རྔ་བ་རྒྱལ་ཁམས་པ།
ངས་བཤད་འདོད་པ་ནི། ཚེ་སྲོག་ལ་ཉེན་ཁ་ཤིན་ཏུ་ཆེ་བའི་ནུབ་ལུགས་སྐྲན་བཅོས་འདི་ཚོ་བརྒྱུད་མ་དགོས་པར་ལག་ཐབས་དང་། ཡོ་གའི་ཉམས་ལེན། བཟའ་བཏུང་གི་ཀུན་སྤྱོད། ལུས་རྩལ་སོགས་ལ་བརྟེན་ནས་སྐྲན་བཅོས་ཐུབ་པའི་ལམ་ཁ་ཞིག་གམ། ཡང་ན། སྐྲན་བཅོས་ཀྱི་ལས་རིམ་ནང་ནད་བདག་རང་ཉིད་ཀྱི་ཉམས་མྱོང་ལ་དཔགས་པའི་སྨན་གྱི་ཐུན་ཚད་སོགས་ལ་སྟངས་འཛིན་བྱེད་ཤེས་པ་ཞིག་བྱུང་ན། སྐྲན་ནད་ཕལ་ཆེར་ཞིག་སེལ་ཐུབ་པའི་ལམ་ཁ་ཞིག་ཡོད་སྣང་ཤར།
ནམ་ཡང་བརྗེད་དཀའ་བའི་ཚོར་བ་ཞིག་ལ། ང་ཚོ་དང་མཉམ་པོར་སྨན་ཁང་དུ་སྡོད་མཁན་གྱི་ཀོ་རུ་ཡའི་ཕོ་སར་དེ། ཐོག་མར་ཕོ་སྐྲན་ཡིན་ཡང་སྐྲན་བཅོས་ཀྱི་བརྒྱུད་རིམ་ཁྲོད། ཁྲག་སྐྲན་དུ་གནས་འགྱུར་ཡོད་པ་དང་། རྒྱ་གར་གྱི་བུ་མོ་ཆུང་ཆུང་ཞིག་ཐོག་མར་གློ་སྐྲན་ཡིན་མོད། ཟེར་བཅོས་ཀྱི་བརྒྱུད་རིམ་ནང་། སྐྲན་ནད་གཞན་ཞིག་ཏུ་གནས་འགྱུར་ཡོད་པ་དང་། ངས་རྒྱུན་དུ་མཐོང་མྱོང་བའི་སྐྲན་ནད་ཅན་གི་བྱིས་པ་མང་བོ་ཞིག ཉེ་ལམ་ཞིག་ནས་གར་སོང་ཆ་མེད་དུ་གྱུར་ནས་ཤི་གསོན་ཆ་མ་འཚལ་བའི་གནས་སུ་གྱུར། ཉིན་ཁ་ཤས་སྔོན་སྨན་ཞབས་མ་ཁ་ཁྲི་ལེན་ལ་དེ་སྐོར་དྲི་རྩད་བྱས་པས། མོས་ངོ་མདོག་འགྱུར་ནས་མགོ་བོ་གཡུག་གཡུག་གནང་བཞིན་པ་ལས་ལན་ཅིའང་མི་འདུག
དཀོན་མཆོག་གསུམ་གྱི་ཐུགས་རྗེའི་བྱིན་རླབས་དང་། ཆོས་ལུགས་མི་འདྲ་བ་མང་བོའི་གསོལ་སྨོན། ང་ཚོ་རང་ཉིད་ཀྱི་ནད་བཅོས་ལག་ཐབས། སྡིག་སྤོང་དགེ་སྒྲུབ་ཀྱི་ནུས་པ། སྨན་པ་དང་སྨན་ཞབས་ཚོའི་ལྷག་བསམ་ལ་བརྟེན་ནས། ངའི་བུ་ནི་ད་ལྟ་སྐྲན་ནད་ལས་གྲོལ་ཡོད་པའི་ཡིད་ཆེས་བྱེད་བཞིན་པ་མ་ཟད། སྒོ་གསུམ་གྱི་སྤྱོད་ལམ་ཡང་སྔོན་མ་ལས་ལྷག་མེད་ཀྱང་དམན་དུ་སོང་མི་འདུག ཅེས་ཁྱེད་ཀློག་པ་པོ་རྣམ་པར་ཞུ་འདོད་བྱུང་། ད་ལོའི་སྤྱི་ཟླ་དགུ་བ་ནས་ཁོ་རྒྱུན་ལྡན་སློབ་གྲྭར་འགྲིམས་བཞིན་ཡོད། ཁོ་ད་ལོ་འཛིན་རིམ་དྲུག་པ་རེད།
ང་ཚོས་ཁོ་སྨན་བཅོས་ཀྱི་དུས་ཡུན་རིང་སློབ་ཚན་མང་བོ་ཞིག་སློབ་སྐལ་བྱུང་མེད་པས། སློབ་གྲྭ་གསར་བ་དེའི་འཛིན་སྐྱོང་ལ་འབྲེལ་ལམ་བརྒྱུད། སློབ་གྲྭ་དེའི་དམིགས་བསལ་བསྐྱར་སྦྱོང་གི་ལས་འཆར་ནང་བུ་འཛུལ་ཞུགས་དགོས་མིན་གྱི་དྲི་བ་ཞིག་བཏང་། སློབ་སྤྱིའི་མཚན་ཐོག་ནས་ཕྱག་ཡིག་ཅིག་ཕེབས་གསལ། ཁྱེད་ཀྱི་བུའི་འདས་ཟིན་པའི་སློབ་སྦྱོང་གི་ཡིག་ཚགས་དང་། ཉེ་ཆར་བླངས་པའི་རྒྱུགས་འབྲས་ལ་བལྟས་ན། ཁྱེད་ཀྱི་བུ་དེ་བཞིན་རྒྱུན་ལྡན་འཛིན་གྲྭ་ལས། དམིགས་བསལ་བསྐྱར་སྦྱོང་གི་ལས་འཆར་ནང་ཞུགས་དགོས་པ་མི་འདུག ཅེས་བརྗོད་འདུག འདི་ནི་ངེས་པར་ཡང་བདེན་པ་ཞིག་ཡིན་པ་འདྲ་སྟེ། ངའི་བུ་སློབ་གྲྭ་འདིར་ཞུགས་རྗེས་ཀྱི་ཐེངས་དང་གཉིས་ཀྱི་རྒྱུགས་ཆུང་ཕལ་ཆེར་བརྒྱ་ཆ་བརྒྱ་བླངས་འདུག་པས། ངེད་བཟའ་ཚོ་གཉིས་ཀྱང་ཧ་ལས་དགོས་པ་ལྟ་བུར་གྱུར། ངས་ཁོའི་བརྒྱ་ཆ་བརྒྱ་ཟིན་པའི་རྒྱུགས་འབྲས་རེ་རེ་ལ་སྒོར་བཅུ་བཅུའི་དགའ་རྟགས་སྤྲད་པས། སྒོར་བརྒྱ་ལྷག་ཅིག་བབས་སྟབས་ཁོ་སེམས་པ་ཤིན་ཏུ་དགའ།
དེ་ནས་བཟུང་ངས་ཁོའི་སློབ་ཚན་རེ་རེའི་རྒྱུགས་འབྲས་བརྒྱ་ཆའི་བརྒྱ་སླེབས་ཚད་ལ་སྒོར་བཅུ་རེ་དང་། ཤོག་ངོས་བརྒྱ་ཡན་ཆད་ཟིན་པའི་དཔེ་དེབ་རེ་ཀློག་ཚར་ཚེ་སྒོར་གཅིག་རེ་སྤྲོད་རྒྱུའི་ཁ་ཆད་བྱས་པས། ཁོས་དཔེ་ཆ་ཀློག་པའི་སྤྲོ་སྣང་དང་གྲངས་འབོར་ཡང་མང་ནས་མང་དུ་སོང་། ང་ཚོས་སྨན་ཁང་གི་སྣེ་ལེན་མདུན་སྟེགས་ལས་ཤེས་རྟོགས་བྱུང་བ་བཞིན། ད་ལོའི་སློབ་གྲྭའི་དབྱར་ཁའི་གུང་སེང་སྐབས། ༼བདེ་སྐྱིད་ནི་སྡོད་སྒར༽རེད་ཅེས་མིང་དུ་བཏགས་པའི་ཤོག་ཁག་སྡོད་སྒར་ཞིག་ཏུ་གུང་སེང་འཛུལ་ཞུགས་ཀྱི་དེབ་སྐྱེལ་བྱས། ང་ཚོའི་འཛུལ་ཞུགས་དེབ་སྐྱེལ་ཅུང་འགྱང་དྲགས་པས་བདུན་གསུམ་ལས་དེབ་བསྐྱེལ་གྱི་དུས་ཡུན་ལྷག་མི་འདུག རེ་བ་ཞུས་དོན་བཞིན་གལ་སྲིད་ཟླ་གཅིག་དེབ་སྐྱེལ་གྱི་ས་མིག་སྟོང་བ་འདྲ་བྱུང་ཚེ། བདུན་གཅིག་ཁར་སྣོད་རྒྱག་ཆོག་ཟེར།
