རྔ་བ་རྒྱལ་ཁམས་པ།
གང་ལྟར་ཡང་ཁོའི་གཤིས་སྤྱོད་དེ་དག་གིས། ང་རང་བྱིས་དུས་ཀྱི་སྣང་ཚུལ་འགའ་ཞིག་ཡང་ཡང་ཡིད་ལ་དྲན་དུ་འཇུག ང་ཆུང་ཆུང་ཡིན་སྐབས། ང་ཚོ་ཁྱིམ་མི་རྣམས་ངའི་ཁྱིམ་ཚང་གི་ཀ་བ་བཞིན་ཅན་གྱི་ལྕགས་ཐབ་མཐའ་རུ་བསྡད་ནས་ནུབ་ཟས་ལ་རོལ། ནུབ་ཇ་འཐུང་ཞོར་རྒན་པ་ཚོས་ཁ་བརྡ་སྣ་ཚོགས་བྱེད། སྐབས་སྐབས་ལ་འདྲེ་བཤད་འཇིགས་སུ་རུང་བ་མང་བོ་ལབ་གླེང་བྱེད་ཀྱི་རེད། ངའི་མ་རྒན་གྱིས་ལྕགས་ཐབ་ནང་མེ་གསོ་ཡང་ཡང་བཏབ་སྟེ་འོ་ཇ་ནུར་མོ་མང་བོ་སྐོལ་བཞིན་ཡོད། ལྕགས་ཐབ་མདུན་དུ་ཡོད་པའི་ལྕི་སྒམ་ནང་གི་ལྕི་བ་མྱུར་དུ་རྫོགས་སླ་བས། ངའི་ཨ་མ་ལགས་ཀྱིས་ང་ཁྱིམ་ཕུག་ཏུ་ལྕི་བ་ལེན་པར་ཡང་ཡང་གཏོང་གི་ཡོད། ང་ཁྱིམ་ཕུག་ནག་རུབ་དེར་འགྲོ་རྒྱུར་ཤིན་ཏུ་འཇིགས་སྣང་ཆེ་མོད། ཨ་མས་བཙན་གྱིས་གཏོང་གི་རེད། ཁྱིམ་ཕུག་ཏུ་འགྲོ་ཐེངས་རེར། ད་གིན་བཤད་ཟིན་པའི་འདྲེ་སྒྲུང་དེ་ཡིད་ལ་འཁོར། ལྕི་ཁང་ནག་ཐོམ་དེ་ལས་ལྕི་བ་སླེ་བོར་བཅུ་སྐབས། འཇིགས་སྣང་གིས་ལུས་པོ་ཚ་འུར་འུར་་བྱེད་ཅིང་། ལམ་སང་སླེ་བོ་བཟུང་ནས་གོ་ཁར་ཕྱིར་རྒྱུག་པས། ཨ་མས་ཁྱོད་དམག་གིས་དེད་ཡོང་བ་ཡིན་ནམ། ཅིའི་ཕྱིར་དེ་འདྲ་བྲེལ་ཚུབ་བྱེད་ཀྱིན་ཡོད་ཅེས་གཤེ་གཤེ་གཏོང་། འོན་ཀྱང་། ངའི་བུ་འདི་གཤག་བཅོས་སོགས་སྨན་བཅོས་ཆེ་ཆུང་གང་ལའང་མི་སྐྲག་ཅིང་བློ་ཁོག་ཆེན་པོ་ཡོད་མཁན་ཞིག་ཡིན་པས། ད་ནི་སྙིང་སྟོབས་ཆེ་ཆུང་ཞེས་པ་ཅི་འདྲ་ཞིག་ལ་ངོས་འཛིན་དགོས་པའང་མ་ཤེས།
གང་ལྟར་ཡང་། ད་ནི་ཁོ་ཕལ་ཆེར་ནད་གཞི་ལས་གྲོལ་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་ལ། ཁོ་རང་ཉིད་ཀྱིས་ཀྱང་ང་ནད་གཞི་ལས་གྲོལ་སོང་། ཅིའི་ཕྱིར་སྨན་བཅོས་དང་སྨན་ཡང་ཡང་ཟ་དགོས་པ་ཡིན་ནམ། ཞེས་ཡང་ཡང་འདྲི། ངེད་བཟའ་ཚོ་གཉིས་ཀྱིས་འདིའི་ཐད་བསམ་བློ་མང་བོ་ཞིག་བཏང་སྟེ། མཐའ་མའི་ཐག་ཆོད་འདི་བྱས་པ་ཡིན། ངེད་གཉིས་སྤྱི་མོས་ཐོག༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་མཐའ་མའི་ཐག་གཅོད་དགོངས་བརྟགས་གནད་དོན་གསུམ་པོ་འདི་ཞུས་པ་ཡིན། གཅིག