རྔ་བ་རྒྱལ་ཁམས་པ།
མཚམས་འདིར་ངའི་ཆུང་མས་ཉོ་བཅའ་བརྒྱབ་ཚར་ནས་ངེད་གཉིས་འཚོལ་དུ་སླེབས། ཚོང་ཁང་དེར་ལྟ་སྐོར་འཁྱུགས་ཙམ་བྱས་ནས་ཕྱིར་རང་ཁྱིམ་གྱི་ཕྱོགས་སུ་བསྐྱོད། ང་ཚོ་མ་རྒན་གྱི་ཁྱིམ་དུ་སླེབས་འཕྲལ། བུས་ནམ་རྒྱུན་ལྟར་འོག་ཤོད་ནས། ཨ་ཡེ་ལགས། ང་ཚོ་ཕྱིར་སླེབས་ཡོད་ཅེས་བོས། མ་རྒན་གྱིས་ཀྱང་ཁྱེད་ཚོ་ཕྱིར་ཡོང་བ་ལེགས། ཞེས་སྐས་འཛེགས་ཐོག་གི་རྟ་བབ་ལས་ང་ཚོ་ལ་བསུ་བ་བྱས། ངས་བཟའ་བཏུང་དང་སྨན་ཁུར་སྣོད་ཀྱི་འདྲིད་འཁོར། ཆུང་མའི་གློད་ཀླད་བཅས་ནང་དུ་བླངས་ནས། རང་རང་སར་ཞིབ་མོར་བཞག ངའི་ཆུང་མའི་ཨ་མ་ལགས་གཙང་སྤྲ་ལ་དང་དོད་ཆེ་ཞིང། ཁང་ཁྱིམ་ཤིན་ཏུ་གཙང་མ་ཡིན་སྟབས། ངས་ནམ་རྒྱུན་རང་ཁྱིམ་ལྟར་བཅའ་དངོས་གང་སར་རང་དགར་འཇོག་གི་མེད། ང་ཚོས་མ་རྒན་ལ་ཉིན་དེའི་སྨན་ཁང་གི་གནས་ཚུལ་རྣམས་ཞིབ་མོར་ཞུས། བུའི་གནས་བབ་ཡག་ཏུ་སོང་ཡོད་སྟབས། མ་རྒན་ཡང་ཐུགས་ཧ་ཅང་དགའ།
བུ་ཆུང་ནམ་རྒྱུན་ལྟར་སོབ་སྟེགས་སེར་ནག་དེའི་ཐོག་བསྡད་རྗེས། རབ་བཏགས་རི་མོའི་གློག་བརྙན་ལ་བལྟ་མགོ་ཚུགས། ངས་སོབ་སྟེགས་འོག་གི་རྐང་བ་འཇོག་སའི་སྣེ་མོ་ཕྱིར་འཐེན་ཞོར། དུས་ཡུན་ཆུ་ཚོད་ཕྱེད་ཀར་བརྙན་འཕྲིན་ལ་བལྟ་ཆོག དེ་ནས་གོམ་སྦྱོང་དང་། གཟུགས་པོ་ཕུར་གནོན་གྱི་ལག་ཐབས་གཏོང་རྒྱུ་ཡིན་ཞེས་བཤད་པར། ཁོས་ཀྱང་མོས་མཐུན་བྱས། ངས་བརྡ་གཏོང་དུས་ཚོད་ཀྱི་བརྡ་རྒྱག་མཛུབ་གནོན་དེར་མནན་ནས་དུས་ཚོད་བགོ་སྐབས། ཁོས་ངས་ད་དུང་གྲ་སྒྲིག་མ་ཟིན། ཁྱོད་ཀྱིས་དུས་ཚོད་མ་གནོན་རོགས་ཟེར།
ཁོས་བརྙན་འཕྲིན་ནང་གི་ལས་འཆར་ཡར་མར་ཞིབ་བཤེར་ཐེངས་འགའ་བྱས་རྗེས། གློག་བརྙན་ཞིག་ལ་བལྟ་མགོ་བརྩམས་པ་དང་། ངས་ཀྱང་བརྡ་རྒྱག་དུས་ཚོད་ཀྱི་མཛུབ་གནོན་མནན། སྐར་མ་སུམ་ཅུའི་ཐོག་བརྡ་རྒྱག་དུས་ཚོད་ཀྱི་སྒྲ་ལྷང་ལྷང་གྲགས། ངས་བུ་ལ་དུས་ཡུན་རྫོགས་སོང་། ད་བལྟ་