྱེད་ཀྱིས་རྒྱུ་མཚན་ལྡན་པའི་དཔྱད་བརྗོད་མང་པོ་དྲ་ཐོག་སྤེལ་གནང་བར་ཐོག་མར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ད་ལན་རྒྱལ་ཡོངས་ཚོགས་ཆེན་དང་འབྲེལ་བའི་དཔྱད་བརྗོད་ཞིག་ཁྱེད་ཀྱིས་སྤེལ་གྱི་རེད་སྙམ་ནས་དེ་སྔ་ནས་སྒུག་བསྡད་པ་ཡིན། ད་ལན་ཉིད་ཀྱི་རྩོམ་ཡིག་ནང་སྨན་ཁང་གི་འགན་འཛིན་རྣམས་ཡོང་མི་བཅུག་མཁན་ཁོངས་སུ་བཅུག་འདུག་ཀྱང།་སྨན་རྩིས་ཁང་གི་འགན་འཛིན་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཚོགས་ཆེན་དེའི་ནང་ཚོགས་བཅར་ཞུ་རྒྱུ་ཡིན་འདུག་གོ
རང་གི་ལྟོ་གོས་གཏམ་གསུམ་ལ་ཐུག་དུས། ཚོགས་འདུ་འདི་ལྟ་བུའི་རིགས་ལ་དབང་ཚད་མེད་ས་དང་། ཆབ་སྲིད་ཀྱི་གོ་རྟོགས་དམན་བའི་ཆོས་རྒྱུད་ཀྱི་སྤྱི་འཐུས་ཨུ་ཚུགས་ཅན་ཚོ་ལྟ་བུ་མང་ན་དགེ་མཚན་ཆེ། རང་གི་འདོད་བློར་མ་བབ་པའི་གྲོས་གཞིར་ལྷགས་ན་སྔོན་མ་བཞིན་ལག་པ་ཕྱི་སའི་གླེན་རྒན་དག་ཕྱོགས་རིས་དཔུང་སྒྲིག་གི་མི་སྣ་གཙོ་བོར་དགོས་པས་འདི་དག་ལ་འཁྲབ་སྟེགས་དགོས་པའང་ང་ཚོས་བསམས་ཤེས་ཐུབ་དགོས་པ་ཤིག་རེད།
སྐུ་ཞབས་ཁང་གསར་ལགས། ཁྱེད་ཀྱིས་རྩོམ་དེ་རོབ་ཙམ་བལྟ་ཀློག་བྱས་པས་རྒྱུ་མཚན་ལྡན་པའི་བཀའ་མོལ་གསུང་འདུག རྒྱ་གར་ནས་ས་ཐག་རིང་བའི་ས་གནས་སུ་ཡོད་རུང་བོད་སྤྱི་པའི་ཐོག་ལ་དོ་སྣང་ཤིན་ཏུ་ཆེ་བའི་སྐུ་ཞབས་ཁང་གསར་ཁྱེད་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད།
སྐུ་ཞབས་ཁང་སར་རྡོ་རྗེ་ལགས་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་གསུངས་པ་བཞིན་ཐག་རིང་ཞིག་ཏུ་ཡོད་དང་། ཐག་ཉེ་ཞིག་ཏུ་ཡོད་གང་ལྟར་ཡང་ཚོགས་ཆེན་དང་འབྲེལ་བའི་སྐོར་ལ་བསམ་ཚུལ་དང་ཕྱོགས་བསྡོམས་བྱེད་སྟངས་ཧ་ཅང་ཡག་པོ་འདུག དངོས་གནས་ཁྱེད་རང་གིས་གསུངས་པ་བཞིན་དམིགས་བསལ་གྱིས་གྲུབ་འབྲས་ཤིག་ཐོབ་རྒྱུ་མིན་པ་ཧ་ཅང་གསལ་པོ་རེད་འདུག དེ་བཞིན་ཁྱེད་ཀྱིས་གསུངས་པ་བཞིན་སྤྱི་འཐུས་བྱེད་འདོད་ཡོད་པ་ཚང་མ་ས་གནས་དེར་འཛོམས་ཡོད་ཚུལ་འདུག་ལ། བཀའ་ཁྲི་བྱེད་འདོད་ཡོད་མཁན་རྣམས་ཀྱང་དེར་འཛོམས་ཡོད་པའི་གནས་ཚུལ་འདུག དེ་དག་ཚང་མ་ཁྱེད་ཀྱིས་གསུངས་པ་དང་གཅིག་མཚུངས་པ་རེད།
