རྔ་བ་རྒྱལ་ཁམས་པ།
འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ལུས་ཕུང་ནི། སྦུབས་ཕྲན་ཕྲ་རབ་ཀྱིས་གྲུབ་ཅིང་། ཆ་སྙོམས་མི་རེའི་ལུས་པོའི་ནང་སྦུབས་ཕྲན་ཐེར་འབུམ་དྲུག་ཅུ་ནས་བརྒྱ་ལྷག་ཡོད་པར་བཤད། སྦུབས་ཕྲན་དེ་དག་གིས་གཟུགས་པོའི་ཆ་ཤས་མི་འདྲ་བ་དང་། བཀོལ་སྤྱོད་ཀྱི་བརྒྱུད་རིམ་མི་གཅིག་པ་སྣ་ཚོགས་ཤིག་སྐྲུན་བཞིན་ཡོད། སྦུབས་ཕྲན་གྱིས་ཕུང་གྲུབ་མི་འདྲ་སྣ་ཚོགས་བསྐྲུན་ཅིང་། ཕུང་གྲུབ་ཀྱིས་གཟུགས་པོའི་དབང་རྟེན་གྱི་མ་ལག་རྣམས་སྐྲུན་བཞིན་ཡོད།
སྐྲན་ནད་ཅེས་པ་ནི། ཕྱོགས་འདུའི་རང་བཞིན་གྱི་ནད་རིགས་ཤིག་སྟེ། དེ་ཡང་ལུས་ཀྱི་གྲུབ་རྒྱུར་གྱུར་པའི་སྦུབས་ཕྲན་དག་ལས་མགོ་ཚུགས་པ་ཞིག་ཡིན། འོ་ན། ཡང་སྙིང་གནས་སྟངས་ཅི་འདྲ་ཞིག་གི་འོག་དཀྱུས་མའི་སྦུབས་ཕྲན་རྣམས་སྐྲན་ནད་ཅན་དུ་འགྱུར་བཞིན་པ་ཞིག་ཡིན་ནམ། གོ་ལ་འདིར་ཡོད་པའི་སྐྱེ་དངོས་རྣམས་ཀྱི་གྲུབ་རྒྱུ་དང་། སྐྱེ་དངོས་རྣམས་ས་གཞི་གཙོ་བོར་གྱུར་པའི་ཉི་ཁྱིམ་གྱི་ཁོར་ཡུག་འདི་ལས་འབྱུང་གིན་ཡོད་པ་ལྟར། སྦུབས་ཕྲན་གྱིས་ཀྱང་ལུས་ཀྱི་དགོས་མཁོར་དཔགས་པའི་སྦུབས་ཕྲན་བསྐྱར་སྐྲུན་བྱེད་ཅིང་། བསྐྱར་སྐྲུན་གྱི་བརྒྱུད་རིམ་ཁྲོད་སྐབས་རེར་སྦུབས་ཕྲན་གསར་བ་མི་དགོས་ནའང་། རང་ཉིད་ཆ་སོ་སོར་གཏོང་བཞིན་ཡོད་པས། སྦུབས་ཕྲན་ལྷག་མ་བྱུང་སྟེ་ཕྱོགས་འདུ་བྱས་པ་རྣམས། བསགས་ཕུང་ངམ་སྐྲན་རྡོག་ཏུ་འགྱུར་བཞིན་ཡོད།
སྐྲན་རྡོག་དེ་ལ་སྐྲན་ནད་དུ་འགྱུར་ངེས་པའི་རིགས་དང་། སྐྲན་ནད་དུ་མི་འགྱུར་བའི་རིགས་གཉིས་ཡོད་པ་ལས། གཅིག་ནི་འཕེལ་མིན་སྐྲན་རྡོག་གི་རིགས་ཡིན(Benign Tumors)། སྐྲན་རྡོག་འདིའི་རིགས་ནི་སྐྲན་ནད་མིན་ལ་སྐྲན་རྡོག་དེ་བཞིན་ལུས་ནས་གཙང་མར་ལེན་ཐུབ་ཅིང་། བླངས་ཚར་རྗེས་ཕལ་ཆེར་བསྐྱར་ལོག་མི་བྱེད། སྐྲན་རྡོག་དེའི་སྦུབས་ཕྲན་རྣམས་ལུས་ཀྱི་ཆ་ཤས་གཞན་གྱི་ནང་ཁྱབ་གདལ་དུ་མི་འགྲོ་ལ། འདིས་མིའི་ཚེ་སྲོག་འཕྲོག་པ་ཤིན་ཏུ་དཀོན་པོ་རེད།
གཉིས་པ་ནི་ཉེན་ཅན་སྐྲན་རྡོག་ཅེས་པ་འདི་རེད(Malignant tumors)། སྐྲན་རྡོག་འདིའི་རིགས་ནི་སྐྲན་ནད་ཡིན། དེའི་ནང་གི་སྦུབས་ཕྲན་རིགས་ཀྱིས་རང་ཉིད་ལ་སྟངས་འཛིན་དང་། གོ་སྒྲིག་མེད་པའི་ཐོག་རང་ཉིད་ཆ་སོ་སོར་གཏོང་ཞིང་། ལུས་ཀྱི་ཕུང་གྲུབ་དང་དབང་རྟེན་གྱི་ཉེ་སར་བཙན་འཛུལ་གྱིས་དེ་དག་ལ་གཏོར་བརླག་གཏོང་བ་ཡིན། ད་དུང་སྦུབས་ཕྲན་དེ་དག་ཉེན་ལྡན་སྐྲན་རྡོག་ལས་ཕྱི་ལ་ཤོར་ནས། ཁྲག་རྒྱུན་དང་རྨེན་ཁུའི་བརྒྱུད་རིམ་གྱི་ནང་ཞུགས་ཏེ། དབང་རྟེན་མ་ལག་གཞན་པ་དག་གི་ནང་སྐྲན་རྡོག་གསར་བ་སྐྲུན་བཞིན་ཡོད།