རྒྱུ་མཚམས་འཇོག་རོགས་ཞེས་བཤད་པར། ཁོས་སྐར་མ་ལྔའི་དུས་ཚོད་སྤྲོད་རོགས་ཞེས་ཨུ་ཚུགས་བྱས། ངས་ཁོ་ལ་ལས་ཀ་དང་། སློབ་གྲྭ། རྩེད་མོ་སོགས་ལས་རིམ་ཕལ་ཆེར་དུས་བཅད་ཀྱིས་འགྲོ་བཞིན་ཡོད་སྟབས། ཁྱོད་འདི་ལྟར་ངན་ལངས་སུ་སོང་ན་ཕྱི་ནས་དཀའ་ངལ་ལ་འཕྲད་ངེས་ཞེས་བཤད་པར། ཁོས་འཐད་ལ་མི་འཐད་པའི་ངང་མཚམས་བཞག་སྟེ། ཡར་ལངས་ནས་གོམ་སྦྱོང་གི་མགོ་བརྩམས།
གོམ་སྦྱོང་སྐབས་རོ་སྟོད་གཡས་མ་ཅུང་ཡར་མཐོ་པོ་དང་། གཡོན་མ་མར་དམའ་མོ་སྒུར་འགྲོས་ལྟ་བུ་བྱས་ཏེ་འགྲོ། ངས་ཁོ་ལ་ཁོག་སྟོད་ཡར་དྲང་བོར་བསྲིངས་ནས་གོམ་པ་སྤོས། ཞེས་ལག་གཡོན་མས་བུའི་མཆན་ཞབས་དང་། གཡས་མས་རྒྱབ་ངོས་ནས་ཡར་དྲང་བོར་བསྲིངས་ཏེ་གོམ་པ་སྤོ་རུ་བཅུག ཤེས་རྟོགས་བྱུང་བ་ཞིག་ནི། བྲང་ངོས་གཡོན་མར་བཞག་མྱོང་བའི་སྨན་གཏོང་སྐུད་ལམ་གྱི་སྒྲོམ་པུས། ལུས་སྟོད་གཡོན་ཕྱོགས་ཀྱི་ཤ་རྒྱུས་ནུས་པ་མར་ཉམ་པ་དང་། གཡས་ཕྱོགས་ཀྱི་ཤ་རྒྱུས་དེ་ཙམ་མར་ལྷུང་མེད་སྟབས། ལུས་སྟོད་ལ་མཐོ་དམན་ལྟ་བུ་ཤོར་བ་དང་། སྐུད་ལམ་བཀོལ་སྤྱོད་ཀྱི་ཁོག་སྟོད་ཅུང་ནང་དུ་སྒུར་ཡོད་པ་ཧ་གོ གོམ་སྦྱོང་གྲུབ་རྗེས་གྲ་སྒྲིག་ཟིན་པའི་གསང་སྤྱོད་ཀྱི་ཁྲུས་གཞུང་ནང་ག་ལེར་ཕྱིན། ཆུ་དྲོད་འཇམ་གྱིས་ལུས་ཧྲིལ་བོ་ག་ལེར་བཀྲུས། མཚན་མོ་ཉལ་སྐབས་ཀྱི་སྲམ་འཇམ་ཡང་བའི་གོས་དེ་བསྐོན། གཟུགས་པོ་ཕུར་གནོན་གྱི་ཉལ་ཁྲིའི་སྒང་། ཁ་ཐུར་དུ་འཁོར་ཏེ་ཉལ་རྗེས། ངས་རང་ཉིད་ཀྱི་ལག་པ་དང་། གྲུ་མོ་གཡས་གཡོན་གཙང་མར་བཀྲུས། སྐེ་ལྟག་དང་ལུས་སྟོད་དུ་གོན་དགོས་པའི་དྲོད་ཀྱི་ཁུག་མ་སྟབས་བདེ་དེ། གློག་ཤུགས་ཚ་རླབས་ཀྱི་ནང་སྐར་མ་ཁ་ཤས་བཞག་སྟེ་ཚ་བོར་བཟོས།