སློབ་གྲྭའི་དབྱར་ཁའི་གུང་སེང་མགོ་ཚུགས་པ་དང་། གོན་པ་དང་། ཉལ་ཆས། སྨན། ལུས་སྐྱོབ་དུག་འགོག་བྱུག་སྨན། ལྟོ་སྣོད། མིག་ཤེལ། ཆུ་འཚོག་པར་ཆས། མི་འཕྲོད་ཟིལ་གནོན་སྨན་ཁབ་སོགས། བུ་ལ་ཉེ་བར་མཁོ་བའི་དངོས་པོ་ཚང་མ་གྲ་སྒྲིག་ཚགས་ཚུད་ཀྱིས། ངེད་བཟའ་ཚོ་གཉིས་དང་ཆུང་མའི་མ་རྒན་བུ་ཆུང་བཅས་ངེད་ཅག་མི་བཞི་རླངས་འཁོར་བཏང་སྟེ། སྡོད་སྒར་དེ་ཉིད་ཀྱི་ཕྱོགས་སུ་བསྐྱོད། རླངས་འཁོར་བསྐོར་ནས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཡས་མས་ཤིག་གི་མཚམས། ལམ་ཆེན་དེ་རིམ་པས་ལམ་ཁ་ཆུང་རུ་ཆུང་རུ་ཕྱིན། གྲོང་དང་གྲོང་རྡར་ཁ་ཤས་བརྒྱུད་རྗེས། ཞིང་ཁ་ཆེ་ཆུང་དང་། རྟ་ནོར་ལུག་ཁྱུ་འགའ་རེ་ཡོད་པའི་ལུང་གཤོངས་ཤིག་ནས་ཡར་རི་ཅུང་མཐོ་བོ་ཞིག་ཡོད་པའི་སྐེད་ནས་བསྐྱངས་པའི་ལམ་ཁ་དེ་བརྒྱུད་ནས་སོང་། རེ་ཞིག་ནས་ཕྱོགས་སྟོན་འཁོར་ལོས་བརྡ་རྟགས་ལྟར། ལམ་ངོས་གཡོན་ཕྱོགས་སུ་བདེ་སྐྱིད་སྡོད་སྒར་ཞེས་བརྗོད་པའི་བྱང་བུ་ཆུང་ངུ་ཞིག་མཐོང་།
རྙིང་ཧྲལ་དུ་ཕྱིན་པའི་སྒོ་ར་དང་བྱང་བུའི་རྣམ་པ་ལ་བལྟས་ན། འདི་ནི་ང་ཚོས་ཚོལ་བཞིན་པའི་བདེ་སྐྱིད་སྡོད་སྒར་ཞེས་པ་དེ་ཨེ་ཡིན་སྙམ་པའི་རྣམ་རྟོག་བསླངས། ང་ཚོ་འཛུལ་སྒོ་དེ་ནས་མར་ནང་དུ་ཕྱིན་པས། ལམ་ཁ་གཡས་གཡོན་དུ་དར་ཆ་སྣ་ཚོགས་ཕྱར་ཞིང་། ཁ་དོག་རྣམ་པར་བཀྲ་བའི་འཛུལ་སྒོ་ཞིག་གི་ཕྱི་རོལ་གྱི་མདུན་སྟེགས་ཐོག ཤོག་བྱང་མང་བོ་བཀྲམས་པའི་འཁྲིས་སུ་དགོད་བྲོ་བའི་ཆས་གོས་གྱོན་པའི་ཕོ་སར་ཁ་ཤས་ཤིག་ཡར་ལངས་ནས་བསྡད་འདུག་པ་མཐོང་། ང་ཚོ་ཉེ་སར་སླེབས་པ་ན་ཕོ་སར་ཞིག་སྔོན་དུ་སླེབས་ནས་བསུ་མ་དང་ཆབས་ཅིག རླངས་འཁོར་གང་དུ་འཇོག་སའི་ཡུལ་ངོ་སྤྲོད་གནང་། ང་ཚོས་རླངས་འཁོར་བཞག་རྗེས་བཅའ་དངོས་ཚང་མ་ཁུར་ནས་ཕར་སྒོ་འགྲམ་དུ་ཕྱིན། ང་ཚོ་ཅུང་སྔ་དྲགས་པས་ད་དུང་ནང་དུ་གཏོང་གི་མི་འདུག བུའི་མིང་དང་དེབ་སྐྱེལ་ཡིག་ཆ་སོགས་ཁོང་ཚོར་རྩིས་སྤྲོད་བྱས་རྗེས། ས་ལྟ་ཡུལ་ལྟ་ཞིག་བྱས་པ་ཡིན།
ང་ཚོ་ཡོང་ས་དེ་གོང་གི་སྒོ་བྱང་རྙིང་ཧྲལ་དེའི་རྣམ་པ་དང་འགངས་ནས་མི་མཚུངས་པར། མཛེས་ལྗོངས་ཤིག་གི་ཐང་ག་མིག་མདུན་དུ་བཤམས་པ་ལྟར། ཁོར་ཡུག་ཚང་མ་ལྗང་མདོག་གི་ནགས་ཚལ་གྱིས་ཡོངས་སུ་བསྐོར་བའི་དབུས་ན། བཟོ་བཀོད་མི་འདྲ་བའི་ཁང་རྩེག་ཆེ་ཆུང་རྣམས་ནི། སྤྲིན་དཀར་གྱི་གསེབ་ན་བརྗིད་པའི་ལྡིང་ཁང་བཞིན་དུ་མཛེས་ལ། རྙིང་རྗེ་བའི་རྩེད་ཆས་དང་རྩེད་ཐང་། བྱིས་པ་དགའ་བའི་དགའ་ཚལ་བཅས་ཀྱིས། ངའི་སེམས་པ་བྱིས་སྒྲུང་དག་ན་གསལ་བའི་བྱིས་པའི་དག་ཞིང་ཞིག་ཏུ་ངང་གིས་དྲངས། ངའི་རྣམ་ཤེས་ཕར་ཕར་དག་ཞིང་དེར་འཁྱམས་པ་བཞིན། སྡོད་སྒར་འདིར་ཕེབས་མཁན་བྱིས་པ་དང་ཕ་མ་དག་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་སླེབས།
ང་ཚོས་ཀྱང་འཛུལ་སྒོ་ནས་བཅའ་དངོས་རྣམས་བླངས་རྗེས་ཕོ་སར་ཞིག་གིས་ལམ་སྟོན་འོག སྡོད་སྒར་གྱི་ར་བའི་ནང་དུ་འཛུལ། ང་ཚོ་ཨར་འདམ་དང་རྡོ་ཀ་མ་རས་བཟོས་པའི་རྐང་ལམ་ཕྲ་མོ་ཞིག་བརྒྱུད་ཆུ་རྩེད་གཏོང་སའི་བཅོས་རྫིང་ཡིད་དུ་འོང་བ་ཞིག་གི་མཐའ་བསྐོར་ནས་ཅུང་ཙམ་སོང་བས། ཁང་རྩེག་ཚིགས་གཉིས་ཅན་ཞིག་དང་། ཚིགས་གཅིག་ཅན་གྱི་ཁང་བ་གཉིས་བཅས་ཁང་བ་ཆེ་ཆུང་གསུམ་གྱིས་གྲུ་བཞིར་བསྐོར་པའི་བདེ་ཡངས་ཀྱི་ཁྱམས་རའི་དབུས་སུ། ༼བདེ་སྐྱིད་སྡོད་སྒར་དུ་ཕེབས་པར་དགའ་བསུ་ཞུ༽ཞེས་བཀོད་པའི་འཕྲེད་དར་ཞིག་གི་འོག མི་ཁ་ཤས་ཤིག་ཡོད་པ་དེའི་ཕྱོགས་སུ་སོང་། མི་དེ་ནི་སྡོད་སྒར་གྱི་འགན་འཛིན་གཞོན་པ་དང་། བུད་མེད་དེ་ནི་སྡོད་སྒར་དེར་ཡོང་མཁན་ཕྲུ་གུ་ཚོར་བཅའ་དངོས་མཁོ་སྒྲུབ་གནང་མཁན་གྱི་ལས་བྱེད་ཅིག་རེད།