སྨན་ཁང་ནས་སྨན་བཅོས་མུ་མཐུད་བྱེད་པ། གཉིས། སྨན་གཙོ་བོ་སྒྲི་ས་ནབ་གཅིག་པའི་ཐོག ལུས་གནད་ཕུར་གནོན་གྱི་སྨན་བཅོས་ལག་ཐབས་བེད་སྤྱོད་བྱེད་པ། གསུམ། སྨན་ཁང་ནས་སྨན་བཅོས་མཚམས་འཇོག་གིས་ལུས་གནད་ཕུར་གནོན་ཀྱི་ལག་ཐབས་གཅིག་པུ་བེད་སྤྱོད་བྱེད་པ་བཅས་དོན་དག་གསུམ་གྱི་ཐོག་དགོངས་སྐོར་ཞུས་འབྲས།
དོན་ཚན་གསུམ་པ་སྨན་བཅོས་མཚམས་འཇོག་གིས། ལུས་གནད་ཕུར་གནོན་གྱི་ལག་ཐབས་བེད་སྤྱོད་བཏང་ན་ལེགས་ཞེས་བཀའ་ལུང་ཕེབས་པར། དགོངས་པ་དེ་ངེད་གཉིས་ཀྱི་སེམས་ལ་ཤིན་ཏུ་འཐད་པ་ཞིག་ཡིན་རུང་། གནས་ཚུལ་དེ་སྨན་པ་དག་གིས་ངོས་ལེན་བྱེད་ཐུབ་མིན་མ་ཤེས། ཐོག་མའི་ཆར་ངེད་གཉིས་ཀྱིས་དེའི་ཐད་ནང་གྲོས་ཤིག་བྱས། སྨན་བཅོས་གཏན་ནས་མཚམས་འཇོག་གིས་བྱས་ན་བཟང་ཚུལ་གྱི་བསམ་བློ་གཅིག་མཐུན་བྱུང་། འོན་ཏེ་གལ་སྲིད་སྨན་པས་ངོས་ལེན་མ་བྱས་ན། མ་འོང་བར་དཀའ་ངལ་འདྲ་བྱུང་ཚེ་ཇི་ལྟར་བྱེད། སྨན་པ་ཚོར་འབྲེལ་ལམ་ཇི་ལྟར་བྱེད་དགོས། བསམ་བློ་མང་བོ་བཏང་། དྲི་སྐོར་མང་བོ་བྱས། གྲོས་བསྡུར་མང་བོ་བརྒྱུད་མཐར། ལམ་དབུས་མ་ཞིག་ཏུ་སོང་ན་དགེ་མཚན་ཆེ་བའི་མོས་མཐུན་བྱུང་། དེའང་འཆར་ཅན་བརྟག་དཔྱད་སྐབས། ཁྲག་མང་བོ་འཐེན་བཞིན་ཡོད་པ་དང་། བདུན་གཉིས་སམ་ཟླ་རེའི་མཚམས་སུ་སྒལ་གཞུང་ནས་ལུས་ཀྱི་རྐང་མར་བཏོན་ཏེ་བརྟག་པ་བྱེད་བཞིན་པ། ཐུན་ཚད་ཤུགས་ཆེ་བའི་སྐྲན་བཅོས་ཀྱི་སྨན་ཁ་ཤས་དང་། དེ་འབྲེལ་གྱི་སྨན་སྣ་ཁག་ཅིག་གཏོང་གིན་ཡོད་པ་དག་ལས། གཤགས་བཅོས་མཚམས་འཇོག་དང་། སྐྲན་སྨན་གྱི་ནུས་ཤུགས་དང་། གྲངས་ཀ་གཅོག་འཕྲི་བྱེད་འོས་པའི་བསམ་འཆར་ཁག་ཅིག་སེམས་ནང་ཉར་ནས། སྤྱི་ལོ་བཅུ་གསུམ་གྱི་ཟླ་བདུན་པའི་ཚེས་ལྔའི་ཉིན། བུའི་སྨན་གཙོ་ཁ་བྷོ་སི་དང་། ཤོག་ལ་རྣམ་གཉིས་དང་མཉམ་པོར་མ་འོངས་སྨན་བཅོས་ཐད། ཕ་མ་དང་སྨན་པ་ནང་མོལ་གྱི་ཚོགས་འདུ་ཞིབ་རྒྱས་ཤིག་འཚོགས་པ་ཡིན།