སྐྲན་ནད་གཞི་རྩ་གཅིག་ལས་མཆེད་ནས་ལུས་ཀྱི་ཆ་ཤས་གཞན་དང་གཞན་གྱི་ནང་འཇུག་པའི་སྐྲན་ནད་ཀྱི་རིགས་ལ། མཆེད་སྐྲན(Metastatic Cancer)ཞེས་འབོད་ཅིང་། སྐྲན་ནད་ཀྱི་མཆེད་ཁུངས་མ་གཅིག་པ་ལ་བརྟེན་ནས། སྐྲན་ནད་མི་འདྲ་བ་རེ་རེ་ལ་མིང་འདོགས་མི་འདྲ་བ་རེ་རེ་འབྱུང་སྟེ། དཔེར་ན། ཀླད་སྐྲན་དང་ནུ་སྐྲན། ཁྲག་སྐྲན་ལྟ་བུ་ཡིན། སྐྲན་ནད་འདི་བཞིན་མི་རྒན་དར་གཞོན་གསུམ་སུ་ལའང་འབྱུང་སྲིད་པའི་ནད་ཀྱི་རིགས་ཚབས་ཆེན་ཞིག་ཡིན་ཞིང་། དེ་ལས་ཕྲུ་གུ་ལོ་ན་གཞོན་པའི་རིགས་ལ་ཡོངས་གྲགས་ལྟ་བུར་ཆགས་པ་ཞིག་ནི། ཕྲ་ཕུང་དཀར་བོ་རྒྱས་སྐྱོན(leukemia)གྱི་སྐྲན་ནད་འདི་རེད།
ཕྲ་ཕུང་དཀར་བོ་རྒྱས་སྐྱོན་གྱི་སྐྲན་ནད་ཅེས་པ་འདི་ནི་ཁྲག་སྐྲན་གྱི་ནད་ཡིན་ལ། ངའི་ཕྲུ་གུར་ཕོག་པའི་ནད་ཀྱང་འདི་རེད། ཕྲ་ཕུང་དཀར་བོ་རྒྱས་སྐྱོན་གྱི་སྐྲན་ནད་འདི་ལུས་ཀྱི་རྐང་མར་གྱི་ནང་ནས་བྱུང་ཞིང་། རྐང་མར་ནི་ང་ཚོའི་ལུས་ཀྱི་ཁྲག་ཕྲན་བཟོ་མཁན་གྱི་བཟོ་གྲྭ་གལ་ཆེན་ཞིག་སྟེ། རྒྱུན་ལྡན་མི་གཟུགས་པོ་ཐང་བོ་ཅན་ཞིག་གི་རྐང་མར་གྱིས། གཤམ་གསལ་ཁྲག་ཕྲན་གསུམ་བཟོ་སྐྲུན་བྱེད་བཞིན་ཡོད།
གཅིག སྦུབས་ཕྲན་དཀར་བོའི་ཁྲག(white blood cells) གལ་ཏེ་ང་ཚོའི་ལུས་ལ་འགོ་ནད་དང་གཉན་ནད་སོགས་ནད་ཀྱི་རིགས་གང་ཞིག་བྱུང་ཚེ། སྦུབས་ཕྲན་དཀར་བོའི་ཁྲག་གིས་དེ་དག་གཏོར་བཅོམ་འགོག་རྒོལ་བྱེད་ཅིང་། དུག་སྲིན་དང་། གཉན་ནད་ཚབས་ཆེན་རིགས་བྱུང་ཚེ། ནད་ཤུགས་ལ་དཔགས་པའི་སྦུབས་གྲངས་རང་སྤར་གྱིས་འཐབ་རྩོད་བྱེད་ཀྱིན་ཡོད་སྟབས། སྦུབས་ཕྲན་དཀར་བོ་ནི་ལུས་ཀྱི་སྲུང་འཁོར་མེད་དུ་མི་རུང་བ་ཞིག་ཡིན།
གཉིས། སྦུབས་ཕྲན་མར་བོའི་ཁྲག(Red blood cells) ཁྲག་དམར་གྱིས་ལུས་ཀྱི་སྲོག་རླུང་གློ་བ་དང་། ཕུང་གྲུབ། དབང་རྟེན་སོགས་གཟུགས་པོའི་ཆ་ཤས་ཧྲིལ་བོར་སྐྱེལ་འདྲེན་མཁོ་སྤྲོད་བྱེད་པ་དང་ཆབས་ཅིག