ང་ཚོས་ཕན་ཚུན་འཚམས་འདྲི་བྱས་འབྱོར་ཐོ་འགོད་སྐབས། མདུན་འཇོག་སྟེང་ཞལ་འདེབས་སློང་དེབ་ཅིག་ཀྱང་བཞག་ཡོད་པ་མཐོང་། སྡོད་སྒར་དེས་ང་ཚོར་ངོས་ལེན་སྔ་ཡིག་ཅིག་བཏང་བའི་ནང་། ཕྲུ་གུ་རེ་རེའི་ཉིན་རེའི་འགྲོ་སོང་དང་། དགོས་མཁོ་མི་འདྲ་བའི་དབང་གིས་འགྲོ་སོང་ཡང་ཆེན་པོ་ཡིན་པས། གལ་སྲིད་ཁྱེད་ཀྱིས་འཁོས་ཀས་འདང་ཚེ། བདུན་རེའི་ཞལ་འདེབས་སྒོར་བརྒྱ་རེ་ཕུལ་ཐུབ་ན་རབ་དང་། མ་ཐུབ་ཀྱང་ངེས་པར་འབུས་དགོས་པའི་འགར་ཁུར་ཁྱེར་མི་དགོས་པ་དགོངས་འཇགས་ཞུ། ཞེས་བཀོད་འདུག རིན་མེད་ཐོག་སྡོད་སྒར་འདི་འདྲ་བཀོད་སྒྲིག་བྱེད་པ་ནི། ས་ཆ་འདིར་མཚོན་ན་ཅུང་མཐོང་དཀོན་པ་ཞིག་ཡིན་པས། ང་ཚོར་དཔལ་འབྱོར་གྱི་འཁོས་ཀ་དེ་ཙམ་བཟང་རྒྱུ་མེད་ཀྱང་། ཆུང་མ་ངེད་གཉིས་ཀྱིས་གྲོས་བསྡུར་བརྒྱུད། བདུན་དང་པོར་ང་ཚོ་རང་ངོས་ནས་སྒོར་ལྔ་བརྒྱའི་ཞལ་འདེབས། བདུན་གཉིས་པ་དང་། གསུམ་པ་གཉིས་ཀར་མ་རྒན་མོ་དང་སྤུན་མཆེད་ཚོར་ཞལ་འདེབས་ཤིག་གཏོང་དུ་འཇུག་རྒྱུའི་གྲོས་འཆམ་བྱུང་། ངའི་དངུལ་འཛིན་སྟེང་ཞལ་འདེབས་ཕུལ་རྗེས། རིན་པ་སྤྲོད་མི་དགོས་པའི་ཆུ་བཏུང་སྣོད་ཅིག་དང་། སྒྲིག་ཆས་ཤིག་ཉོས། བུད་མེད་གཞོན་པ་ཞིག་གིས་སྐད་བཏང་བ་ལྟར། འཕྲོད་བསྟེན་ཚན་པར་བཅར་ནས། བུའི་སྨན་དང་སྨན་བཅོས་རྒྱུས་ཡིག་སོགས་རྩིས་འབུལ་བྱས།
དང་བླངས་སྨན་ཞབས་མ་དེ་ནི་བུའི་སྐྲན་ནད་སྨན་ཁང་གི་ལས་བྱེད་ཅིག་རེད། མོས་བུའི་མིང་ནས་འབོད་ཞོར། ཁྱེད་རང་དཔེ་ཡག་པོར་ཆགས་འདུག ཁྱེད་མཇལ་བ་དགའ་བོ་བྱུང་། སྡོར་སྒར་འདིར་ཕེབས་པར་དགའ་བསུ་ཞུ། ཞེས་མཛའ་བརྩེ་ལྡན་པའི་ངང་བུའི་གཟུགས་པོར་བརྟག་པ་བྱས། བརྟག་དཔྱད་གྲུབ་རྗེས་དང་བླངས་ཕོ་སར་གཞན་པ་ཞིག་གིས་རྒྱུས་སྟོན་འོག ངེད་ཅག་ཕར་བུ་ཕྲུག་སྡོད་སའི་ཁང་ཚན་གྱི་ཕྱོགས་སུ་བསྐྱོད། ང་ཚོ་ཁྲིད་མཁན་གྱི་ཕོ་སར་དེ་ནི། ཡོ་རོབ་ནས་ཕེབས་པ་ཞིག་ཡིན་འདུག་ཅིང་། ཁོ་སློབ་གྲྭའི་གུང་སང་སྐབས་སྡོད་སྒར་འདིར་ལས་ཀར་ཡོང་བ་ཟེར། ང་ཚོ་ད་གའི་ཁང་ཆེན་དེའི་རྒྱབ་ལོགས་ནས། ཁུ་སིམ་ལྷིང་འཇགས་ཀྱི་རྐང་ལམ་ཕྲ་མོ་ཞིག་དེད་ནས་ག་ལེར་ཕར་ངོས་སུ་བསྐྱོད། རྐང་ལམ་གཡས་གཡོན་དུ་མེ་ཏོག་དང་ལྗོན་པ་སྣ་ཚོགས་ཀྱིས་བརྒྱན་ཡོད་པ་དང་། ནགས་རྫོང་སྟུག་པོ་དག་གི་རྩེ་ནས་བྱ་བྱེའུ་སྣ་ཚོགས་ཕར་འཕུར་ཚུར་འཕུར་བྱེད་བཞིན་སྙན་མོའི་བྱ་དབྱངས་དར་དིར་སྒྲོག
རེ་ཞིག་ནས་ལྷུང་ལྷུང་འབབ་བཞིན་པའི་ཆུ་ཕྲན་ཞིག་གི་ཟམ་པའི་ཐོག་སླེབས། ང་ཚོ་ཟམ་པ་དེའི་ཐོག་བསྡད་ནས་དང་གཙང་གི་ཆུ་ཕྲན་དང་དེར་རྒྱུ་བའི་ཉ་དང་རུས་བལ་ཆུ་སྦྲུལ་སོགས་ལ་བསྟད་མོར་བལྟས་ཤིང་། ཆུ་ཕྲན་དེའི་རྒྱབ་ངོས་ན་སུ་ཡོད་པའི་གཡང་དྲུའི་ལྡེར་མ་ཐང་ལ་བཀོད་པ་ལྟ་བུའི་རྫིང་བུ་ཆེན་པོ་དེ་དང་། རྫིང་བུ་དེར་རྒྱུ་བའི་ཆུ་བྱ་སྐེ་རིང་། མཚོ་གྲུ་ཆེ་ཆུང་སོགས་ནི་ངོ་མའི་སྙིང་དུ་སྡུག་པ་ཞིག་རེད། དེ་ནས་ང་ཚོ་རིམ་བཞིན་རྐང་ལམ་དེ་དེད་ནས་མཚོ་རྫིང་དེའི་ཉེ་འཁྲིས་སུ་ཡོད་པའི་ངང་བ་ཁྱུ་གཅིག་ལ་ཞིབ་ལྟ་དང་འབྲུ་རིགས་གཏོར། དྲན་རྟེན་གྱི་པར་མང་བོ་ཞིག་བཏབ། མཚོ་འགྲམ་དེ་ནས་ཡར་ས་ཁད་ཅུང་མཐོ་བོ་ཞིག་ངོས་སུ་མདའ་རྩེད་དང་། པོལ་རྩེད། མཚོ་ཐོག་ཐག་ཤུད་ཀྱི་རྩེད་མོ་རྩེད་སའི་རྩེད་ར་གསུམ་ཕང་སྒྲིག་པའི་གཡས་ཕྱོགས། ས་གཞོང་ཁོད་སྙོམ་པོ་ཕྱོགས་མཐར་མི་ཚད་ཙམ་གྱི་ལྗོན་པ་དང་། མེ་ཏོག་སྣ་ཚོགས། རྡོ་གཅལ་ལ་བཟོ་བཀོད་ངོ་མཚར་ལྡན་པའི་ལྡུམ་རས་བརྒྱན་པ། ས་ཆ་དེ་ནས་ཁ་མདུན་ཕྱོགས་སུ་འཁོར་ན། ད་གའི་ང་ཚོ་ཡོང་སའི་ལམ་ཁ་དང་། ཟམ་པ། མཚོ་དང་ཆུ་ཕྲན་ཁང་རྩེག་སོགས་བསམ་བཞིན་མིག་སྔར་བཀོད་པ་བཞིན་ཡིད་དུ་འོང་བ་ཞིག་རེད།