ཚོགས་འདུའི་ཐོག་ང་ཚོའི་བར་གྱི་འགལ་ཟླ་གཙོ་བོ་ཞིག་ནི། སྨན་པ་ཚོས་མ་འོངས་པར་སྐྲན་ནད་ཕྱིར་ལོག་སྲིད་པའི་དྭོགས་གཞིའི་འོག རེ་ཞིག་པར་སྨན་བཅོས་མུ་མཐུད་བྱ་འོས་པའི་དགོངས་ཚུལ་ཤུགས་ཆེར་བཏོན། ངེད་གཉིས་ཀྱིས་ནད་པའི་་ལུས་ཀྱི་འཚོ་རྟེན་ཤུགས་ཆེར་གཅོག་པའི་སྐྲན་སྨན་ཐུན་ཚད་ཆེན་པོའི་རིགས་དང་། ཟས་ཀྱི་ཡི་ག་འཕྲོག་པའི་སྨན་སྣ། རྐང་ལག་བུད་ནས་རེངས་པོར་འགྱུར་འགྲོ་བའི་སྨན་གྱི་རིགས་གང་ཡང་བེད་སྤྱོད་གཏོང་མི་འདོད་པའི་བསམ་ཚུལ་ཤུགས་ཆེར་བཏོན། དེ་བཞིན་བརྟག་དཔྱད་སྐབས། ལུས་ནས་ཁྲག་མང་བོ་ལེན་པ། སྒལ་གཞུང་ཕུག་ནས་རྐང་མར་ཡང་ཡང་ཕྱིན་འདོན་པ། བཟི་སྨན་མང་བོ་བེད་སྤྱོད་བྱེད་པ། གློ་པར་ཡང་ཡང་རྒྱག་པ་སོགས་ནི། ངེད་ཀྱིས་ཆེས་མི་འདོད་པའི་སྐྲན་བཅོས་སྐོར་ཡིན།
འོན་ཏེ་སྐྲན་སྨན་གཙོ་བོ་སྒྲི་ས་སི་ནུབ་ཅེས་པའི་སྟེང་། འཆར་ཅན་ཟླ་རེར་དབུགས་གཏོང་འཐེན་བརྒྱུད་གཏོང་དགོས་པའི་སྨན་དང་། དེ་དག་གི་རྟིང་གནོན་དུ་ཟས་སྤྱོད་དང་། ལུས་ཀྱི་གནད་རྩ་འཕུར་གནོན་གྱི་ལག་ཐབས་གསོ་བཅོས་དེ་བེད་སྤྱོད་བཏང་ན་དེས་མ་འགྲིགས་ཤིག་མེད་པར་བཤད། ཕན་ཚུན་བགྲོ་གླེང་མང་བོ་ཞིག་བྱས་མཐར། སྔ་སེ་ནས་ང་ཚོའི་ནང་ཡོད་པའི་ལམ་ཁ་བར་མ་དེའི་ནང་འགྲོ་ཐུབ་པ་བྱུང་། དེའང་སྨན་བཅོས་དེ་ཙམ་དོ་གལ་མི་ཆེ་བའི་རིགས་ཚང་མ་མཚམས་འཇོག ཟླ་རེར་ཁྲག་བརྟག་པ་ཐེངས་རེ། ཁྲག་དེའང་སྔ་མུས་བཞིན་ལུས་ནས་མང་བོ་འཐེན་མ་དགོས་པར། མཛུབ་རྩེ་ནས་ཁྲག་ཐིག་ཉུང་ངུ་རེ་བླངས་ནས་བརྟག་པ་བྱེད་པ། ཟླ་གསུམ་རེའི་མཚམས་རྐང་མར་བརྟག་པ་དང་། ཐུན་ཚད་ཤུགས་ཆེར་གཅོག་འཕྲུ་བྱས་པའི་སྐྲན་སྨན་ཐེངས་རེ་གཏོང་བ། འཆར་ཆན་ཟ་བཞིན་པའི་ཉིན་རེའི་སྐྲན་སྨན་རིལ་བུ་དོག་པ་གཅིག་དང་། ཟླ་རེའི་དབུགས་གཏོང་ལེན་བརྒྱུད་གཏོང་དགོས་པའི་སྨན་བཅས་རེ་ཞིག་བར་བེད་སྤྱོད་བྱེད་པའི་གྲོས་འཆར་བྱུང་བ་བཞིན། ད་ལྟའང་ལམ་ལུགས་དེའི་ནང་འགྲོ་བཞིན་པ་ཡིན།