སངས་རྒྱས་སྨན་བླའི་རྣལ་འབྱོར་གྱི་ངད་མ་ཡལ་བའི་ངང་། བུའི་རྣ་ལྟག་གཉིས་ནས་རྐང་མཐིལ་བར་གྱི་གཟུགས་པོའི་ཤ་གནད་ཆེ་ཁག་གི་ཐོག ག་ལེར་ཕུར་གནོན་དུས་ཡུན་སྐར་མ་ཉི་ཤུ་ལྷག་བྱས། དྲོད་ཁུག་དག་བཀབ་སྟེ་སྐར་མ་བཅུའི་རིང་ཕྱིའི་ནུས་པ་ལུས་ཀྱི་ནང་བསྟིམ་དུ་བཅུགས། སྐར་མ་བཅུའི་རྗེས་ཡར་ལངས་ཏེ་དྲོད་ཁུག་ལུས་པོར་གོན་བཞིན་ངལ་གསོ་ཞོར། བཅའ་སྒའི་ཁུ་བ་ནུར་བོ་ཚ་དྲོད་རན་པ་ཞིག་ག་ལེར་རང་མོས་ལྟར་འཐུང་དུ་བཅུགས། བྱ་ཐབས་འདི་ནི་ཕལ་ཆེར་ཉིན་བཞིན་བེད་སྤྱོང་གཏོང་པའི་ལག་ལེན་ཞིག་ཡིན། སྤྱི་ཟླ་ལྔ་བའི་ཚེས་བཅུ་དྲུག་ནི། བུའི་སྐྱེས་སྐར་ཡིན། དེར་བརྟེན་འདི་ལོའི་སྤྱི་ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། བྱིས་པའི་སྨན་ཁང་གི་རྕེད་མོ་ཚན་པའི་བཀོད་སྒྲིག་འོག ངའི་བུར་སྐྱེས་སྟོན་རྒྱས་བསྡུས་རན་ཙམ་ཞིག་སྨན་ཁང་རང་གི་ནང་དུ་འཚོགས། ང་ཚོ་རང་ངོས་ནས་ཀྱང་སྐྱེས་སྟོན་ལ་དགོས་པའི་བཅའ་དངོས་ཅི་ཐུབ་ཅིག་གྲ་སྒྲིག་བགྱིས་པ་ཡིན།
ཉིན་དེའི་ཞོགས་པ་སྔ་བོ་ང་ཚོ་འཆར་ཅན་སྨན་ཁང་དུ་འབྱོར་རྗེས། ཁྲག་བརྟག་དཔྱད་དང་ལུས་རྩལ་གྱིས་མཚོན་པའི་ཞོགས་པའི་ལས་འཆར་ཕལ་ཆེར་ཞིག་གྲུབ་ཟིན། སྨན་ཁང་དུ་བསྐྱོད་ཐེངས་སྔ་མའི་སྐབས། འཕྲོད་བསྟེན་ཉེན་སྲུང་དང་བོའི་མང་མཐའི་ལག་རྩལ་སྦྱོང་བརྡར་ཐེངས་དྲུག་ཅུ་ཧྲིལ་བོ་རྫོགས་ཟིན་པས། མུ་མཐུད་ལག་རྩལ་སྦྱོང་ཐུབ་རྒྱུ་མིན་པར་བཤད་པ། འཕྲོད་བསྟེན་འགན་སྲུང་གཉིས་པ་བེད་སྤྱོད་གཏོང་བར་སྐུལ་མ་བྱས་རུང་། ལས་བྱེད་ཚོ་རང་ངོས་ནས་ཀ་ཀོར་བྱས་ཏེ་རྩད་འཚོལ་མ་བྱས། ང་ཚོས་སྨན་པར་དེ་སྐོར་སྦྱངས་བཤད་ཞུས་ཟིན་པ་ལྟར། སྨན་པས་སློབ་སྟོན་དང་ཕྱག་བྲིས་ཤིག་གནང་བ། བྱིས་ནད་སྡེ་ཚན་གྱི་དཔལ་འབྱོར་རིག་པ་བ་ཤོན་ཞེས་འབོད་པའི་མི་ནག་དེར་ཕུལ། ཉིན་དེར་སླར་ཡང་སྔོན་མ་བཞིན་ལག་རྩལ་སྦྱོང་བརྡར་དུ་འགྲོ་ཐུབ་པ་བྱུང་། ཉིན་དེའི་ཆུ་ཚོད་གཅིག་རིང་གི་ལག་རྩལ་སྦྱོང་བརྡར་གྲུབ་མཚམས། བུའི་སྐྱེས་སྟོན་གྱི་མཛད་སྒོ་དངོས་སུ་མགོ་ཚུགས། ཉིན་དེར་སྨན་ཁང་དུ་ཡོང་བའི་བྱིས་པ་དང་ཁོང་ཚོའི་ཕ་མ། ལྷག་པར་བུའི་སྒེར་བསྟེན་དགེ་རྒན་མ་ལྗོ་ཡན་དང་། སྨན་ཞབས་མ་ཁེ་གྲི་ལེན་གཉིས་དམིགས་བསལ་གྱི་མགྲོན་འབོད་བྱས་པ་ཡིན།