ས་གཞོང་དེའི་དབུས་སུ་ཁང་བ་ཐོག་གཅིག་མ། བཟོ་བཀོད་སྐྱེད་ཚལ་ནང་གི་ལྡིང་ཁང་ལྟ་བུའི་གཟུགས་སུ་བསྐྲུན་པ། ཁང་བའི་ནང་ལོགས་ཤག་ཚན་མང་བོས་བཅད་ཡོད་པ། ཤག་ཁང་རེ་རེའི་ནང་ཕྲུ་གུ་ལྔ་ནས་དྲུག་པར་སྡོད་ཆོག་པ་ཞིག་འདུག ང་ཚོ་སླེབས་པ་ཅུང་སྔ་བས་ཁང་བའི་མདུན་ངོས་སྒེ་ཁུང་གི་ཐད་ན་ཉལ་ཁྲི་སྟེང་འོག་གཉིས་ཡོད་པ་ལས། འོག་མ་དེ་བདག་འཛིན་བྱེད་རུང་བར་གྱུར། བུའི་བཅའ་དངོས་རྣམས་སོ་སོའི་ཁོངས་སུ་བཞག་རྗེས། ལྟ་རྟོག་པ་དང་བུས་སྐྱེལ་མ་བྱས་ཏེ་ཕྱིར་ད་གའི་ཟམ་པ་ཆུང་ངུ་དེའི་བར་ཡོང་། ངས་བསམ་པར་ས་ཆ་འདི་འདྲ་ཞིག་ཏུ་སྒོམ་གྲྭ་ཞིག་ཡོད་ན་ཅི་མ་རུང་སྙམ། ཇོ་བོ་རྗེས་གསེར་གླིང་ནས་ཆུ་རླབས་འདར་ཕྲི་ལི་ལི་རྒྱུ་བཞིན་པའི་འགུལ་སྐྱོད་ལ་དམིགས་ནས་མི་རྟག་པ་སྒོམ་མྱོང་བའི་ལོ་རྒྱུས་དང་། ནུབ་ལ་ཕྱི་གངས་ཀྱི་ར་བ་ནས། མི་ལ་བཞད་པའི་རྡོ་རྗེས་ཕྱག་རྒྱ་ཆེན་པོ་ཐུགས་ཉམས་སུ་བསྟར་བའི་ལོ་རྒྱས། རྡོ་གྲུབ་ཆེན་གྱིས་དབེན་གནས་འདི་འདྲ་བར་རྫོགས་ཆེན་ཐོད་རྒལ་གྱི་ཟབ་ཆོས་ཉམས་བཞེས་རྩལ་འདོན་མཛད་པའི་ལོ་རྒྱུས་སོགས། ཡིད་ལ་ཝ་ལེར་དྲན་ཡོང་།
སྒར་ཚོགས་དེ་ནི་སྐྲན་ནད་ཅན་གྱི་ཕྲུ་གུ་ལོ་ན་དྲུག་ནས་བཅོ་ལྔ་བར་ལོན་མཁན་ཚོར་ཆེད་དམིགས་རིན་མེད་ཐོག་སྦྱོར་འཇགས་བྱས་པའི་སྡོད་སྒར་ཞིག་རེད། སྡོད་སྒར་དེར་ས་ཁྱོན་ཨེ་ཀར་བརྒྱ་དང་ལྔ་བཅུ་ལྷག་དང་། རྩེད་ཐང་། རྫིང་བུ། རྒྱུག་ཆུ། ཀྱག་ཀྱོག་གི་ལམ་ཕྲན་ལྡན་པའི་སྐྱེད་ཚལ་སོགས་རང་བཞིན་མཛེས་ལྗོངས་ཀྱིས་ཁོར་ཡུག་ཀུན་ནས་བརྒྱན་པ། དེའང་འབྱོར་ལྡན་གྱི་རོགས་དངུལ། ལྷག་བསམ་ཅན་གྱི་མི་མང་ཚོའི་ཞལ་འདེབས། ལོ་རེར་མི་གྲངས་བརྒྱ་དང་ལྔ་བཅུ་ལྷག་གིས། བྱམས་བརྩེའི་ལྷག་བསམ་གྱི་དང་བླངས་ཞབས་ཞུ་བཅས་ལ་བརྟེན་ནས་གྲུབ་པ་ཞིག་རེད། སྐྲན་ནད་ཅན་གྱི་ཕྲུ་གུ་དང་དེའི་སྤུན་མཆེད་ལོ་ན་ཆུང་གྲས་དག་ཀྱང་འཛུལ་ཞུགས་བྱས་ན་ཆོག་པ་ཞིག་འདུག
ཚོགས་པ་དེའི་འགྲེལ་བརྗོད་བྱས་པ་ལྟར་ན། ཚོགས་པ་དེས་ཆ་སྙོམ་བདུན་གཅིག་ལ་ཕྲུ་གུ་རེར་ཨ་སྒོར་ཉིས་སྟོང་གི་འགྲོ་སོང་གཏོང་གིན་ཡོད་པ་དང་། ལོ་རེའི་ཆ་སྙོམ་འགྲོ་སོང་ཨ་སྒོར་ས་ཡ་གཅིག་ལྷག་དང་། ཕྲུ་གུ་འཛུལ་ཞུགས་ཀྱི་གྲངས་ཀ་དགུ་བཅུ་ཡས་མས་ཤིག་ཡིན་ཟེར། དེ་དག་ཀྱང་གཙོ་བོ་ཟས་སོང་དང་། འགྲིམ་འགྲུལ། སྨན་དང་སྨན་ཆས། སྡོད་སྒར་ལེགས་བཅོས་དང་། ཁོར་ཡུག་གཙང་བཟོ་སོགས་ཀྱི་ཐོག་གཏོང་གིན་ཡོད་པ་དང་། སྡོད་སྒར་དེའི་འཕྲོད་བསྟེན་དང་སྨན་བཅོད་ཐད། སོ་ལོན་ཁ་ཁྲི་རེན་སྐྲན་ནད་དྲན་རྟེན་ལྟེ་བ་དང་། མོན་གྲི་བེ་ཡར་གསོ་རིག་ལྟེ་བ་གཉིས་ཀྱི་དང་བླངས་སྨན་པ་དང་སྨན་ཞབས་དག་གིས་རོགས་སྐྱོར་གནང་གི་ཡོད་འདུག
སྡོད་སྒར་དེས་ཕྲུ་གུར་ཚོར་གནང་བཞིན་པའི་བྱེད་སྒོ་གཙོ་བོ་ཁག་ནི། མཚོ་ངོགས་སུ་གོ་གྲུ་གཏོང་བ། ཉ་འཛིན་པ། བཅོས་རྫིང་ནང་ཆུ་རྐྱལ་བྱེད་པ། སྒྱུ་རྩལ། ལག་རྩལ། འཁྲབ་སྟོན། རང་བྱུང་ཁམས། དྲ་པོལ། སིལ་པོལ། ཐག་རྩེད། ལྕོག་མཁར་སྟེང་འཛེགས་པ། འཕོང་རྩལ། ལྟེ་སྐོར་ཟམ་པའི་ཐོག་འགྲོ་བ་སོགས་རེད། སྐབས་དེར་ངའི་བུ་ཆུང་ད་དུང་རེས་གཟའ་པ་སངས་ནམ་ཤར་ལ་སྨན་ཁང་དུ་བསྟེན་གཏུགས་བྱེད་དགོས་སྟབས། གཟའ་ཕུར་བུའི་ཕྱི་གྲོར་བུ་ཆུང་བཅའ་དངོས་བཅས་ཚུར་རང་ཁྱིམ་དུ་བསུས། གཟའ་པ་སངས་ཀྱི་ཞོགས་པ་སྔ་བོ་ནས་སྨན་ཁང་དུ་སོང་སྟེ། ཉིན་དེའི་སྨན་བཅོས་གྲུབ་རྗེས་ཕྱིར་རང་ཁྱིམ་དུ་ལོག་སྟེ། གཟའ་མཇུག་གི་ཉི་མ་ནང་ནས་བསྐྱལ། གཟའ་ཉི་མའི་དགོང་ག་ཆུ་ཚོད་བཞི་ལྔ་གང་རུང་ཞིག་གི་ཐོག ངའི་ཆུང་མའི་མ་རྒན་དང་གཅེན་པོ་ངེད་བཟའ་མི་གསུམ་བཅས། ངེད་ཅག་མི་བཞི་བུ་ཆུང་ཕར་སྡོད་སྒར་དུ་བསྐྱེལ་བར་ཕྱིན། སྡོད་སྒར་དུ་སླེབས་རྗེས་སྔར་བཞིན་འབྱོར་ཐོ་བཀོད་འཕྲལ། ཆུང་མའི་མ་རྒན་གྱིས་སྒོར་ལྔ་བརྒྱ་དང་། གཅེན་པོས་སྒོར་ལྔ་བརྒྱ་སྡོད་སྒར་ལ་ཞལ་འདེབས་སུ་ཕུལ། ང་ཚོས་ཆུ་ཚོད་ཁ་ཤས་ཤིག་གི་རིང་། སྡོད་སྒར་གྱི་ཕྱོགས་མཐར་སྤྲོ་འཁྱམས་བྱས་ཤིང་དྲན་རྟེན་གྱི་པར་ཡང་བཏབ།