ངེད་ཕ་མ་གཉིས་ཀྱི་ཉམས་མྱོང་གི་ཐོག་ནས་ཞུས་ན། སྐྲན་ནད་ཅེས་པ་ནི་དེ་ཙམ་འཇིགས་དགོས་པ་ཞིག་ནི་མ་ཡིན་ཡང་། ཆེས་ཤིན་ཏུ་འཇིགས་སུ་རུང་བ་དེ་ནི་སྐྲན་ནད་སྨན་བཅོས་ཀྱི་སྐོར་དེ་རེད། སྐྲན་ནད་སྨན་བཅོས་ཀྱིས་ནད་པ་དངོས་གནས་གསོད་ཀྱིན་འདུག གལ་སྲིད་ང་ཚོ་རང་ཉིད་ཀྱིས་སྨན་ཐུན་ལ་སྟངས་འཛིན་དང་། ནད་བཅོས་ལག་ཐབས་བེད་སྤྱོད། ཞབས་རིམ་མང་བོ་ཞིག་བསྒྲུབས་མེད་ན། ངའི་བུ་འདི་ད་ལྟ་འཇིག་རྟེན་འདི་ནས་ཕལ་ཆེར་ཁ་བྲལ་ཚར་ཡོད།
ང་ཚོས་ཤེས་རྟོགས་བྱུང་བ་ཞིག་ལ། ནད་པ་ཅི་འདྲ་ཞིག་ཡིན་རུང་། གསོན་ཤུགས་ཀྱི་ནུས་པ་དང་། ཟས་དང་ཀུན་སྤྱོད། ངས་བེད་སྤྱོད་གཏོང་བཞིན་པའི་ལག་ཐབས་བཅས་ལག་ལེན་ལ་བསྟར་ཐུབ་པ་ཡིན་ན། ནད་པ་ཕལ་ཆེར་ནད་གཞི་ལས་གྲོལ་ཐུབ་པའི་ལམ་ཁ་ཞིག་ཡོད་སྣང་ཤར། འགྲོ་བ་མིའི་ལུས་ཀྱི་ནུས་པ་གཙོ་བོ་ནི་དྲོག་ཤུགས་ཡིན། དྲོད་ལ་ཕྱིའི་ནུས་པ་དང་། ནང་གི་ནུས་པ་གཉིས་ཡོད། ཕྱིའི་ནུས་པ་ནི་ཉི་ཟླ་གཟའ་སྐར་གྱི་འོད་སྣང་ལས་བྱུང་། ནང་གི་ནུས་པ་ནི། དྲོད་ཀྱི་ནུས་ཤུགས་ལྡན་པའི་བཟའ་བཏུང་དང་། སྒོམ་ལ་བརྟེན་ནས་ནང་གི་དྲོད་ཤུགས་སྤར་ཞིང་གསོ་བ། དྲོད་ལྡན་གྱི་གྱོན་པ་དང་། དྲོད་ལྡན་ཁུག་མ་ལྟ་བུ་བེད་སྤྱོད་བརྒྱུད་ལུས་ཀྱི་ནུས་ཤུགས་གསོ་བ་ལྟ་བུ་ཡིན། ལར་ནས་ནད་པ་སུ་འདྲ་ཡིན་རུང་། གཟུགས་པོའི་ནུས་པ་ཉམས་དམས་ཆེན་པོར་མ་ཕྱིན་པ་ཞིག་ན། སྨན་བཅོས་ལ་མ་ལྟོས་པར་གཟུགས་པོ་རང་ཉིད་ལ་ནད་ཀྱི་རིགས་དང་། རྨ་ཁ་སོགས་གསོ་བཅོས་ཐུབ་པའི་ནུས་པ་རང་ཆས་ཡོད། གནས་ཚུལ་དེ་ནི་སྐྱེ་དངོས་ཕལ་ཆེར་གཅིག་མཚུངས་ལྟ་བུ་ཡིན། ནད་པའི་ལུས་ཟུངས་ཀྱིས་མ་ལྡང་ན། སྨན་ཅི་འདྲ་ཞིག་བེད་སྤྱོད་བཏང་ཡང་ཕན་ཐོགས་ཁག་པོ་རེད།