བེད་མེད་རྙིང་ཧྲལ་དུ་གྱུར་བའི་རྙིགས་རོ་རྣམས་གཙང་མར་བཟོ། ཁྲག་དམར་སྦུབས་ཕྲན་གློ་བ་བརྒྱུད་ནས་འགྲོ་སྐབས། གློ་ནང་གི་སྲོག་རླུང་གྲུབ་རྫས་དེ། ཁྲག་ཕྲན་སྤྲི་དཀར་ལྕགས་རྫས་ཀྱི་སྙིང་བོ་ཅན་དང་མཉམ་པོར་འཁྱུད་རྗེས། གཞི་ནས་ལུས་ཀྱི་ཕུང་གྲུབ་དང་། དབང་རྟེན། ཀར་བོན་འཚོ་རླུང་ཟུང་ལྡན། རྙིགས་མའི་དུག་རླངས་སོགས་ཀྱི་ནང་གཏོང་ཞིང་། ཁྲག་ཕྲན་དམར་བོ་ལུས་ལ་འཁོར་བསྐྱོད་ཀྱི་བརྒྱུད་རིམ་ནང་ལུས་ཀྱི་རྙིགས་རོ་ཕལ་ཆེར་གཙང་བཟོ་བྱས་ནས་ཕྱི་ལ་གཏོང་བཞིན་ཡོད། ཆ་སྙོམས་ཁྲག་ཐིག་གཅིག་གི་ནང་ཁྲག་གི་སྦུབས་ཕྲན་ས་ཡ་ཁ་ཤས་ཡོད་ལ། ཁྲག་ཕྲན་རྣམས་མུ་མཐུད་སྐྱེ་འཆི་བྱེད་པ་ཞིག་ཡིན་པས། སྦུབས་ཕྲན་གཅིག་ཤི་སོང་ན་དེའི་ཚབ་ཏུ་སྦུབས་ཕྲན་གསར་བ་ཞིག་ཡོང་གི་ཡོད། ཆ་སྙོམས་ཁྲག་ཕྲན་གཅིག་གི་ཚེ་ཚད་ནི་ཉིན་གྲངས་བརྒྱ་དང་ཉི་ཤུ་ཡིན་ཞེས་བཤད་འདུག
གསུམ། ཁྲག་མིག(Platelet)། ཁྲག་འདི་ནི་ཁྲག་གི་སྦུབས་ཕྲན་ཆུང་ཤོས་དེ་ཡིན་ཞིང་། དེ་ཉིད་ཀྱིས་ང་ཚོའི་ལུས་ཀྱི་ཁྲག་འཕོ་མེད་དུ་འཛིན་ཅིང་། རྨ་ཁ་ཆེ་ཆུང་ལས་ཁྲག་བྱུང་ནས་ཕྱི་ལ་འཕོ་སྐབས། ཁྲག་ཕྲན་ཕྱོགས་སྡུད་ཀྱིས་དཀག་ཏུ་བཅུགས་ཏེ་ཁྲག་གཅོད་པའི་ལས་བྱེད། སྤྱིར་ཕྲུ་གུའི་གནས་སྐབས་ཀྱི་སྐྲན་ནད་དེ་ལ་ཕྲ་ཕུང་དཀར་བོ་རྒྱས་སྐྱོན་གྱི་སྐྲན་ནད་དང་། རྨེན་སྐྲན་གྱི་ནད་རིགས(Lymphomas)། རུས་སྐྲན་གྱི་ནད་རིགས(Bone Cancers)། མཆིན་སྐྲན་གྱི་ནད་རིགས(Liver Cancers)། མཉེན་གྲུབ་ཤ་སྐྲན་གྱི་ནད་རིགས(Soft tissue sarcomas)སོགས་སྐྲན་ནད་རིགས་མང་བོ་ཞིག་ཡོད་པར་བཤད།
ཁྲག་སྐྲན་ལ་རིགས་མང་བོ་ཞིག་ཡོད་པའི་ནང་ནས། ངའི་ཕྲུ་གུའི་སྐྲན་ནད་ནི་ཨིན་ཡིག་ཏུAcute lymphoblastic Leukemia(all)ཞེས་བརྗོད་པ་དེ་རེད། དེ་ནི་སྤྱིར་བཏང་ཕྲུ་གུ་ལོ་ལྔ་ནས་བརྒྱད་བར་འབྱུང་ངོ་ཆེ་བའི་ནད་ཅིག་རེད། སྐྲན་ནད་འདི་གློ་བུར་དུ་འབྱུང་ཞིང་། ལམ་སེང་སྨན་བཅོས་མ་བཏང་ཚེ་མྱུར་མོར་སྡུག་ཏུ་འགྲོ་བའི་སྐྲན་ནད་ཀྱི་རིགས་ཤིག་རེད། གལ་སྲིད་ཁྱེད་ཀྱི་ཕྲུ་གུར་ཚ་བ་ཡང་ཡང་འཕར་བ། དཀའ་སྣང་ཆེ་བ། མཚན་མོ་གཉིད་ཡག་པོ་མི་ཁུག་པ། སྐབས་རེར་བླ་རུས་དང་། སྐེད་པ་གཡས་གཡོན་གང་རུང་ན་ནས་འཐེང་འགྲོས་བྱེད་པ། སྐབས་རེར་དྲག་སོང་ནའང་། ཡང་བསྐྱར་ན་ལོག་ལྟ་བུའི་རྟགས་མཚན་རིགས་ཡོད་ཚེ། སྨན་པར་ལམ་སེང་ཞུས་དགོས།