བུ་ཆུང་སྡོད་སྒར་དེར་ཞུགས་པའི་བདུན་གཉིས་པའི་གཟའ་ཕུར་བུའི་ཕྱི་དྲོར། ངའི་ཆུང་མས་ལས་ཀ་ནས་སྔ་དགོངས་ཞུས་ཏེ་མོ་རང་གཅིག་པུ་བུ་ཆུང་ཚུར་རང་ཁྱིམ་དུ་བསུ་བར་ཕེབས། དགོང་མོར་དེར་ང་ད་དུང་ལས་ཁུངས་སུ་ཡོད་སྐབས། མོས་ཁ་པར་ཞིག་སླེབས་ཏེ། བུ་ལ་ཆམ་ནད་ངན་པ་ཞིག་ཕོག་ཡོད་པ་དང་། རྐང་བའི་པུས་ཞབས་སུ་རྨ་ཆེན་པོ་ཞིག་ཀྱང་བཟོས་ཡོད་ཚུལ་བཤད། ང་ལ་སླར་ཡང་སེམས་ཁྲལ་དང་སྐྲག་སྣང་ཆེན་པོ་ཞིག་བྱུང་མོད། སྡོད་སྒར་གྱིས་ང་ཚོར་ཉེན་བརྡའི་ཁ་པར་གང་ཡང་མ་བཏང་བའི་ཚུལ་ལ་བལྟས་ན། བུའི་ཆམ་ནད་དང་རྨས་སྐྱོན་ལ་ཉེན་ཁ་ཆེན་པོ་དེ་ཙམ་ཡོད་པ་མ་རེད་བསམས་ནས་སེམས་པ་ཅུང་ལྷོད་ལ་ཕབ། ལས་ཀ་ནས་ནང་དུ་མ་སོང་བར་ཕར་ཐད་ཀར་ཆུང་མའི་མ་རྒན་གྱི་ཁྱིམ་དུ་ཕྱིན། ང་མ་རྒན་མོའི་ནང་དུ་འབྱོར་སྐབས། ཆུང་མ་དང་མོའི་མ་རྒན་གཉིས་ཆ། བྲེལ་ཚུབ་ངང་བུ་ལ་དྲོད་ཆས་བསྐོན་པ་དང་། གྱ་སྒའི་ཁུ་བ་དྲོན་མོ་བླུད་ཀྱིན་འདུག བུའི་གཟུགས་པོ་ཕལ་ཆེར་ནག་པོར་གྱུར་ཏེ། རང་རེའི་འབྲོག་ཁུལ་གྱི་འབྲོག་ཕྲུག་འདྲ་བོ་ཞིག་ཏུ་ཆགས་ཡོད་པ་མཐོང་ཞིང་། ཁ་ནས་ལུད་པ་ཡང་ཡང་རྒྱག་བཞིན་པ་ཐོས་པས། བདུན་ཕྲག་དེའི་ཕྲུ་གུའི་ལས་འཆར་ཕལ་ཆེར་ཕྱི་ལོགས་ནས་བསྐྱངས་ཡོད་པ་ཚོད་ཀྱིས་ཐུག
ངའི་ཆུང་མས་བཤད་ན་ཕྲུ་གུ་ཚོས་ཕྱི་ལོགས་ནས་རྩེད་མོ་རྩེད་སྐབས། བུ་ཐང་ལ་འགྱེལ་ནས་པུས་སྒང་དུ་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་པ་དང་། རྨ་དཀྲིས་སྟུག་པོ་ཞིག་གིས་བཏུམ་འདུག་མོད། ད་དུང་རྨ་ཁ་ནས་ཁྲག་འབབ་ཀྱིན་ཡོད་སྟངས། རྨ་དཀྲིས་བླངས་ཏེ་བཅའ་སྒའི་ཕྱེ་མ་ཡང་ཡང་བཏབ་པས། ད་ལྟ་ཁྲག་ཆོད་ནས་རྨ་ཁ་ཅུང་སྐམ་འགྲོ་བཞིན་པའི་སྒང་ཡིན་ཟེར། ང་མྱུར་སྟབས་སུ་ཕྱིན་ནས་ཅིག་བལྟས་པས། རྨ་ཁ་དེར་ཕལ་ཆེར་རྨ་ལག་མཐིལ་ཙམ་ཞིག་འདུག རྨ་འདི་འདྲ་ནི་ཁོ་ལ་ལྟོས་ན་ཤིན་ཏུ་ཉེན་ཁ་ཆེན་པོ་རེད།
སྐྲན་བཅོས་ཀྱིས་ལུས་ཀྱི་རང་སྲུང་ནུས་པ་ཉམས་དམས་སུ་ཕྱིན་ཡོད་སྟབས། དུག་ལྡན་ཕྲ་རབ་རྨ་སྒོ་ནས་ལས་སླ་བོས་ངང་ལུས་ཀྱི་ནང་དུ་འཇུག་ཐུབ་པ་མ་ཟད། དུག་ཤུགས་ཀྱང་ལས་ཁམས་སུ་མཆེད་པར་རྒྱུན་ལྡན་ལུས་པོ་ཞིག་ལས་ལྡབ་འགྱུར་གྱིས་མྱུར་བ་ཡིན། ངས་བུའི་གཟུགས་པོ་ཧྲིལ་བོར་འཕུར་གནོན་གསོ་བཅོས་ཀྱི་ལག་ཐབས་དེ་ལན་མང་བོར་བེད་སྤྱོད་བཏང་། གཟུགས་པོའི་མདུན་རྒྱབ་གཉིས་ཀར་རྒྱ་སྲན་དམར་བོའི་དྲོད་ཁུག་ཐེངས་མང་བཞག ཚ་དྲོད་སྙོམ་པའི་བཅའ་སྒ་ནུར་བོ་ཡང་ཡང་འཐུང་དུ་བཅུགས། ཕྱིར་ཉིན་ཞོགས་པ་ཁ་སང་ལ་ལྟོས་ན། བུའི་ནད་གཞི་ཇེ་ཡག་ཏུ་སོང་ཡོད་པས། ཉིན་དེའི་སྨན་ཁང་དུ་བདེ་བླག་ངང་འགྲོ་ཐུབ་པ་བྱུང་། དེ་ནས་བཟུང་ཆམ་ནད་དེ་ཕྱིར་འཕར་དྭོགས་ཀྱིས་སྡོད་སྒར་དུ་འགྲོ་རྒྱུ་གནས་སྐབས་རིང་ཅམ་འཇོག་བྱས་པ་ཡིན། སྔ་ལོའི་ལོ་དཀྱིལ་ཞིག་ཏུ་བུད་མེད་ཅིག་དང་སྐྱེས་པ་གཅིག་གིས་ང་ཚོ་བཙལ་ནས་སླེབས།
ཁོང་ཚོས་གསུངས་པ་ལྟར་ན། ཁོང་གཉིས་ཀ་ནི་བྱིས་ནད་རོགས་ཚོགས་མིང་ལ༼འདོད་དོན་ཞིག་བཟོ་བ༽ཞེས་པའི་ཚོགས་པའི་དྭངས་བླངས་ཚོགས་མི་གཉིས་ཡིན་པ་དང་། ཚོགས་པ་དེ་ནི་རྒྱབ་ཁབ་རང་བཞིན་གྱི་ཚོགས་པ། བྱིས་པ་ལོ་ཆུང་ནད་གཞི་ཚབས་ཆེན་གྱིས་མནར་བ་དག་ལ་ཆེད་དུ་དམིགས་ནས། བྱིས་པ་དེ་དག་གི་མངོན་འདོད་སྒྲུབ་པར་འབད་བརྩོན་བྱེད་པའི་ཚོགས་པ་ཞིག་ཡིན་ཟེར། ཁོང་རྣམ་པས་ངའི་བུའི་ལོ་རྒྱུས་ཞིབ་རྒྱས་ཤིག་དྲི་བ་དྲིས་ལན་གྱི་ལམ་ནས་ཡིག་ཚགས་སུ་བཏབ་རྗེས། བུ་ལ་ཁྱེད་རང་གི་མངོན་འདོད་ཅི་ཞིག་ཡིན་ནམ། ཞེས་དྲིས། བུས་ལན་དུ་ངའི་མངོན་འདོད་སངས་རྒྱས་རྒྱུ་དེ་ཡིན་ཟེར། ཁོང་རྣམ་གཉིས་ཀྱིས་སླར་ཡང་། མ་རེད། དེ་མ་རེད། ཁྱོད་རང་འཛམ་གླིང་གི་ས་ཆ་གང་ཞིག་ཏུ་ཡུལ་སྐོར་སྤྲོ་བསང་ལ་འགྲོ་འདོད་པའམ། ཡང་ན། ཁྱོད་ཀྱིས་རང་ཉིད་དགའ་སའི་བཅའ་དངོས་གང་ཞིག་ལག་ཏུ་ཐོབ་འདོད་ཡོད་དམ། ཞེས་དྲིས། བུས་ལན་དུ། ང་འཇར་པན་ནམ། ཡང་ན་ཧ་བ་ཡའི་ལ་འགྲོ་འདོད་ཡོད་ཅེས་སྨྲས། ཁོང་རྣམ་པས་དེ་འགྲིགས་ཀྱི་འདུག ཁྱེད་དང་མཉམ་དུ་སུ་ཞིག་ཕེབས་ན་འདོད་དམ་ཅེས་དྲིས། བུས་ལན་དུ། ངའི་ཕ་མ་གཉིས་དང་ཨ་ཡེ་ཞེས་ལན་བཏབ། ང་ཚོས་ཁྱེད་ཀྱི་མངོན་འདོད་ཡིག་ཆར་བཀོད་ནས་རྗེས་སོར་ཁྱེད་ལ་ལན་སྟེར་འོང་། གལ་སྲིད་ཁྱེད་ཀྱི་མངོན་འདོད་དེར་འགྱུར་བ་འདྲ་སོང་བ་ཡིན་ན། ང་ཚོ་ལ་འཕྲིན་ལན་ཅིག་སྐུར་དང་། སྐབས་བསྟུན་བཟོ་བཅོས་རྒྱག་ཆོག་ཅེས་དང་། ཁྱེད་ཀྱི་མཉམ་འབྲེལ་ལ་ཐུགས་རྗེ་ཆེ་ཞེས་གསུངས་རྗེས་ཕེབས་སོང་།