ལྷག་པར་ནུབ་ཕྱོགས་པའི་སྨན་བཅོས་འགྲོ་སྟངས་ཀྱིས་ནད་བྱེ་བྲག་པ་རེར་ཕན་པའི་སྣང་ཚུལ་ཡོད་རུང་། གཟུགས་པོ་སྤྱིའི་བདེ་ཐང་ལ་ནི་གནོད་པ་མང་བོ་ཐེབས་བཞིན་ཡོད། རྒྱུ་མཚན་ནི། སྨན་རང་ངོས་ན་ནད་མེད་པར་བཟོ་ཞིང་། ནད་མེད་ཀྱི་སྐྱེ་དངོས་གཞན་ལ་གནོད་སྐྱོན་མི་ཕོག་པའི་བདེ་འཇགས་ཀྱི་སེམས་ཁམས་དེ་མེད་པ་རེད། དེང་སང་སྨན་དེ་འདྲ་ཞིག་བཟོ་ཨེ་ཐུབ་བལྟ་གིན་ཡོད་ཚོད་འདུག་ཀྱང་། དེ་ནི་ཡོང་མི་སྲིད་པ་ཞིག་སྟེ། སྨན་ནི་རྣམ་རྟོག་བྲལ་བའི་བེམ་རིགས་ཡིན་པས་སོ།།
ངའི་བུའི་ཚེ་སྲོག་ཐེངས་འགར་འཕྲོག་ལ་ཁད་བྱེད་མཁན་དེའང་སྐྲན་ནད་ཁོ་རང་མ་རེད། དེ་ནི་སྐྲན་བཅོས་ཀྱི་བརྒྱུད་རིམ་འཇིགས་སུ་རུང་བ་དེས་བྱས་པ་ཞིག་རེད། ངས་གོ་ཐོས་ཤིག་ལ། ནུབ་ལུགས་སྐྲན་སྨན་གྱི་འབྱུང་ཁུངས་དེ་འཇར་ནམ་ན་ཟའི་ཤོག་ཁག་གིས། ལྗོས་མི་རིགས་ཁེར་གསོད་གཏོང་བའི་ཚབ་ཏུ་ཁང་བར་སྡེབ་འཇུག་བྱས་ནས། དུག་རླངས་བཏང་སྟེ་སྡེབ་གསོད་བྱས་པའི་ལམ་ལུགས་ལས་བྱུང་བ་ཞིག་ཡིན་ནོ་ཟེར། དེ་བདེན་པ་ཞིག་ཡིན་མིན་ངས་མ་ཤེས། ནུབ་ཕྱོགས་ཀྱི་སྨན་དང་། གསོ་བཅོས་གཏོང་བའི་ཁོར་ཡུག་ཕལ་ཆེར་གྲང་མོ་རེད། དེར་བརྟེན་ནད་པ་ཟུངས་ལྡན་ཞིག་ཡིན་ནའང་། ལུས་ཀྱི་ཟུངས་བཅུད་ཉམས་སླ་ཞིང་། ནད་རིགས་སྔོན་འགོག་གི་སྟབས་ཀ་ཆུང་ནས་ཆུང་དུ་འགྲོ། ཟུངས་ཟད་ཅིག་ཡིན་ན། ཚེ་སྲོག་གི་འཚོ་གནས་མར་ཇེ་ཉམ་དུ་སོང་སྟེ། འཆི་ལམ་དུའང་འདེད་སྲིད་པ་རེད། བཟི་སྨན་རྒྱག་པ། གཤག་བཅོས་གཏོང་བ། གློག་པར་འདེབས་པ། ཟེར་མདའི་བཅོས་ཐབས་ལྟ་བུ་ནི། ནད་པ་མ་ཟད་གཟུགས་པོ་ཐང་བོ་ཡིན་པའི་མི་ལའང་ཉེན་ཁ་ཆེན་པོ་རེད།