ནོས་ཡོག་མངའ་སྡེའི་ཤེས་ཡོན་སྲིད་བྱུས་ལྟར་ན། ནོས་ཡོག་རང་ནས་སྨན་ཁང་འདིར་བསྟེན་གཏུགས་ལ་ཕེབས་པའི་བྱིས་པ་མ་གཏོགས། མངའ་སྡེ་གཞན་པའི་བྱིས་པ་ཚོར་སློབ་ཁྲིད་ཀྱི་གོ་སྐབས་སྤྲོད་ཀྱི་མི་འདུག་ཀྱང་། དགེ་རྒན་ལྗོ་ཡན་ཁོམ་ལོང་ནམ་ཡོད་ལ་ངའི་བུར་སློབ་ཁྲིད་གནང་བར་ཕེབས་ཤིང་། རིམ་པས་ཉིན་རེའི་འཛིན་གྲ་དངོས་ཀྱི་ནང་བླངས་ཏེ་སློབ་ཁྲིད་མཛད། དགེ་རྒན་མ་འདི་ངའི་བུ་ལ་ཤིན་ཏུ་དགའ། མོས་གསུངས་ན་མོ་རང་སྨན་ཁང་འདིར་སློབ་ཁྲིད་དུ་ཡོང་ནས་ད་བར། ངའི་བུ་ནི་ཆེས་རིག་པ་ཡག་ཤོས་དང་། ཀུན་སྤྱོད་བཟང་ཤོས། དགེ་རྒན་ལ་བརྩི་བཀུར་བྱེད་མཁན་གྱི་ཕྲུ་གུ་ཡག་ཤོས་དེ་ཡིན། ཞེས་ག་དུས་ངའི་བུ་མཐོང་ནའང་། རང་ཉིད་ཀྱི་བུ་རྒྱུད་ཅིག་མཐོང་བ་ལྟར། སྤྲོ་སེམས་ཁོལ་བའི་ངང་ངའི་བུ་ལ་བསྙུན་འདྲི་ཕྱག་ཉུག་ཡང་ཡང་གནང་མཁན་ཞིག་ཡིན། སྨན་ཞབས་མ་དེའི་མིང་ལ་ཁ་ཁྲི་ལེན་ཞེས་ཞུ་ཞིང་། མོ་ནི་སྨན་ཁང་འདིའི་ནང་གི་མཛེས་མ་རྩེ་ཕུད་དེ་ཡིན་ཞེས་བཤད་ན་འགྲིགས། མོ་ང་ཚོ་ལ་ཤིན་ཏུ་བཟང་། ལྷག་པར་ངའི་བུའི་གཤིས་སྤྱོད་ཀྱིས་མོའང་ཡིད་དབང་ཡོངས་སུ་འཕྲོད་ཡོད། མོ་ལས་དུས་ནམ་འཁེལ་ཕལ་ཆེར་ལ་ངའི་བུར་ལྟ་རྟོག་སྨན་ཞབས་བྱ་རྒྱུར་འདེམས་ངེས་ཡིན།
བུད་མེད་དེ་གཉིས་གཙོ་བོར་གྱུར་པའི་ང་ཚོ་དང་འབྲེལ་ཡོད་ཀྱི་ལས་བྱེད་མི་སྣ་ཚོ་མགྲོན་འབོད་བྱས། བྲོ་རྡུང་། གླུ་བླངས། དྲན་རྟེན་གྱི་འདྲ་པར་ཡང་བརྒྱབ། ཉིན་དེར་ཅུང་མ་བདེ་བ་ཞིག་ནི། ང་ཚོས་ཁྱེར་ཡོང་བའི་ཟས་སྣ་མང་བོ་ཞིག སྐྱེས་སྐར་བཀོད་སྒྲིག་པས་ལྡེར་བཤམས་གནང་མ་སོང་། ངས་ཆུང་མས་ཟས་རིགས་དེ་དག་ཅིའི་ཕྱིར་མགྲོན་པོ་ཚོར་མ་ཕུལ་བ་ཡིན་ནམ། ངས་སོང་ནས་ཁོང་ཚོར་ཅིག་བཤད་ཀྱི་ཡིན། ཞེས་ལབ་ཀྱིན་འདུག