ཁང་སར་རྡོ་རྗེ་ལགས་དང་ཕྲན་གཉིས་ཀྱི་བསམ་བློ་གཏོང་སྟངས་ལ་སྐབས་རེ་ཁྱད་པར་ཆེན་པོ་ཡོད་ཀྱང་། སྐུ་ཉིད་ཀྱིས་དཔྱད་བརྗོད་འདི་ལྟ་བུ་སྤེལ་བ་ལ་རྗེས་སུ་ཡི་རངས་མི་ཞུ་ཀ་མེད་ཆགས་སོང་།
དེ་དང་འབྲེལ་ནས་ང་རང་གི་བསམ་ཚུལ་ཁ་ཤས་ཤིག་ཞུ་རྒྱུ་ཡིན། དམིགས་བསལ་ཚོགས་ཆེན་དེ་ད་ལྟའི་ཚོགས་ཆེན་འདི་དང་བསྡུར་ན་ཚོགས་འདུའི་གྲུབ་ཆ་དང་། དུས་ཚོད་འཚོགས་སྟངས་སོགས་ཕྱོགས་གང་ཐད་ནས་བསམ་ཡང་ཁྱད་པར་ཆེན་པོ་ཡོད་པ་རེད། འོན་ཀྱང་དམིགས་བསལ་ཚོགས་ཆེན་གྱི་མཐའ་མའི་མཇུག་བསྡོམས་ཀྱི་མིང་ལ་རྒྱབ་གཉེར་ཞེས་བྲིས་ཡོད་པ་རེད། ཐག་གཅོད་བྱས་པའི་ཡིག་ཆ་དེ་ལ་གྲོས་ཆོད་ཅེས་བྲིས་ཡོད་པ་མ་རེད་ལ། ཐག་གཅོད་ཅེས་ཀྱང་བྲིས་ཡོད་པ་མ་རེད། གང་ལྟར་དེའི་ནང་གི་དོན་གནད་ཁག་ཀྱང་གལ་ཆེན་པོ་མིན་པ་ལྟ་བུ་ཆགས་སོང་བ་རེད།
ད་ལྟའི་འདི་༧གོང་ས་མཆོག་གིས་འདི་ལྟ་བུ་འཚོག་ཐུབ་ན་ཡག་པོ་ཡོད་ས་རེད་ཅེས་གསུངས་པ་ལ་བརྟེན་ནས་འཚོགས་པ་ལས་དམིགས་བསལ་གྱི་དམིགས་ཡུལ་དང་འཆར་གཞི་ཞིག་གི་འོག་ནས་འཚོགས་པའི་སྐད་ཆ་མི་འདུག འདི་ལ་གྲུབ་འབྲས་སོན་རྒྱུ་ཁག་པོ་རེད།
ཁང་རྡོར་གྱིས་ཉམས་ཞིབ་ཚད་ལོངས་པ་ཞིག་བྱུང་འདུག་སྙམ། འདུ་འཚོགས་ཀྱི་རྗེས་སུ་ཡང་འདི་ལྟ་བུ་ཞིག་ཀློག་ཐུབ་རེ་ཡོད། ཕན་ཐོགས་ཆེ་ངེས།
I think Tibetan ex-government is going none -where
རྟག་པར་གཞུང་གི་སྐྱོན་ཁོ་ན་བཤད་བསྡད་ན་ཡག་པོ་མི་འདུག ཁང་རྡོར་གྱིས་བྲིས་པ་མང་ཆེ་བ་སྐྱོན་བརྗོད་རེད་འདུག
ཁང་གསར་བ་ཁྱོད་ཀྱི་འབྲི་ཐབས་འདི་ཡག་པོ་འདུག འདི་ལྟར་རྒྱུན་འཁྱོངས་ཡོང་རྒྱུའི་རེ་བ་ཡོད། ངས་བསྟོད་པའི་
མཐེ་བོང་སྟོན་ཀེར་གྱི་ཡོད།