སྨན་པ་ཚོས་བྱིས་སྐྲན་ཡིན་མིན་གྱི་དྭོགས་གཞིའི་འོག གཟུགས་པོར་གློག་པར་རྒྱག་པ། འཚེག་སེལ་བྱེད་པ། ཁབ་ལེན་ནུས་ལྡན་གྱི་གློག་རྒྱུན་སྣང་བརྙན་ལེན་པ་སོགས། བརྟག་དཔྱད་སྣ་ཚོགས་ཤིག་བྱེད་སྲིད། བརྟག་དོན་གྲུབ་སྟེ་སྐྲན་ནད་ཡིན་པ་ངོས་འཛིན་བྱས་རུང་། སྨན་པར་གྲོས་མོལ་རེ་སྐུལ་གྱིས་སྨན་པ་གཞན་ཞིག་བརྒྱུད། བརྟག་པ་གཉིས་པ་ཞིག་བྱས་ནའང་འགྲིགས། བརྟག་པ་དང་གཉིས་གཅིག་མཐུན་སྐྲན་ནད་ཡིན་པ་ངོས་འཛིན་གསལ་བོར་བྱུང་རྗེས། སྨན་བཅོས་གཏོང་མཁན་གྱི་སྨན་པ་དང་། སྨན་ཁང་ཚད་ལྡན་ཞིག་བཙལ་དགོས། ཁྱེད་ཀྱི་ནད་པ་དེའི་ཚེ་སྲོག་གི་སྐུད་པ་ཕྲ་མོ་དེ་བཞིན་སྨན་པ་དེ་དང་དེའི་ལས་གྲོགས་ཚོའི་ལག་པར་འཇོག་དགོས་སྟབས། སྨན་པ་དེ་གཟབ་ནན་ངང་རྩད་གཅོད་བྱེད་ཐུབ་ན་བཟང་།
དེ་ལའང་དྲྭ་བ་བརྒྱུད་འཚོལ་ཞིབ་བྱེད་པ། ཕྲུ་གུའི་སྒེར་སྨན་ལས་གནས་ཚུལ་འཚོལ་ཞིབ་བྱེད་པ། ས་གནས་གསོ་རིག་མཐུན་ཚོགས་ལས་སྐྲན་ནད་ཆེད་མཁས་སྨན་པ་དག་གི་མིང་དང་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པ། མཐའ་ན་རང་དང་འབྲེལ་བ་ཡོད་པའི་གྲོགས་པོ་གྲོགས་མོ་དག་ལས་ཀྱང་། སྐྲན་ནད་ཆེད་མཁས་སྨན་པ་གང་ན་སུ་འདུག་གི་གནས་ཚུལ་དྲི་ཞིབ་བྱས་ན་ཕན་ཐོགས་སྲིད། སྨན་པ་དང་སྨན་ཁང་ཞིག་གཏན་འཁེལ་ཚར་རྗེས། ཕྲུ་གུ་ལ་དོན་གནད་དེ་གསལ་བོར་ཤེས་སུ་འཇུག་རྒྱུ་དེ་གལ་ཆེན་པོ་ཡིན།
དོན་དག་འདི་ནད་པར་གསང་ན་བཟང་ངམ། ཡང་ན་དྲང་མོར་བཤད་ན་དགའ། རྒྱ་ལ་ཁྱེད་ཀྱིས་གསང་བ་བྱེད་པའི་དབང་དུ་བཏང་ཡང་། ནད་པས་ཁྱེད་ཀྱི་ལུས་ངག་གི་རྣམ་འགྱུར་དང་། སྨན་བཅོས་ཀྱི་བརྒྱུད་རིམ་ནང་། དོན་དག་ཚབས་ཆེན་ཞིག་བྱུང་ཡོད་པ་ཚོད་དཔགས་བྱ་ཐུབ་པས། དོན་དག་འདི་ནད་པར་མ་གསང་བར་དྲང་མོར་བཤད་ན། ཕྱི་ནས་ནད་པ་དང་མཉམ་པོར་དོན་དག་གང་ཞིག་གྲོས་མོལ་བྱེད་དགོས་ཚེ། སྟབས་ཀ་བདེ་ཞིང་ནད་པའང་ཁྱེད་ལ་བློས་ཐུབ་བློ་གཏད་ཞུ་ཆོག་པར་ཡིད་ཆེས་སླེབས་ཐུབ་པའི་ཕན་ཡོན་ཆེ།
སྐུ་ཉིད་འཚོ་མཛད་སྨན་པ་ཞིག་ཡིན་ན་ང་ཁྱེད་ལ་ཁ་ཏ་ཅི་ཡང་མེད། མིན་ན་བོད་ཀྱི་རྒྱུད་བཞི་དང་རྒྱ་ནག་གི་རྩ་སྨན་དཀར་ཆག་༼本草纲目༽ལ་ལེགས་པར་གཟིགས་དང་ཁྱེད་ཀྱི་བུ་ལ་ཕན་པའི་མན་ངན་མང་།
མན་ངག་མང་།
སྤྱིར་བཏང་ནད་གང་ཞིག་ཡིན་ཀྱང་། ཛ་དྲག་ཆེན་པོ་མིན་ཚེ་སྨན་ཟ་བ་དང་། གཤགས་བཅོས་གཏོང་བ། གློག་པར་འདེབས་པ་སོགས། རྒྱུན་ལྡན་གྱི་སྨན་བཅོས་རིགས་བྱེད་རྒྱུ་མ་སྔ་ན་བཟང་། སྨན་ཁང་དུ་ཕྱིན་ཚར་རྗེས་གང་དུ་ན་ཚ་ཡོད་པ་དང་། གང་དུ་ལུས་པོ་མི་བདེ་བ་ཡོད་ན་དེ་རུ་ཁབ་རྒྱག་པ་དང་། གཤགས་བཅོས་གཏོང་བ། གློག་པར་འདེབས་པ་སོགས་བྱེད་སྲིད། བྱ་སྟངས་འདི་དག་ནད་ཀྱི་འབྲས་བུ་ཐད་བཅོས་བྱེད་པ་ཞིག་ལས། ནད་ཀྱི་རྩ་བའམ་རྒྱུ་བཅོས་སྒྱུར་བྱེད་པ་ཞིག་མ་རེད། དེར་བརྟེན། གནས་སྐབས་རིང་དྲག་ངོ་ལྟ་བུ་རེ་ཤར་སྲིད་རུང་། ནད་མང་བོ་ཞིག་བསྐྱར་འཕར་གྱིས་ཕྱི་ནས་སྨན་གང་གིས་ཀྱང་ཕན་ཐོགས་དཀའ་བར་འགྱུར་བཞིན་ཡོད། མགོ་ན་བ་ཙམ་གྱིས་མགོ་སྨན་འཐུང་བ་དང་། ཕོ་ཁ་ནད་བ་ཙམ་གྱིས་ཕོ་སྨན་འཐུང་བ། གློ་བ་ན་བ་ཙམ་གྱིས་གློ་སྨན་འཐུང་བ་སོགས་ནི་ནོར་འཁྲུལ་ཚབས་ཆེན་རེད། སྨན་དེ་དག་གིས་གཟུགས་པོའི་སྤྱིའི་བདེ་ཐང་ལ་གནོད་སྐྱོན་ཆེན་པོ་ཐེབས་བཞིན་ཡོད། དེ་བས་ནད་དེ་དག་གི་རྒྱུ་བཙལ་ནས་གསོ་བཅོས་བཏང་ན། ནད་དྲག་མྱུར་ཞིང་ལུས་པོའི་བདེ་ཐང་ལའང་མི་གནོད།
(དེ་བས་ནད་དེ་དག་གི་(རྒྱུ་བཙལ)་ནས་གསོ་བཅོས་བཏང་ན། ནད་དྲག་མྱུར་ཞིང་ལུས་པོའི་བདེ་ཐང་ལའང་མི་གནོད།)
མགོ། གློ། ཕོ་བའི་ན་ཚའི་རྒྱུ་བཙལ་ཡོད་པའི་སྨན་གཞུང་དང་སྨན་པ་ཞིག་གང་ན་ཡོད་པ་རེད།
གློག་པར། སྨན་ཁབ། བཤག་བཅོས་སོགས་ནད་གྱི་རྒྱུའམ་རྩ་བ་བཅོས་སྤྱད་ཅིག་མ་རེད་ཟེར། དེ་ན་གང་དང་གང་དག་རེད། སྐྱག་བརྫུན་མིན་པའི་ངོ་སྤྲོད་བྱེད་རྒྱུ་ཡོད་ན་བྱོས་དང་།
ཅིག་ཅིག་ཅིག་ན་ཡོད་པ་རེད། ཅིག་ཅིག་ཅིག་གིས་ཟེར། ཡོད་པ་དེ་འདི་རེད། ཟེར་མཁན་དེ་འདི་རེད། ངས་འདི་ཤེས། འདིས་འདི་ཟེར། སོགས་གསལ་པོར་ཤོད་དང་།
ཛ་དྲག་མིན་པར་བཤག་བཅོས་བྱེད་ནི་ཞིག་གང་ན་འདུག། སུ་རེད། ནོར་འཁྲུལ་ཚབས་ཆེན་བསགས་པའི་ཕོ་སྨན། གློ་སྨན། མགོ་སྨན་ནི་སྨན་གང་དང་གང་རེད། རེ་རེ་བྱས་ནས་ཤོད་དང་། ཁ་ལ་ཉན་ངོས་ཡིན།
རྔ་བ་རྒྱལ་ཁམས་པ། ཕན་སེམས་ཞིག་བཤག་གི་ཡོད་ན། སྐད་ཆ་བསམ་ནས་ཤོད། རྩམ་པ་ལྡད་ནས་མྱིད། ཨེ་གོ་ཐལ།
གནམ་ལགས། ཁྱེད་ཁོང་ཁྲོ་ཟ་དགོས་པ་ཞིག་ངས་བཤད་མེད། ཐོག་དང་བོ་ཁྱོད་ལ་ན་རྒྱུ་འདྲ་ཡོད་དམ། ཡོད་ན་ཁྱོད་ཀྱིས་ཅི་ལྟར་གསོ་བཅོས་གཏོང་གིན་ཡོད། ངས་བཤད་འདོད་པ་ནི། ནད་བཅོས་ཐབས་ཀྱི་ལག་ལེན་ཞིག་ངས་ལོ་བར་འདི་ཚོར་བེད་སྤྱོད་བཏང་སྟེ་དངོས་སུ་ཕན་ཐོགས་བྱུང་བའི་གནས་ཚུལ་སྐོར་ཡིན། ངས་རྒྱུན་དུ་ལག་ཐབས་འདི་མི་ཚང་རེ་རེའི་ནང་བེད་སྤྱོད་གཏོང་ཐུབ་ན་ཅི་མ་རུང་བསམ། ཁྱོད་ལ་ཕོ་ཁ་ན་ཚེ་ཕོ་སྨན་འཐུང་བ་ལས། དྲག་ཐབས་གཞན་ཡོད་དམ། སྨན་པར་བསྟེན་མི་དགོས་པར་རང་ཉིད་ཀྱིས་ནད་དྲག་ཐབས་འདྲ་ཡོད་མེད་ལ་བསམ་བློ་གཏོང་མྱོང་ངམ།