ངས་ད་གཡུགས་ཤོག ཅིག་བྱས་ན། ནད་པ་ཉམ་ཐག་གཞན་པ་ཚོར་འགྲོ་སོང་གཏོང་གི་ཡོད་སྲིད་པ་རེད། ཅེས་བཤད་པ་ཡིན། སྐྱེས་སྟོན་གྲ་སྒྲིག་པས་སྔ་བོ་ཞིག་ནས་བུ་རང་ཉིད་དང་། ངེད་གཉིས་ལའང་བུ་དགའ་ཕྱོགས་ཀྱི་དངོས་པོ་གང་ཞིག་ཡིན་མིན་དྲི་རྨེད་བྱས་དོན་ལྟར། རང་ཉིད་ཀྱི་བསམ་བློ་བཏང་སྟེ་བཟོ་སྐྲུན་བྱེད་ཆོག་པའི་རྩེད་ཆས་ཤིག་དང་། ཕྲ་དངོས་བརྟག་དཔྱད་ཀྱི་ཡོ་ཆས་ལག་སྒམ་གཅིག་བཅས་གནང་སོན་བྱུང་།
སྐྱེས་སྐར་གྱི་མཛད་སྒོ་གྲུབ་འཕྲལ། འབྲེལ་ཡོད་དག་ལ་བཀའ་དྲིན་ཆེ་ཞེས་ཞུས་རྗེས། ཕྱིར་རང་ཁྱིམ་དུ་ལོག ཆུང་མའི་མ་རྒན་དང་སྤུན་མཆེད་གྲོགས་པོ་དག་གིས་སྤྲད་པའི་རྒྱ་ལུགས་ཤོག་ཁུག་དམར་བོ་དག་གི་ནང་དངུལ་ལོ་མང་བོ་འདུག ཡུལ་འདིའི་ལུགས་སྲོལ་ལྟར་བུ་རང་ཉིད་ལའང་། དངུལ་ཁང་དང་འཛིན་ཡིན་ཐེམ་ཐོ་ཞིག་ཡོད། བུས་དངུལ་ལོ་རྣམས་བསྡུ་རུབ་ཀྱིས་རྩིས་ཤིག་བརྒྱབ་སྟེ། ད་ང་ལ་དངུལ་ཁང་ནང་ན་དངུལ་ལོ་བཞི་སྟོང་བརྒྱ་མེད་ལྔ་བཅུ་འདུག་ཅེས། ཡིད་སེམས་རབ་ཏུ་མགུ་བའི་རྣམ་འགྱུར་བསྟན། ངའི་བུ་འདི་ཁོ་རང་ཉིད་ཀྱི་དངུལ་ལོ་བེད་སྤྱོད་གཏོང་རྒྱུར་ཅུང་སེར་ན་ཆེ་བ་ཡོད། འདི་ཕའི་གཤིས་ཀ་བུ་ལ་འབྱར་བ་ཞིག་ཡིན་ཤས་ཆེ། ངའི་ཆུང་མ་ནི་དངོས་པོ་སྦྱིན་གཏོང་ལ་ལག་ཤིན་ཏུ་ཡངས་པོ་ཡོད་པས། འདིའི་ཐད་བུ་ལ་མའི་གཤིས་ཀ་དེ་ཙམ་མེད་པ་འདྲ། བུ་འདི་སྐྱེས་ནས་བཟུང་། འོད་ལ་དགའ་ཞིང་མུན་པ་ལ་སྐྲག ད་ལྟ་བར་དུ་མཚན་མོར་ཉལ་སྐབས་གློག་སྒྲོན་ཆུང་ཆུང་ཞིག་རྒྱུན་དུ་སྤར་བཞིན་ཡོད། མཚན་མོར་ཁང་ཚིགས་ཐོག་མའི་ཉལ་ཁང་དུ་རང་ཉིད་གཅིག་པུར་ཉལ་རྒྱུར་འཚེར་སྣང་སྐྱེ། ངས་སྐབས་རེར་མཚན་མོར་ཐོག་ཁང་ནས་དངོས་པོ་ཅི་ཞིག་ལེན་དུ་སོང་། ཞེས་སྨྲས་ན་འགྲོ་རྒྱུར་སྐྲག་སྣང་ཞིག་ཡོད་པ་འདྲ། ངས་ཁྱོད་སྐྲག་གིན་འདུག་གམ་ཞེས་དྲིས་ཚེ། ཁོས་མི་སྐྲག་ཅེས་སྨྲ།