ཁང་གསར་བ་ཁྱོད་ཀྱི་འབྲི་ཐབས་འདི་ཡག་པོ་འདུག འདི་ལྟར་རྒྱུན་འཁྱོངས་ཡོང་རྒྱུའི་རེ་བ་ཡོད། ངས་བསྟོད་པའི་
མཐེ་བོང་ཀེར་གྱི་ཡོད།
བཀུར་འོས་ཁང་གསར་རྡོ་རྗེ་ལགས།
སྔར་སྐུ་ཉིད་ཀྱིས་གྲོས་ཚོགས་མ་འཚོགས་པའི་སྔ་རོལ་ཏུ་རྩོམ་ཡིག་ཅིག་སྤེལ་བ་དེའི་ནང་གྲོས་ཚོགས་ནང་ཅི་ཞིག་ཡོང་གིན་ཡོད་མེད་སྐོར་འཆར་སྣང་འདྲེས་མའི་སྤྱི་ཚོགས་དཔྱད་གླེང་ཞིག་སྤེལ་ཡོད་ཅིང་།
དེའི་རྗེས་གྲོས་ཚོགས་ནང་གི་གནད་དོན་དང་། དོན་རྐྱེན་དེ་ཚོར་དཔྱད་ཞིབ་ཀྱིས་སྐུ་ཉིད་ཀྱི་རྩོམ་ཡིག་ལ་སླར་ཡང་ཐེངས་གཅིག་ལྟ་སྐབས། སྐུ་ཉིད་ཀྱི་དཔྱད་གླེང་དེ་ལུང་བསྟན་ལྟ་བུར་གྱུར་ཡོད་པས། སྐུ་ཉིད་བོད་བཙན་བྱོལ་གཞུང་དང་ཡུལ་གྱིས་བསྐལ་བ་ཡིན་ན་ཡང་། བཙན་བྱོལ་ནང་གི་གནས་སྟངས་ལ་རྒྱུས་ལོན་གནང་སྟངས་དང་སྐབས་དེའི་གནས་ཚུལ་རྣམས་གླེང་སྟངས་ལ་བལྟས་ཡོང་དུས། སྐུ་ཉིད་ལ་མངོན་ཤེས་འདྲ་མེད་དམ་སྙམ་པའི་ཚོར་སྣང་སྐྱེ་མཁན་ཡང་ཡོད་སྲིད་པ་ཞིག་ཏུ་གྱུར། འོན་ཀྱང་། ཉམས་ཞིབ་ཀྱི་བློ་མིག་ཡག་པོ་ཞིག་ཡོད་ཚེ། དེས་འབྱུང་འགྱུར་ལ་སྔོན་དཔག་ཐུབ་པ་ཞིག་ལས། དེ་ལ་མངོན་ཤེས་ཡོད་པ་བསྙོན་མི་རུང་བ་ཞིག་རེད་སྙམ།
དེ་རིང་ཡང་སྐུ་ཉིད་ཀྱི་འཚོག་ལ་ཉེ་བའི་ཚོགས་ཆེན་གྱི་སྐོར་ལ་དཔྱད་གླེང་གནང་བ་འདི་ཡང་འགའ་ཞིག་གིས་ལུང་བསྟན་ལྟ་བུར་བརྩི་སྲིད་པ་མ་རེད་དམ། ཚོགས་ཆེན་ལ་མང་པོ་ཞིག་གླེང་གླེང་བའི་མཐར་མཐའ་འབྲས་འདི་རེད་ཅེས་འདོན་ཐུབ་ཀྱི་མ་རེད་སྙམ། མ་གཞི་ནས་དེང་སྐབས་སྤྱི་ཚོགས་ནང་ཉིན་གཉིས་གསུམ་རིང་གི་བགྲོ་གླེང་། བདུན་ཕྲག་གཅིག་གཉིས་ཀྱི་ཟབ་སྦྱོང་སོགས་མང་པོ་ཞིག་བྱེད་སྲོལ་འདུག་པ་འདི་ཚོ་ཡང་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཅི་འདྲ་ཡོད་མེད་ཀྱང་ཐེ་ཚོམ་གྱི་གནས་སུ་གྱུར། ཅིའི་ཕྱིར་ཞེ་ན་༌༌༌༌༌
རྣམ་པ་ཚོས་དགོངས་འཆར་ཁག་ཅིག་གནང་འདུག་པར་གསལ་བཤད་ཁ་ཤས་ཞུ་བར་འདོད།