ཧཧཧ། གནམ་ལགས། ཁྱོད་ཀྱིས་གསོ་རིག་ཤེས་བྱའི་སྐོར་ལ་ཐུགས་སྣང་ཅིའང་གནང་གི་ཡོད་ས་མ་རེད། ནད་སྣ་ཚོགས་འབྱུང་གིན་ཡོད་པ་ལྟར། དེ་བཅོས་ཐབས་ཀྱང་སྣ་ཚོགས་ཡོང་གི་ཡོད་པ་རེད། ཁྱོད་ལ་དངོས་གནས་འདི་སྐོར་ཤེས་འདོད་ཡོད་ན། ངས་དུས་ཚོད་ཕུད་ནས་ག་ལེར་ཞུ་ཆོག འོན་ཀྱང་ང་ལ་ཆ་རྐྱེན་གཅིག་ཡོད་པ་ནི། གསོ་བཅོས་ལག་ལེན་འདི་བཞིན་དངུལ་གྱི་ཆེད་དུ་བེད་སྤྱོད་གཏོང་མི་རུང་བ་དེ་ཡིན།
ཞབས་མཆན་དེ། མི་ཉན་མི་ཉན་དང་མི་བཟང་མི་བཟང་ཟེར་བ་ལས། བཟང་རབས་ཀྱི་ལག་ཐབ། སྨན་ཐབ། ཤེས་ཐབ་ག་རེ་ཡོད་པ་དེ་མི་འདུག་ན། དམན་ངག་ཞིག་ཡོད་མདོག་གིས་བཞག་ན་ཡག་པོར་མཐོང་མ་སོང་། བྱས་ཙང་དེ་འདྲ་ཞིག་ཞུས་པ་ཡིན།
ང་རླུང་ལངས་མེད། ང་ལ་ན་ཚ་ཆེན་པོ་དེ་འདྲ་ཡང་མེད་ཚོད་རེད། ནད་མེད་ཡིན་ཟེར་ན་ཆོག། འགྲོ་བ་མི་ཞིག་ཡིན་དུས། ནད་མེད་ཀྱི་ལུས་ཤིག་ཡོད་མི་སྲིད་པས། བརྒྱ་ཆ་བརྒྱ་ལ་ཞུ་ཚོད་ཐུག་མ་སོང་།
ཁྱེད་ཀྱི་ལག་ཐབས་ནི་ཚོང་ལ་བསྒྱུར་ན་མ་བསྒྱུར་ན་ཡང་། མཐའ་དོན་ཉམ་ཐག་ནད་པ་ནད་ལས་ཐར་ཐུབ་པ་དེ། ཁྱེད་ཀྱི་ཀུན་སློང་གཙང་མ་དེ་ཡིན་ན། དེ་འདྲ་ཉ་སེ་ཉོག་སེ་བཤད་ན་ལན་པོ་མི་འདུག་བསམ། དངུལ་གྱིས་མི་ལ་ཕན། ཐབས་གྱིས་ནད་ལ་ཕན་ན། དགེ་བ་ཕུན་སུམ་ཚོགས་པ་ཡོད་པ་རེད་ཟེར།
ཕོ་བ་ན་ན། རྐྱང་ཕྱག་རེ་འཚལ་ནས་བསྡད་ཡོད། ཅི་འདྲ་རེད། ཧ་ཧ་ཧ། གྲོགས་པོ།
བརྐྱངས་ཕྱག་གིས་ཕོ་ཁའི་ནད་ལ་ཕན་ཐོགས་སྲིད། ཡོ་གའི་ཉམས་ལེན་དང་། བསྐུ་མཉེ། དཀྱུས་མའི་ལུས་རྩལ་ལྟ་བུས་ཀྱང་། ལུས་ཀྱི་རྩ། རླུང་། ཐིག་ལེ། ཁྲག རུས་ཚིགས། ཤ་རྒྱུས་སོགས་ལ་མཉེན་ཆ་འབེབས། དེ་ལ་བརྟེན་ནས། རྩ་ལམ་གལ་ཆེན་དག་ན་རྒྱུ་བའི་ཁྲག་ཕྲན་དང་། སྲོག་རླུང་། བཟའ་བཏུང་གི་བཅུད་སོགས། གཟུགས་པོའི་མ་ལག་སོ་སོར་ལེགས་པར་རྒྱུ་ཐུབ། རྐྱེན་དེས་ལུས་ཀྱི་འབྱུང་ཁམས་སྙོམས་ཤིང་། གལ་སྲིད་ལུས་ནད་ཛ་དྲག་རིགས་ཡོད་ཚེ་ནད་ཀྱི་ནུས་པ་ཉམ་དམན་པར་བྱེད་པ་དང་། ན་ཚ་ཆུང་ངུའི་རིགས་གཙང་སེལ་བཟོ་ཐུབ་ཅིང་། ནད་རིགས་སྔོན་འགོག་ལའང་ཕན་ཐོགས། འདིར་གསལ་བོར་ཤེས་དགོས་པ་ཞིག་ལ། རང་ལུས་ཀྱི་སྐྱེ་ཁམས་ནང་། ནད་དང་། རྨ་ལྟ་བུ་གཟུགས་པོའི་དཀའ་ངལ་མང་བོར་བཟོ་བཅོས་གཏོང་བའི་ནུས་པ་རང་ཆས་སུ་ཡོད། མིའི་གཟུགས་པོའི་མ་ལག་གི་འཁོར་སྐྱོད་ཤིན་ཏུ་གྲུང་བོ་དང་རྐྱེན་པོ་རེད།