ང་ལ་དོ་སྣང་བྱུང་བ་ཞིག་ནི། ནུབ་ཕྱོགས་ཀྱི་སྨན་བཅོས་ཀྱིས་ནད་ཀྱི་འབྲས་བུ་ཐད་བཅོས་བྱེད་པ་ལས། ནད་ཀྱི་རྒྱུར་བཅོས་སྒྱུར་གཏོང་གི་མེད་སྟབས། ནད་འབྲས་ཐེངས་འགར་གཅོད་བྲེག་ལྟ་བུ་བྱས་རུང་། ནད་ཀྱི་རྒྱུ་ད་དུང་ཤུལ་ན་ལྷག་ཡོད་སྟབས། ནད་ཡང་བསྐྱར་ཕྱིར་འཕར་བཞིན་ཡོད་པ་རེད། ལར་ནས་བདག་གིས་སྨན་གྱི་སྐོར་ཅིའང་མི་ཤེས་པས། སྨན་པས་གང་བཤད་དང་ལེན་ཞུས་པ་ཡིན། ངའི་ཕྲུ་གུར་སྨན་བཅོས་ཀྱི་བརྒྱུད་རིམ་ཁྲོད། ནུབ་ཕྱོགས་པས་སྐྲན་བཅོས་ཐད། ཤི་གསོན་གྱི་ཁ་ཕྱོགས་མཐའ་མ་གསལ་བའི་ཉེན་ཁ་ཅན་གྱི་བཅོས་ཐབས་མང་བོ་ཞིག་ལག་བསྟར་བྱེད་བཞིན་པ་ཚོར། འོན་ཀྱང་། བཅོས་ཐབས་དེ་དག་ལ་དགེ་མཚན་ཁྱོན་ནས་མི་འདུག་ཅེས་སྨྲ་ག་ལ་སྤོབས། ནུབ་ལུགས་སྐྲན་བཅོས་ཀྱིས་དྲག་བསྐྱེད་བྱུང་དང་འབྱུང་བཞིན་པའང་མང་བོ་ཞིག་ཡོད་པ་སྨོས་མ་དགོས།
དོན་ཚན་གསུམ་པ་སྨན་བཅོས་མཚམས་འཇོག་གིས། ལུས་གནད་ཕུར་གནོན་གྱི་ལག་ཐབས་བེད་སྤྱོད་བཏང་ན་ལེགས་ཞེས་བཀའ་ལུང་ཕེབས་པར་ཤིན་ཏུ་ལེགས། སངས་རྒྱས་སྨན་གྱི་ལྷ་ལ་ཕྱག་འཚལ་ལོ།།
དད་པ་དེ་ཡག་པོ་རེད། མོ་རྒྱབ་ནས་ཐག་གཅོད་པ་དེས་སྐུ་ཉིད་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་པ་་ཞིག་རེད་བསམ་བྱུང་དེ་དེ་ལས་ལྡོག་པའོ། ད་ལྷ་ཕོབས་དང་བོད་པའི་སྨོང་དད་ཐམས་ཅད་ལ་དད་པའོ། ཁྱེད་ཀྱི་ཕྲུག་གུ་ན་ཚ་དྲག་པ་ཤིན་ཏུ་ནས་དགའ་འོས། ད་དུང་སྨན་པ་མཁས་པ་ལ་བརྟེན་པ་དང་སྨན་པའི་ངག་བཞིན་བྱེད་གལ་ཆེ། སྐྱབས་རྗེ་ཀིིརྟེ་རིན་པོ་ཆེ་ཤིན་ཏུ་བླ་མ་ཚད་ལྡན་རེད། ཡིན་ན་ཡང་མོོ་ནི་མོ་རང་རེད། ང་ལ་དེའི་སྐོར་མང་པོ་ཞིག་ཤེས་ཀྱི་ཡོད། མོ་ཞེས་པ་དེ་ས་སོའི་རྣམ་སྤྱོད་ཀྱིས་ཧ་མ་གོ་ནས་འུས་ཐུག་དུས་རྒྱབ་ཡག་ཞིག་རེད། དགའ་ལྡན་ནས་བྱང་སེམས་སྦྱོར་ལམ་པའི་ཕྱག་མོ་སོགས་ལོ་རྒྱུས་མང་པོ་ཡོད། དེའི་གང་པྲ་ཕབ་ཞེས་པ་ཞིག་ཡང་ཡོད། སྐུ་ཆེ་རྒྱལ་ཁམ་པའི་བུ་དེ་ན་ཚ་དྲག་ཏུ་འགྲོ་བའི་སྐབས་འདིར་སྨན་པའི་ངག་བཞིན་དང་ཞབས་བརྟེན་རིམ་གྲོ་ཡག་པོ་གནང་ནས་བུ་དེ་སེང་དྲག་ཕྱིན་ནས་མ་འོང་བོད་སྲིད་སྐྱོང་སྨོན་འདུན་བཅས།
གོང་དུ། མ་འོང་བོད་ཀྱི་སྲིད་སྐྱོང་ཡོང་བའིཞེས་བཅོས་རོག།