༡༽ སྨན་རྩིས་ཁང་གི་དབུ་འཛིན་ཚོགས་ཞུགས་གནང་བ་དེ། ཕལ་ཆེར་སྨན་པའི་སྐུ་ཚབ་ཀྱི་ངོ་བོར་ཕེབས་པ་རེད་མ་གཏོགས་སྨན་ཁང་གི་དབུ་འཛིན་ཡིན་པའི་ཆ་ནས་ཕེབས་པ་ཕལ་ཆེར་མ་རེད་སྙམ། སྤྱིར་བཏང་སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་གི་ཁྱབ་ཁོངས་སྨན་ཁང་ག་ཚོད་ཡོད་མེད་ངས་གསལ་པོ་མི་ཤེས། ས་གནས་མང་པོ་ཞིག་ལ་སྨན་ཁང་ཡོད་རེད། དེ་ཚོའི་འགན་འཛིན་དང་། དེ་བཞིན་བོད་མིའི་སྒེར་གྱི་སྨན་ཁང་ཡང་ཡོད། ལྷག་པར་བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཡོད་རེད། དེ་ཚོའི་དབུ་འཛིན་རྣམ་པ་ཚོགས་ཕེབས་གནང་ཡོད་དམ།
༢༽ ཚོགས་ཆེན་འདི་སྐོང་འཚོགས་གནང་མཁན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་རེད། གཞུང་ཞབས་སོགས་ཚོགས་འདུར་ཕེབས་མ་བཅུག་པ་རེད་ཟེར་བ་དེའི་དོན་གནད་དང་པོ་ངས་ཀྱང་ཡག་པོ་མགོི་ཚོས་མ་བྱུང་། འབྲེལ་ཡོད་མང་པོ་ཞིག་ལ་ཁ་པར་བཏང་ནས་འདྲི་བརྩད་བྱས་པ་ཡིན། ཐ་མ་ཤེས་རྟོགས་བྱུང་བ་ལྟར་ན། གྲོས་ཚོགས་ཀྱིས་ཚོགས་ཆེན་སྐོང་ཚོགས་ཀྱི་གྲོས་འཆར་དེ་གྲོས་ཚོགས་ནང་འཁྱེར་འདུག གཞུང་གི་འགྲོ་སོང་གཏོང་དགོས་སའི་ལས་དོན་ཡིན་ན། བཀའ་ཤག་གི་རྒྱབ་གཉེར་མེད་པར་གྲོས་ཚོགས་ཀྱིས་ཐག་བཅད་ཆོག་གི་མེད་པ་འདྲ། དེར་བརྟེན། བཀའ་ཤག་གིས་རྒྱབ་གཉེར་རམ་མོས་མཐུན་གནང་མི་འདུག སྐབས་དེར་བཀའ་ཤག་གིས་གསུངས་པའི་རྒྱུ་མཚན་གཙོ་བོ་ནི། ༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་འཚོགས་སྐབས་གཞུང་ཞབས་མང་པོ་ཚོགས་བཅར་བའི་ནང་བཏང་བ་དེར། སྤྱི་ཚོགས་ནང་སྐྱོན་བརྗོད་ཤུགས་ཆེ་བྱུང་ཡོད་སྟབས། ད་རེས་གཏོང་གི་མིན་གསུངས་པ་རེད་ཟེར། འདི་ནི་དངོས་གནས་གྲྭ་པའི་ལས་ཀ་བྱེད་སྟངས་རང་རེད། ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་དུ་གཞུང་ཞབས་མང་དྲག་ན། ད་རེས་རྩ་བ་ནས་མི་གཏོང་བ་དེ་འདྲ་མ་ཡིན་པར། གྲངས་འབོར་འོས་འཚམས་ཤིག་ བཏང་ན་འགྲིག་གི་རེད་སྙམ།