ཁྱེད་ཀྱི་སྒྲུང་འདི་གློག་བརྙན་འཆར་འགོད་ཀྱི་ཟིན་བྲིས་ཤིག་དང་འདྲ་བོ་འདུག
རེད་ལགས། འདི་ཕལ་ཆེར་དངོས་ཡོད་འཚོ་བ་ལ་གཞི་བཅོལ་བའི་སྒྲུང་རྩོམ་རིང་མོ་ཞིག་ཏུ་འགྱུར་སྲིད། ཆ་ཚང་གྲུབ་རྗེས་དབྱིན་ཇིའི་སྐད་ཡིག་ནང་དུའང་བསྒྱུར་ཨེ་ཐུབ་བལྟ་གི་ཡིན།
ཁྲེད་ཀྱི་ཆུང་མ་གང་ན་རེད། བོད་པ་ཚང་ནས་རེད། ཕྱི་གླིང་ཚང་ནས་རེད། གནད་འགག་ཅང་མི་འདུག་ཀྱང་ཤེས་འདོད་པ་ཙམ་ཡིན།
ཁྱེད་ཀྱི་སྒྲུང་ཚང་མ་ཀློག་པའི་གོ་སྐབས་མ་བྱུང་ཡང་བཀླག་པ་ཚང་མ་སྐྱོ་བ་དང་དགའ་བ་མཉམ་བསྲེག་ཀྱི་ཚོར་བ་འབྱིན་བྱུང་ཡ། ཡག་པོ་བྲིས་འདུག ཀློོག་འདོོད་པ་ཞིག་རེད་འདུག ནང་དོན་ལ་ལྟོས་ན་ཁྱེད་ཀྱི་བུ་ཡག་པོ་དྲག་ཡོད་ས་རེད་བཀྲིས་བདེ་ལེགས་ཞུ།
ཁྱེད་ཡང་སྐྱ་སར་འབབ་པ་ཞིག་ཡིན་ས་རེད། ཡག་པོ་རེད་དེང་དུས་ཀྱི་ཚན་རིག་དང་ནང་ཆོས་ཟུང་འབྲེལ་བྱས་ན་ཕན་འབྲས་ཆེན་ཐོན་གྱི་ཡོད་པ་ར་སྤྲོད་ཡག་པོ་བྱས་འདུག ཡིན་ནའང་ད་དུང་འཕུར་མཉེ་གཏོང་སྟངས་ཞིབ་ཚགས་ཙམ་འབྲི་ཐུབ་ན་དགེ་མཚན་ཆེན་པོ་མཐོང། ཐུགས་ལ་འཇོག་རོགས།
ལེའུ་ཕལ་ཆེ་བར་ཞིབ་ལྟ་བྱས་པ་ཡིན། སྔོན་ཆད་རྫུ་འཕྲུལ་གྱི་བུ་ལ་ཉེན་ཁ་བྱུང་སྐབས་རང་ཉིད་ཀྱིས་ཤེས་ཚོད་ཀྱིས་སྨོན་ལམ་འདེབས་ཁུལ་ཡང་བྱེད་མྱོང་། ཞིབ་འཇུག་བྱས་ན་བྱ་སྤྱོད་གང་གིས་ཐད་ནས་ཀྱང་རྫུ་འཕྲུལ་གྱི་བུ་ནི་རྫུ་འཕྲུལ་ཅན་དང་། ཕ་ཡང་དེ་བཞིན་ནོ། །ལོ་རྒྱུས་འདིས་གདུང་སེམས་མཉམ་བསྐྱེད་ལ་ཕྱར་བ་གྲུ་འདེགས་དང་། མིའི་རིགས་ལ་སེམས་འགུལ་ཐེབས་པ་དང་། ནད་པ་ཞིག་དང་འབྲེལ་ཡོད་ཅིག་གིས་མཐོང་ན་སེམས་ཤུགས་ཀྱང་སྐྱེ་ངེས་རེད། སྤྲུལ་བའི་ཕ་དང་རྫུ་འཕྲུལ་གྱི་བུ་གཉིས་ཀྱི་ཚུལ་མཐོང་གི་མཛད་པ་ལེགས་པའི་ལམ་དུ་རིམ་བཞིན་འགྲོ་བར་དགའ་བསུ་དང་། ཐུགས་གསོའི་མཚམས་འདྲི་ཞུ།།