ངས་གནས་ཚུལ་དེ་འདྲ་ནི་སྨོན་པ་ཙམ་ལས་མངོན་གྱུར་ཡོང་རྒྱུ་ཞིག་ཡིན་པ་ཡིད་ངོར་མ་བཞག མངོན་གྱུར་ཡོང་རྒྱུའི་འདོད་པའང་ཆེར་མེད། ཉེ་བའི་ཆར་ཚོགས་པ་དེས་ང་ཚོར་བརྡ་ལན་འབྱོར་དེ། ཧ་ཝ་ཡེས་ལ་མི་བཞི་བདུན་གཅིག་རིང་གི་ཡུལ་སྐོར་སྤྲོ་འཁྱམས་ཀྱི་ཆོག་ཡིག་ཅིག་སླེབས་བྱུང་། ངས་ཆུང་མ་དང་བུ་གཉིས་ཀར། སྤྲོ་བསང་དེ་མ་ལེན། ང་ཚོ་ནི་དཀའ་ངལ་ཆེ་བའི་མི་གྲངས་མཐའ་ཡས་པ་ཡོད་པའི་ནང་གི་གཅིག་རེད། ང་ཚོས་འགྲོ་སོང་དེ་དག་དཀའ་ངལ་ཤིན་ཏུ་ཆེ་བའི་བྱིས་ནད་ཅན་གྱི་མི་ཚང་ཚོར་རོགས་སྐྱོར་ཡོང་བའི་རེ་འབོད་ཞུས་ན་ལེགས། ཞེས་སྨྲས་པར། ངས་ཆུང་མས། འདི་ནི་གནས་སྟངས་རྒྱུན་ལྡན་དུ་གྱུར་བའི་འགྲོ་ལུགས་ཤིག་རེད། ང་ཚོས་རེ་བ་ཕྱིར་འཐེན་བྱས་ན་འགྲིགས་ཀྱང་། ང་ཚོས་རེ་གསར་དེར་ཁོང་ཚོས་དང་ལེན་བྱ་རྒྱུ་ཁག་པོ་ཡོད་པ་རེད། དེ་བས་བུས་མངོན་འདོད་ལ་ང་ཚོས་ཀྱང་བརྩི་བཀུར་བྱ་འོས། མ་འོངས་པར་འཁོས་ཀས་ལྕོགས་ཚེ་ང་ཚོས་ཀྱང་ཚོགས་པ་དེར་ཞལ་འདེབས་ཞུ་ཆོག་ཅེས་ཟེར། དེ་ལ་ངས་ཀྱང་འཐད་པ་བྱས་པ་ཡིན།
ངེད་གཉིས་ཀྱིས་ནང་མོལ་གྱིས་འདི་ལོའི་སློབ་གྲྭའི་དབྱར་ཁའི་གུང་སེང་སྐབས། ཆུང་མའི་མ་རྒན་ཐེ་བས་ངེད་ཁྱིམ་ཚང་ཧ་ཝ་ཡེས་ལ་སྤྲོ་བསང་དུ་འགྲོ་རྒྱུར་ཐག་ཆོག་བྱུང་། དེ་རིང་ནི་ཉིས་སྟོང་བཅུ་བཞི་ལོའི་སྤྱི་ཟླ་དང་བོའི་ཚེས་ཉི་ཤུ་རེད། ངའི་བུར་སྨན་བཅོས་བྱས་ཏེ་ལོ་གཅིག་དང་ཟླ་བ་བརྒྱད་ཟིན་འགྲོ་གི་ཡོད། ཟླ་རེའི་ཁྲག་གི་བརྟག་དཔྱད་དང་། ཟླ་གསུམ་རེའི་མཚམས་ཀྱི་སྨན་བཅོས་དེ་དག་གཏན་ནས་མཚམས་འཇོག་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད། ལར་སྐྱེས་ནས་འཇིག་པ་ནི། འཇིག་རྟེན་གྱི་ཆོས་ཉིད་ཡིན་པས། མ་འོངས་པའི་དུས་ཡུན་ངེས་ཅན་ཞིག་གི་མཚམས། ད་ལྟའི་དུས་ཀྱི་སྣོད་བཅུད་ཕལ་ཆེར་སྟོངས་ནས། དུས་རབས་གསར་བ་དང་། མི་རབས་གསར་བ་དག་གིས་འཇིག་རྟེན་འདིར་སྟངས་འཛིན་བཀོལ་སྤྱོད་གཏོང་རྒྱུ་ཡིན་པར་ཐེ་ཚོམ་བྱ་མ་དགོས་པ་ཞིག་ཡིན། ངའི་བུའི་གནས་སྟངས་ཀྱང་དེ་ལས་མ་འདས་པས། ཁོའི་མ་འོངས་པའི་འཚོ་བ་དང་། གཟུགས་པོའི་གནས་སྟངས་སྐོར་མ་འོངས་པར་འཇོག་པ་ལས། ངས་འདི་ནས་མ་འོངས་ལུང་བསྟན་ལྟ་བུའི་སྐད་ཆ་ཅིའང་བཤད་ན་མི་འདོད།
ངས་བཤད་འདོད་པ་ནི། ཟས་དང་ཀུན་སྤྱོད་ཡག་པོ་ཞིག་བསྟེན་ཤེས་པ་ཡིན་ན། ནད་གང་ལའང་ཡ་ང་འཇིགས་སྐྲག་དེ་ཙམ་ཞིག་སྐྱེ་དགོས་དོན་མི་འདུག ཅེས་པ་དེ་ནི། དེ་རིང་ནི་ཨ་རིའི་མི་ནག་རང་དབང་འཐང་རྩོད་པ་སློབ་དཔོན་མར་ཁྲེན་ལོས་ཏིར་མཆོག་སྐུ་འཁྲུངས་པའི་དུས་ཆེན་ཁྱད་པར་ཞིག་ཡིན་པས། ང་ཚོའི་ལས་ཁུངས་ཀྱང་ཨ་རིའི་གཞུང་འབྲེལ་ལས་ཁུངས་སྤྱི་མཚུངས་ལྟར་སྒོ་བརྒྱབ་སྟེ། དུས་ཆེན་འདིར་བརྩི་བཀུར་གུང་སེང་བཏང་ཡོད། ང་ཞོགས་པ་སྔ་བོར་ཡར་ལངས་ནས་བུའི་ཞོགས་ཟས་དང་། ཉིན་གུང་གི་ཁ་ཟས་བཏུང་བ་བཅས་གྲ་སྒྲིག་གིས་བུ་ཆུང་སློབ་གྲྭར་འགྲོ་ཆོག་ཆོག་བྱས། ཆུང་མས་མོ་རང་གི་རླངས་འཁོར་ཁ་འགོག་ལ་སྐྱོན་ཅུང་ཟད་ཅིག་ཤོར་འདུག ཁྱོད་ཀྱིས་བུ་ཆུང་སློབ་གྲྭར་བསྐྱེལ་རོགས་ཀྱིས་ཟེར།
སྤྱིར་ང་ཚོར་གྲོང་སྡེར་སློབ་མ་སྐྱེལ་འདྲེན་གྱི་རླངས་འཁོར་ཡོད་ཀྱང་། ད་ལོའི་དགུན་དུས་འདིར་གནམ་གཤིས་དྲོད་གྲང་གི་འགྱུར་ལྡོག་སྔར་ལས་ཆེ་བས། ང་ཚོ་རང་ངོས་ནས་ཉིན་བཞིན་བུ་ཆུང་ཕར་སློར་གྲྭར་སྐྱེལ་བཞིན་ཡོད། ཆུང་མས་བུ་ཆུང་མལ་ལས་བསླངས་ནས་ཁ་ངོ་གཙང་མར་བསྐྲུས་ཏེ་ཇ་ཁང་དུ་སླེབས་བྱུང་། ངས་ཁོ་ལ་བྱེ་ཐུག་བསྔོས་མ་ཞིག་དང་། འཇར་པན་གྱི་མེས་སོ་ཟས་ཁུ་ཚ་བོ། ཚོད་མ་ཉུང་ཉུང་། སྐྱུར་འབྲས་ཀྱི་ཁུ་བ་ཕོར་གང་གྲ་སྒྲིག་བྱས་ཡོད། ཁོ་ནམ་རྒྱུར་ལྟར་ག་ལེར་རྐུན་སྟེགས་ཐོག་བསྡད་རྗེས། ཟས་ཟ་བའི་མགོ་བརྩམས། ཇེ་ཞིག་ནས་ངས་དེ་རིང་གི་ཟས་ག་འདྲ་འདུག ཅེས་དྲིས་པར། ཁོས་ཡག་པོ་འདུག ཅེས་ལན་བཏབ། འདི་ནི་ནམ་རྒྱུན་གྱི་ཁོས་ལན་འདེབས་སྟངས་ཤིག་རེད། བུ་ཆུང་འདིས་གཞན་གྱི་སྐྱོན་མཚང་མི་སྔོག ཚང་མར་ཡག་པོ་འདུག་ཅེས་ཟེར་གྱི་རེད། ནན་གྱིས་དྲིས་ཚེ་ངས་མ་ཤེས་པའམ། ཡང་ན། ངས་བརྟག་པ་ཞིག་གཏོང་དགོས་ཞེས་ལན་འདེབས་པར་བྱེད།