ཉེ་དུས་མང་བོ་ཞིག་གིས་ཡི་གེ་བཏང་སྟེ། སྲིད་དོན་དཔྱད་རྩོམ་ཇི་ལྟར་འབྲི་དགོས་མིན་སྐད་ཆ་འདྲི་གི་འདུག
༡༽ བཙན་བྱོལ་གྱི་སྤྱི་ཚོགས་སྒྲོམ་གཞི་མགོ་ཚོས་པ་བྱེད་དགོས། དཔེར་ན། བོད་གཞུང་གི་སྒྲོམ་གཞི། དགོན་སྡེ་ཁག་གི་སྒྲོམ་གཞི། སློབ་གྲྭ་ཁག་གི་སྒྲོམ་གཞི། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྒྲོམ་གཞི་སོགས་ཐོག་མར་ཡག་པོ་ཤེས་པ་དགོས།
༢༽ རང་རེའི་བཅའ་ཁྲིམས་དང་སྒྲིག་གཞི་དེ་ཚོར་དོ་སྣང་བྱེད་དགོས།
༣༽ བཙན་བྱོལ་བོད་མི་གནས་ཡུལ་གྱི་ས་གནས་ཁག་ཤེས་པ་བྱེད་དགོས། ས་བཀྲ་ཞིག་གི་ཐོག་གནས་ཡུལ་ཁག་རྟགས་བཀོད་ན་ཡག་པོ་འདུག
༤༽ བོད་མི་དང་འབྲེལ་ཡོད་དྲྭ་རྒྱའི་ཁ་བྱང་ཡག་པོ་ཉར་དགོས། དེའི་ཆེད། tibetsites.com དེ་ཕན་ཐོགས་པོ་འདུག དྲྭ་རྒྱ་མང་ཆེ་བ་དེ་ནས་རག་གི་རེད།
༥༽ སྲིད་དོན་དང་འབྲེལ་ཡོད་ཚོགས་པ་ཁག་གི་འབྲེལ་ཡོད་མི་སྣའི་ཁ་པར་ཨང་གྲངས་ཉར་དགོས། དེང་སྐབས་ཁ་པར་གོང་ཁེ་བོ་རེད། གནས་ཚུལ་མ་ཤེས་པ་འདུག་ན། འབྲེལ་ཡོད་ལ་སྐད་ཅ་འདྲི་དགོས། བོད་གཞུང་གི་ལས་ཁུངས་ཁག་ཕུད་གཞུང་འབྲེལ་མ་ཡིན་པ་དང་སློབ་གྲྭ། དགོན་སྡེ་བཅས་ཀྱི་གནས་ཚུལ་ཁ་པར་བཏང་ན་རག་བདེ་བོ་རེད་འདུག གཞུང་གི་ལས་ཁུངས་ཁག་གི་མི་སྣས་གནས་ཚུལ་སྤྲོད་དཀའ་ཙམ་འདུག
༦༽ སྤྱི་འཐུས་དང་སྲིད་དོན་པ་ཁག་དང་འབྲེལ་བ་བཟོས་ཏེ། ལྟ་ཚུལ་འདྲ་མིན་གླེང་མོལ་བྱེད་དགོས།
༧༽ ད་དུང་གདོང་དེབ་སོགས་ཀྱི་ནང་དུ། ནང་ཁུལ་དང་ཡོངས་གྲགས་གང་རུང་གི་ཐོག་ནས་གྲོས་བསྡུར་བྱས་ཆོག
༨༽ ནུབ་ཕྱོགས་སུ་བཀའ་ཟུར་དང་སྤྱི་ཟུར། གཞུང་ཞབས་ཟུར་པ་མང་པོ་རེད། དེ་ཚོར་འབྲེལ་བ་བཟོས་ཏེ་སྔོན་གྱི་གནས་ཚུལ་རྙིང་པ་དྲིས་ནའང་ཕན་ཐོགས་ཆེན་པོ་འདུག
༩༽ གལ་ཆེ་ཤོས། གནས་ཚུལ་མང་ཙམ་བལྟས། སྐད་ཆ་མང་ཙམ་དྲིས། འོན་ཀྱང་དཔྱད་པ་རང་ངོས་ནས་བྱེད་དགོས། མིས་སྐད་ཆ་འདྲ་མིན་བཤད་ཀི་རེད། དེ་ཚོར་ཉན་ནས་དཔྱད་ཞིབ་བྱེད་ཐུབ་དགོས།