དངུལ་གྱིས་མི་ལ་ཕན་ཐོགས་པ། ལག་ཐབས་ཀྱིས་མི་ལ་ཕན་ཐོགས་མིན་གྱི་སྐད་ཆ་དེ་ཚོ་གནད་དོན་གཞན་པ་ཞིག་རེད། ངས་བཤད་འདོད་པ་དེ། ངའི་སྨོན་ཡུལ་དུ་གྱུར་པ་དེ་ནི། ང་ཚོས་རང་དོན་རང་གཅེས་ཀྱི་སྒོ་ནས། རང་གི་གཟུགས་པོར་གཅེས་སྤྲས་ཡག་པོ་ཞིག་བྱེད་ཐུབ་ན་བསམ། ལས་ལམ་འགྲོ་ཡག་པོ་འདྲ་བྱུང་ན། སྨན་ཁང་གིས་ཕན་ཐོགས་སྲིད་ཀྱང་། གལ་སྲིད་ལམ་ལྷོང་མ་བྱུང་བ་ཡིན་ན། འཆི་ལམ་དུ་འགྲོ་བ་དང་། མི་ཚེ་སྨན་གྱི་ནང་སྐྱེལ་དགོས་པ་ཏེ། འགྲོ་ས་གཉིས་ལས་ཡོད་པ་མ་རེད། ནད་གསལ་བོ་ཞིག་ངོས་ཟིན་མ་ཟིན་དང་། སྨན་གནད་ཐོག་ཏུ་འབབ་ཀྱི་ཡོད་མེད་ཆ་མ་འཚལ་བའི་ངང་། ཚོད་སྒམ་གྱི་སྨན་བཅོས་ཤིག་གཏོང་དགོས་བྱུང་ན། དཀའ་ངལ་མང་ནས་མང་དུ་དང་། འགྲོ་གྲོན་མང་ནས་མང་དུ་འགྲོ་བ་ལས་གཞན་ཅི། ངས་འདི་ཚོ་ཕྱི་ལུགས་ཀྱི་སྨན་བཅོས་ཐད་ཟེར་གི་ཡོད། བཟི་ཁབ་རེ་རེ་དང་། གློག་པར་རེ་རེ། གྲང་རྫས་ཤུགས་ཆེ་བའི་སྨན་རིགས་དག་གིས། ལུས་པོའི་བདེ་ཐང་ལ་ཤུགས་རྐྱེན་ཅི་འདྲ་ཞིག་ཐེབས་ཀྱི་ཡོད་མེད། ཕྱི་ལུགས་གསོ་བཅོས་ཐད་རྒྱུས་ཡོད་མཁན་དག་གིས་གསལ་བོར་ཧ་གོ་བ་ཞིག་ཡིན། སྨན་ཞེས་པ་འདི་ཟོས་ན་ཕན་ཐོགས་པ་ཞིག་དགོས་པ་ལས། ཟོས་ཀྱིན་ཟོས་ཀྱིན་ལུས་སེམས་རྒུད་འགྲོ་ངེས་ཤིག་ཡིན་ན། དེ་ལ་སྨན་ཞེས་འབོད་མི་འོས། མདོར་ན། ཕན་པ་ལས་མི་གནོད་པའི་བཟའ་བཏུང་རིགས་ཤིག་ཡིན་ན། དེ་ལ་ནི་ངས་སྨན་ཞེས་འབོད་ན་འདོད།
གཟུགས་པོའི་ཆ་ཤས་གང་ཞིག་ལ་སྐྱོན་ཆགས། གཟུགས་པོ་རང་ཉིད་ལ་སྐྱོན་དེ་སེལ་བྱེད་ཀྱི་ནུས་པས་མ་ལྡང་བ་ལ་བརྟེན་ནས། ནད་སྣ་ཚོགས་ཤིག་འབྱུང་གིན་ཡོད། ནད་འབྱུང་བའི་རྒྱུ་རྐྱེན་ང་ཚོ་རང་རང་གི་ཁོར་ཡུག་ན་ཡོད་ལ། ནད་སེལ་བའི་རྒྱུ་རྐྱེན་ཀྱང་ང་ཚོ་རང་རང་གི་ཁོར་ཡུག་ན་ཡོད། ངས་གོ་སླ་བའི་དཔེ་མཚོན་ཞིག་བརྗོད་ན། གལ་ཏེ་ཁྱོད་ལས་ཁུངས་ཤིག་ན་གློག་ཀླད་ཤུགས་ཆེར་སྤྱོད་མཁན་གྱི་ལས་བྱེད་ཅིག་ཡིན་ན། ཁྱོད་ཀྱི་སྒོ་གསུམ་རྩིས་འཁོར་གྱི་སྟེང་དམིགས་བཟུང་སྟེ། ངལ་མ་གསོས་པར་དུས་ཚོད་མང་བོ་ཕྱིན་པ་ཡིན་ན། མགོ་ཡུ་འཁོར་བ། མིག་ཚ་ཞིང་རབ་རུབ་ཏུ་གྱུར་པ། ཞེན་ལོག་སྐྱེ་བ། སྙིང་ན་བ་ལྟ་བུ་འབྱུང་སྲིད། དེ་བཞིན་ཁྱོད་ཀྱི་རྒྱབ་ངོས་ན་ཡོད་པའི་ཚད་སེལ་གྲང་གློག་ལས། ཁྱོད་ཀྱི་གཟུགས་པོ་ཧྲིལ་བོའམ། ཡང་ན། ཁོག་སྟོད་ཡན་ཆོད་དུ་གྲང་རེག་གིས་ཡང་ཡང་རྡེག་གིན་ཡོད། ཁྱོད་འདི་ལྟར་ཉིན་གཅིག་ནས་བདུན་ཕྲག བདུན་ཕྲག་ནས་ཟླ་བ། ཟླ་བ་ནས་ལོ་བརྒལ། རེ་ཞིག་ནས་ཁྱོད་ཀྱི་གཟུགས་པོ་གྲང་མོ་ནས་གྲང་མོར་གྱུར་ཏེ། ཆམ་ནད་གང་ཡང་ཕོག་སླ་ཞིང་འགོ་སླ། ཧབ་སྦྲིད་ཡང་ཡང་རྒྱག མགོ་ན། སྣ་འཚངས། རུས་གཟེར་རྒྱག