ཟས་གྲུབ་ནས་རླངས་འཁོར་དུ་བསྡད། ངས་རླངས་འཁོར་གཏོང་མགོ་བརྩམས་པ་དང་ཆབས་ཅིག རྒྱུན་ལྡན་བཞིན་མདོ་གདུགས་སྒྲོལ་གསུམ་གྱིས་མགོ་བཙུགས་ཏེ། ཉིན་རེའི་ཁ་ཏོན་གྱི་འཕྲོ་བསྐྱངས། རེ་ཞིག་ནས་ང་ཚོ་སློབ་གྲྭའི་སྒོ་འགྲམ་དུ་སླེབས། བུས་དཔེ་ཁུག་ལྗིད་པོ་དེ་རྒྱབ་ཏུ་ཡར་ཁུར་ཙམ་ཁུར་ཙམ་དང་། ཟས་ཁུག་ཡང་མོ་དེ་ལག་པར་བཟུང་སྟེ་བྲེལ་ཚུབ་ངང་རླངས་འཁོར་ལས་བབ་ནས། འགྲོ་འོང་གི་འདུ་ལོང་ཆེ་བའི་སློབ་ཚོགས་ཀྱི་ཁྲོད་དུ་འཛུལ། སྐབས་དེར་ངའི་སེམས་ལ། ངའི་བུ་ཆུང་ནི་ཉི་ཆར་དང་། སད་སེར་གྱི་ཐན་པས་ཇི་ལྟར་བཅོམ་ཡང་། འཇོམས་མ་ཐུབ་པར་འཚོ་ནུས་པའི་མཐོ་སྒང་ན་བཞད་པའི་ཁེར་སྐྱེས་ཀྱི་མེ་ཏོག་ངོ་མཚར་ཅན་ཞིག་ཡིན་སྣང་འཆར་ཞིང་། མེ་ཏོག་གི་དྲི་བསུང་ཞིམ་པོ་དེས་འཇིག་རྟེན་འདིར་ཕན་བདེའི་ལེགས་སྐྱེས་ངོ་མཚར་ཅན་རེ་བསྐྲུན་ཐུབ་ན་ཅི་མ་རུང་བསམས། འཆི་ཡུལ་ནས་ཕྱིར་འོང་བའི་ངའི་བུ་ཆུང་། ཁྱེད་ཀྱིས་རྣམ་སྨིན་གྱི་རྒྱུ་འབྲས་འདི་ལྟར་དང་དུ་བླངས་ཤིང་། འདི་ལྟར་དག་བཅོས་མཛད། ཁྱོད་དག་སོང་། དངོས་གནས་དག་སོང་། ཁྱོད་ཀྱི་བཟོད་བསྲན་དཀའ་བའི་སྡུག་བསྔལ་དང་། བློ་ཁོག་ཡངས་པའི་སེམས་རྒྱ། ལྷག་བསམ་དཀར་བའི་གཤིས་སྤྱོད་དག་གིས། ཁྱོད་ཀྱི་འཇིག་རྟེན་དང་། མི་ཚེའི་འགྲོ་ལམ་ནག་པོ་ནས་དཀར་བོ། དཀའ་མོ་ནས་སླ་བོ། ངན་པ་ནས་བཟང་བོ། འོད་མེད་ནས་འོད་ཅན་གྱི་ལམ་བུར་བསྐྱོད་པར་མཐུན་རྐྱེན་རྨད་དུ་བྱུང་བསྐྲུན་ཡོད།
ཁྱོད་ཀྱིས་དཀའ་སྤྱད་འབད་བརྩོན་འདི་ལྟར་བྱས་པར། ཕ་རྒན་ང་སྤོབས་པས་འཚེངས་ཤིང་། ཕ་རྒན་ང་རེ་བས་ཁེངས། ངས་ཁྱེད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། མཐའ་ཡས་པའི་ལེགས་ཚོགས་ཀྱི་སྐུད་ཐག་མང་བོ་གཅིག་ཏུ་བརྒྱུས་པའི་རྟེན་འབྲེལ་ལས། ངའི་བུ་ཆུང་སླར་ཡང་སྔོན་མ་བཞིན་ངས་མིག་མདུན་དུ་མངོན་བྱུང་། བར་སྣང་ན་ཤར་བའི་འཇའ་ཚོན་བཞིན་ངའི་མིག་ལམ་དུ་སྣང་བྱུང་། རྒྱ་མཚོ་ནས་ལོན་པའི་ནོར་བུ་བཞིན་ངའི་ཁྱིམ་ཕུག་ན་བརྗིད་བྱུང་། གྲང་ངར་ཁྲོད་རྙེད་པའི་མེ་ལྕེ་བཞིན་ངའི་སེམས་ཁོང་ན་དྲོས་བྱུང་། འདི་ཡན་གྱིས་ངའི་བུ་ཆུང་སྐོར་གྱི་ཟིན་བྲིས་ལེའུར་སྡེབ་པ་ཆ་ཚང་ཞིག ཀློག་མཁན་རྣམ་པ་ཚོའི་སྤྱན་ལམ་དུ་ཕུལ་ཐུབ་པར་གུས་པ་དགའ་བོ་བྱུང་།
མཚམས་འདི་ནས་ཕྱི་གླིང་གསོ་རིག་ལས་སྐྲན་ནད་སྐོར་གྱི་ཤེས་བྱ་གལ་ཆེན་ཁག་ཅིག་མུ་འགོད་དང་འབྲེལ། རང་ཉིད་ཀྱི་ཉམས་མྱོང་ལ་དཔགས་པའི་སྐྲན་ནད་རྒྱུན་ཤེས་དང་། ཟས་སྤྱོད། ཀུན་སློང་ཁྱེར་སྟངས། སྤྱིར་བཏང་གི་ནད་རིགས་ལག་ཐབས་གསོ་བཅོས་བཅས་ཀྱི་ཐད། དྲི་བ་དྲི་ལན་གྱི་ཐོག་ནས་གླེང་མོལ་ཞིག་ཞུ་རྒྱུ་ཡིན།
ཁ་མིན་དོན་གྱིས་འདི་སྐོར་མཁྱེན་འདོད་ཡོད་པའམ། ཡང་ན། ནད་གང་ཡང་རུང་བས་ཟིན་པའི་ནད་པ། ནད་བཅོས་ཐབས་སུ་ཕན་པའི་ལག་ཐབས་གང་ཞིག་ཡོད་མེད་ཤེས་འདོད་ཡོད་མཁན་ཚོར། དུས་ཚོད་ཕུད་ནས་ལན་ཅི་ཤེས་རེ་གདབ་རྒྱུ་ཡིན་པས། དེ་ལུགས་དགོངས་འཇགས་ཡོང་བ་དང་། ངོ་ཤེས་མི་ཤེས་ཀྱི་རང་རིགས་སྤུན་ཟླ་དག་གིས་ངའི་བུ་དང་། ངའི་ཁྱིམ་ཚང་ལ་གདུང་སེམས་མཉམ་བསྐྱེད་ལེགས་སྨོན་གང་དགེ་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན།
ཁྱེད་ཀྱི་བུ་ཆུང་ནད་ལས་ཐར་བར་བཀྲ་ཤིས་བདེ་ལེགས་ཞུ། བུ་ཆུང་དེའི་བསམ་དོན་ཐམས་ཅད་འགྲུབ་པར་ཤོག
ཡག་པོ་འདུག
ཁྱེད་ཀྱི་སྤྲོ་སྣང་དེ་ངའི་མིག་མཐའ་ནས་ག་ལེར་འཛུམ་བྱུང་། དེ་ནི་འཇིག་རྟེན་འདིར་འཚོ་ཞིང་གཞེས་པའི་ཨ་ཕ་ཞིག་གིས་རང་གི་བུ་ལ་བཅངས་པའི་འགྱུར་མེད་རྟག་བརྟན་གྱི་བརྩེ་དུང་ཞིག་རེད།