༡༠༽ དྲྭ་རྒྱ་དང་དེབ། ཚགས་པར་སོགས་བཀླགས་རྗེས། གལ་ཆེ་བ་དེ་ཚོ་བརྗེད་ཐོ་རེ་བཀོད་ཐུན་ན་ལེགས། དྲྭ་རྒྱ་ལྟ་བུར་ཆ་མཚོན་ན། གནས་ཚུལ་དེ་ཡོད་ས་དེ་ག་རང་book mark བྱས་ན་ཡག་པོ་འདུག དེ་མིན་དྲྭ་རྒྱའི་ཐོག་ནས་ཉམས་ཞིབ་བྱེད་སྟངས་དེ་ཚོ་ཡང་སློབ་སྦྱོང་བྱེད་ཐུབ་ན། ལས་སླ་བོ་ཡོད། དཔེར་ན། བོད་ཀྱི་སྐོར་ཉིན་རེར་གནས་ཚུལ་གསར་བ་ཇི་ཙམ་ཐོན་པ་ཚང་མ་ཐད་ཀར་རང་ཉིད་ཀྱི་གློག་འཕྲིན་ནང་སླེབས་ཐུབ་པ་སོགས་བཟོ་ཐུབ་པ་ཡིན། དེ་རིང་དུས་ཚོད་དབང་གིས་དེ་ཙམ་ལགས།
༣༽ སེམས་ཐག་ཉེ་བའི་བསེ་རུས་བྲིས་པའི་གནས་ཚུལ་ཐད། ཕྲན་ལྟ་བུར་མངོན་ཤེས་ཅི་ལ་ཡོད། ངས་འདིར་བྲིས་པ་ཕལ་མོ་ཆེ་བོད་གཞུང་གི་དྲྭ་རྒྱ་དང་། དུས་བབ་དྲྭ་རྒྱ། བོད་ཀྱི་བང་ཆེན་དྲྭ་རྒྱ། ཕ་ཡུལ་དྲྭ་རྒྱ་བཅས་གཞི་རྩར་བཟུང་བ་ཡིན། འབྲེལ་ཐག་རྣམས་གཤམ་དུ་བཀོད་ཡོད།
༡) http://tibet.net/tb/2010/07/22/%E0%BD%82%E0%BD%A3%E0%BC%8B%E0%BD%86%E0%BD%BA%E0%BD%A0%E0%BD%B2%E0%BC%8B%E0%BD%82%E0%BD%A6%E0%BD%A3%E0%BC%8B%E0%BD%96%E0%BD%A6%E0%BE%92%E0%BE%B2%E0%BD%82%E0%BD%A6%E0%BC%8D/
2) 2)http://tibet.net/tb/2010/06/18/%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%82%E0%BD%9E%E0%BD%B4%E0%BD%84%E0%BC%8B%E0%BD%98%E0%BD%84%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%A3%E0%BC%8B%E0%BD%A1%E0%BD%BC%E0%BD%84%E0%BD%A6%E0%BC%8B/
༣) http://tibet.net/tb/2010/06/17/%E0%BD%82%E0%BD%A6%E0%BD%A3%E0%BC%8B%E0%BD%96%E0%BD%A6%E0%BE%92%E0%BE%B2%E0%BD%82%E0%BD%A6%E0%BC%8D/
༤) http://tibet.net/tb/2010/08/06/%E0%BC%B8%E0%BD%82%E0%BD%BC%E0%BD%84%E0%BC%8B%E0%BD%A6%E0%BC%8B%E0%BC%B8%E0%BD%A6%E0%BE%90%E0%BE%B1%E0%BD%96%E0%BD%A6%E0%BC%8B%E0%BD%98%E0%BD%82%E0%BD%BC%E0%BD%93%E0%BC%8B%E0%BD%86%E0%BD%BA9-10-5/
5) http://tibet.net/tb/2010/08/05/%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%82%E0%BD%9E%E0%BD%B4%E0%BD%84%E0%BC%8B%E0%BD%98%E0%BD%84%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%A3%E0%BC%8B%E0%BD%A1%E0%BD%BC%E0%BD%84%E0%BD%A6%E0%BC%8B-2/
6) http://tibet.net/tb/2010/07/22/%E0%BD%82%E0%BD%A3%E0%BC%8B%E0%BD%86%E0%BD%BA%E0%BD%A0%E0%BD%B2%E0%BC%8B%E0%BD%82%E0%BD%A6%E0%BD%A3%E0%BC%8B%E0%BD%96%E0%BD%A6%E0%BE%92%E0%BE%B2%E0%BD%82%E0%BD%A6%E0%BC%8D/
7) http://www.tibetexpress.net/bo/home/2010-02-04-05-35-27/2843-2010-03-23-05-01-22
དཔྱད་གཞི་འདིའི་རིགས་ལ་རྒྱུན་དུ་ཐུགས་སྣང་དང་དབྱེ་ཞིབ་གནང་དགོས་གལ་ཆེན་པོ་རེད་འདུག ད་ལྟའི་ཚོགས་ཆེན་འདི་ང་རང་ཚོའི་སྤྱི་ཚོགས་ནང་གལ་ཆེན་རེད། འོན་ཀྱང་བརྒྱུད་ལམ་ཁག་ཏུ་དེང་སྐབས་བན་བོན་གྱི་རྩོད་པ་དང་བཀའ་ཁྲི་ལ་འདི་འོས་ཀྱི་གཞན་ནི་ཐ་ཤལ་ལོ་ཟེར་བ་ལྟ་བུས་ཁེངས་འདུག འདི་ནི་དཔྱད་ཞིབ་པ་ཚོར་ཆ་མཚོན་ན། སྐྱོན་ཆ་ཆེན་པོ་རེད་སྙམ། གནས་ཚུལ་མང་པོ་ཞིག་ནི་ཚོད་དཔག་ཐུབ་བདེ་བོ་རེད།
༤༽ ངས་བྲིས་པ་མང་ཆེ་བ་སྐྱོན་བརྗོད་རེད་འདུག་ཟེར་བ་བདེན། སྐྱོན་བཤད་པ་ལ་དགའ་དྲག་ནས་བྲིས་པ་མིན། བོད་འདི་སྐྱོན་གང་ཉུང་ཉུང་ཞིག་ཆགས་ཐུབ་པའི་རེ་བས་ཡིན།
བཀུར་འོས་ཁང་གསར་ལགས།
དངོས་གནས་ཉམས་མྱོང་རྒན་པོའི་འབེལ་གཏམ་ཡག་པོ་ཞིག་གསུངས་འདུག
སྡོམ་ཡག་པོ་ཞིག་བྲིས་ནས་འདིར་མཆན་བུའི་ཚུལ་དུ་བཀོད་འདུག
དངོས་གནས་བྱས་ན་མཆན་བུ་འདི་སྐུ་ཉིད་ཀྱི་ཟིན་བྲིས་སུ་བཅུག་ནའང་མང་པོ་ཞིག་ལ་ཕན་ཐོགས་ངེས་ཅན་ཡོང་ས་རེད། འདི་ནི་སྒྲོམ་གཞི་སློང་སྟངས་ཀྱི་ས་བོན་ཙམ་རེད་འདུག ཐུགས་རྗེ་ཆེ།།