གཏམ་བཟང་ཐོས་པར་དགའ་ཡོད། གཅེས་པའི་ཁྱིམ་ཚང་བདེ་སྐྱིད་ལྡན་པར་སྨོན། བཀྲ་ཤིས་བདེ་ལེགས་ཞུ། །
འཆི་ཡུལ་ནས་ཕྱིར་བསུས་པའི་གཏམ་བཟང་ལ་དགའ་བསུ་ཡོད།
འཆི་ཡུལ་ནས་ཕྱིར་བསུས་པའི་གཏམ་བཟང་ལ་དགའ་བསུ་ཡོད།
གཏམ་བཟང་ཐོས་པས་དགའ་སྤྲོ་བྱུང་། ཕ་མཆོག་མ་བཟང་གི་བུའི་ཚེ་སྲོག་སྐྱོབ་པར་ཕ་མའི་དྲིན་རེད། མཆོག་གི་བུ་དེ་ཨ་རིར་སྐྱེས་ནས་ནད་དེ་བྱུང་བ་ཡིན་ནམ། ནམ་རྒྱུན་མཐོ་སྒང་གི་བོད་རིགས་ལ་ནད་དེ་འབྱུང་གི་ཡོད་དམ།
ཁྱེད་ནི་ཕ་རྒན་དགའ་ཟིག་རེད། ཙན་དན་གྱི་ཤུལ་ལ་ཙན་དན་དང་ཕ་བཟང་གི་ཤུལ་ལ་བུ་བཟང་།
བུ་ནད་ལས་ཐར་པ་དགའ་ཚར་ ཆེ།
་་་་་ ང་ཚོ་ཡོང་ས་དེ་གོང་གི་སྒོ་བྱང་རྙིང་ཧྲལ་དེའི་རྣམ་པ་དང་འགངས་ནས་མི་མཚུངས་པར། མཛེས་ལྗོངས་ཤིག་གི་ཐང་ག་མིག་མདུན་དུ་བཤམས་པ་ལྟར། ཁོར་ཡུག་ཚང་མ་ལྗང་མདོག་གི་ནགས་ཚལ་གྱིས་ཡོངས་སུ་བསྐོར་བའི་དབུས་ན། བཟོ་བཀོད་མི་འདྲ་བའི་ཁང་རྩེག་ཆེ་ཆུང་རྣམས་ནི། སྤྲིན་དཀར་གྱི་གསེབ་ན་བརྗིད་པའི་ལྡིང་ཁང་བཞིན་དུ་མཛེས་ལ། རྙིང་རྗེ་བའི་རྩེད་ཆས་དང་རྩེད་ཐང་། བྱིས་པ་དགའ་བའི་དགའ་ཚལ་བཅས་ཀྱིས། ངའི་སེམས་པ་བྱིས་སྒྲུང་དག་ན་གསལ་བའི་བྱིས་པའི་དག་ཞིང་ཞིག་ཏུ་ངང་གིས་དྲངས། ངའི་རྣམ་ཤེས་ཕར་ཕར་དག་ཞིང་དེར་འཁྱམས་པ་བཞིན། སྡོད་སྒར་འདིར་ཕེབས་མཁན་བྱིས་པ་དང་ཕ་མ་དག་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་སླེབས། ་་་་
འདི་གཉིས་བར་ལ།
བུ་ལ་ ཀློག་ སླ་བའི་ ཁྱད་པར་ ཡོད་མེད་ཅིག དྲིས་ གནོངས་དང་།
ང་ཚོ་ ཡོང་ས་ དེ་ གོང་གི་ སྒོ་བྱང་ རྙིང་ཧྲལ་ དེའི་ རྣམ་པ་དང་ འགངས་ནས་ མི་མཚུངས་པར། མཛེས་ལྗོངས་ ཤིག་གི་ ཐང་ག་ མིག་མདུན་དུ་ བཤམས་པ་ལྟར། ཁོར་ཡུག་ ཚང་མ་ ལྗང་མདོག་གི་ ནགས་ཚལ་གྱིས་ ཡོངས་སུ་ བསྐོར་བའི་ དབུས་ན། བཟོ་བཀོད་ མི་འདྲ་བའི་ ཁང་རྩེག་ ཆེ་ཆུང་ རྣམས་ནི། སྤྲིན་དཀར་གྱི་ གསེབ་ན་ བརྗིད་པའི ་ལྡིང་ཁང་ བཞིན་དུ་ མཛེས་ལ། སྙིང་ རྗེ་བའི་ རྩེད་ཆས་དང་ རྩེད་ཐང་། བྱིས་པ་ དགའ་བའི་ དགའ་ཚལ་ བཅས་ཀྱིས། ངའི་ སེམས་པ་ བྱིས་སྒྲུང་ དག་ན་ གསལ་བའི་ བྱིས་པའི་ དག་ཞིང་ ཞིག་ཏུ་ ངང་གིས་ དྲངས། ངའི་ རྣམ་ཤེས་ ཕར་ཕར་ དག་ཞིང་ དེར་ འཁྱམས་པ་ བཞིན། སྡོད་སྒར་ འདིར་ ཕེབས་མཁན་ བྱིས་པ་དང་ ཕ་མ་ དག་ཀྱང་ གཅིག་རྗེས་ གཉིས་མཐུད་ཀྱིས་ སླེབས།
ཁྱེད་ཀྱི་བུ་ཤི་ཡུལ་ནས་ཕྱིར་ལོག་པ་དེ་ངོ་མ་ངོ་མཚར་ཆེན་པོ་བྱུང་། ངས་བསམ་པ་ལ་ཤི་ཐག་ཆོད་པ་ལས་གྲོལ་བ་འདུག་བསམ་པའི་ཐེ་ཚོམ་ཙམ་ཡང་མ་བྱུང་། ངོ་མ་ངོ་མཚར་ཆེ།
བཀྲ་ཤིས་ཚེ་རིང་།
ཨ་ཕྱི་ཆོས་སྒྲོན་ལགས། སྤྱིར་བཏང་ཨ་རིའི་ཡུལ་འདི་རྫས་འཕྲུལ་བེད་སྤྱོད་ཤུགས་ཆེ་བྱེད་པའི་རྒྱལ་ཁབ་ཅིག་རེད། ངའི་བུ་ཡུལ་འདིར་སྐྱེས་པ་ཙམ་གྱིས་སྐྲན་ནད་ཕོག་པ་དེ་འདྲ་མ་རེད་བསམ། ཨ་རིར་སྐྱེས་པའི་བོད་ཕྲུག་མང་བོ་ཡོད་པ་རེད། འོན་ཀྱང་། དེ་དག་ཕལ་ཆེར་ལ་སྐྲན་ནད་ཕོག་གི་ཡོད་པ་མ་རེད། སྐྱེས་ས་མཁའ་དབུགས་གཙང་མར་གྲགས་པའི་བོད་མཐོ་སྒང་ཡིན་རུང་། སྐྲན་གྱི་ནད་རིགས་ཐེབས་ནས་དུས་མིན་འཆི་ལམ་དུ་སོང་བ་མང་བོ་ཡོད་པ་རེད། གཡུ་ཐོག་གསར་མའི་སྔགས་འབུམ་དཀར་བོ་དང་། འཇམ་དབྱངས་མཁྱེན་བརྩེ་དབང་བོའི་མན་ངག་གཅེས་བཏུས། སྔགས་བཅོས་བེའུ་བུམ་སོགས་ན་རིག་སྔགས་དང་། སྨན་གཉིས་ལྟོ་སྦྱར་ནས་སྐྲན་ནད་སྔོན་འགོག་དང་། རྗེས་གཅོད་ཀྱི་མན་ངག་མང་བོ་གསུངས་འདུག དེར་བལྟས་ན། བོད་ནང་སྐྲན་བཅོས་ཀྱི་ལག་ལེན་གནའ་ཆེས་སྔ་མོ་ཞིག་ནས་ཕྱག་བཞེས་གནང་ཡོད་པ་རྟོགས་ཐུབ།
ངའི་དྲྭ་འབྲེལ་སྐུད་ལམ་ཆད་ནས་དེ་རིང་མ་གཏོགས་དྲྭ་ཐོག་ཏུ་ཡོང་མ་ཐུབ། ཁྱེད་མཆན་པ་རྣམ་པར་དུས་ཐོག་ཏུ་ལན་འདེབས་མ་ཐུབ་པར་དགོངས་དག་ཞུས་པ་ཡིན། ཁྱེད་ཅག་གི་ལྷག་བསམ་དཀར་བའི་ལེགས་སྨོན་ལ་ཐུགས་རྗེ་ཆེ་ཞུའོ།