ཕྲག་པ་དང་མཇིང་བ། སྒྲོག་རུས། སྐྱོགས་རའི་ཚིགས། སོག་འདབ། མཆན་ཞབས། དཔྱི་མགོ་སོགས་ན་ཞིང་། རྐང་ལག་རེངས་པོར་འགྱུར་བ་ལྟ་བུའི་དཀའ་ངལ་ལ་འཕྲད་སྲིད། དཀའ་ངལ་དེ་དག་ནི་ཁྱོད་རང་ཉིད་ཀྱིས་རང་གི་ཁོར་ཡུག་དང་། འཕྲོད་བསྟེན་གྱི་རྒྱུན་ཤེས་ལ་དོ་སྣང་མ་བྱས་པ་ལས་བྱུང་བ་ཞིག་རེད། ལས་ཀ་བྱེད་སྐབས་སེམས་པ་ཅུང་ལྷོད་པོ་དང་། མིག་གིས་ཀློག་ཀླད་ཀྱི་ཐོག་འཁྱུགས་ཙམ་འཁྱུགས་ཙམ་ལས་རྒྱུན་རིང་ཅེར་རྒྱུ་མཚམས་འཇོག གོ་སྐབས་ནམ་ལྡན་ལ་ཕར་ཚུར་འགྲོ་འོང་ལྟ་བུ་དང་། ངལ་གསོ་ཆུང་ངུའི་རིགས་བྱས་ཀྱང་ཕན། དེ་བཞིན་གྲང་གློག་གི་རླུང་། རང་ཉིད་ལ་ཐད་ཀར་ཕོག་པ་མ་ཡིན་པར། ཕྱོགས་དང་ངོས་གཞན་དང་གཞན་དུ་ཁ་བསྐོར་ནས། བསིལ་རླུང་ཁང་བའི་ནང་དུ་འཁྱིལ་བ་ལྟ་བུའི་ཐབས་ལ་འབད་ན། གོང་གི་དཀའ་ངལ་དེ་རིགས་མི་འབྱུང་བའི་དགེ་མཚན་ཡོད།
ལགས་སོ།
འགྲོ་བ་མིའི་ལུས་པོ་ཆ་གསུམ་དུ་བགོ་བའི་དབང་དུ་བཏང་ན། སྤྱི་གཙུག་ནས་མཇིང་བ་ཡན་ཆད་ཆ་གཅིག ཕྲག་པ་ནས་སྒལ་ཚིགས་དང་དཔྱི་རུས་སྦྲེལ་མཚམས་པར་ཆ་གཅིག དཔྱི་མགོ་ནས་རྐང་མཐིལ་བར་ཆ་གཅིག་བཅས་ཆ་གསུམ་དུ་དབྱེ་ན་ཆོག དེ་དག་ལས། མགོ་ན་བ། མིག་ཚ་ཞིང་མི་གསལ་བ། མིག་ཤ་འདར་བ། རྣ་མི་གསལ་བ། རྣ་བར་སྒྲ་ཡང་ཡང་གྲགས་པ། སྣ་ནད། སོ་ནད། ལྕེ་སྐྲང་བ། མིད་པ་ན་བ། དྲི་དང་རོ་མི་ཚོར་བ་སོགས། མགོ་དང་འབྲེལ་བའི་ནད་རྐྱེན་ཕལ་ཆེར་མགོ་ལྟག་གི་རུས་པ་ཅུང་མར་ཞུད་འགྲོ་མཚམས་དང་ཤ་རྒྱུས་འབྲེལ་མཚམས་ན་ཡོད་པ་རེད། བུད་མེད་ལ་ལར། ཟླ་མཚན་འབབ་དུས་མགོ་ན་བ། ལུས་ཉམས་རྒུད་པ། ཞེན་ཁ་ལོག་པ་སོགས་ཀྱི་དཀའ་ངལ་ཡོང་གི་ཡོད། གལ་སྲིད་ཟླ་མཚན་ཡོང་སྐབས་ལུས་པོ་མི་བདེ་བའི་དཀའ་ངལ་ཡོད་མཁན་ཞིག་ཡིན་ཚེ། མགོ་ལྟག་ན་ཡོད་པའི་གནད་རྩ་བརྒྱད། རེ་རེ་བཞིན་གྲུ་མོས་འབུར་ཚིགས་ཀྱིས་ཁབ་རྒྱག་པ་ལྟར་མནན་རྗེས། གཡས་གཡོན་དུ་འཕུར་འཕུར་སྐར་ཆ་བཅུ་ནས་བཅོ་ལྔ་བར་བྱས་ན། ནད་ཚ་དེ་འཕྲལ་མར་དྲག་ཏུ་འགྲོ་བཞིན་པ་ཚོར་ཐུབ། གལ་སྲིད་སྐྱོན་མེད་མཁན་ཞིག་ཡིན་ཚེ། རྩ་གནད་དེ་དག་ཤུགས་ཆེན་པོས་མནན་ཡང་མི་ན། སྐྱོན་ཡོད་མཁན་ཞིག་ཚེ། རེག་ཙམ་གྱིས་ཀྱང་བཟོད་དཀའ་བ་ལྟ་བུའི་ཚོར་སྣང་སྐྱེ་མཁན་ཡོད། འཕུར་གནོན་སྐབས་ནད་པའི་ལུས་སྟོབས་ཆེ་ཆུང་དང་། ཟུངས་ཤུགས་ལ་དཔགས་པའི་འཕུར་གནོན་བྱེད་པ་ལས། ཤུགས་ཆེན་པོས་འཕུར་གནོན་གཏོང་མི་རུང་། ཕུར་གནོན་ཚར་རྗེས་མཛུབ་མོའམ། ཡང་ན། མཆིང་མཐིལ་གྱིས་ག་ལེར་འཇམ་པོའི་ངང་བསྐུ་མཉེ་བཏང་རྗེས། དྲོད་ཁུག་བསྐོན་ཏེ་རྩ་རྒྱུས་ལ་མཉེན་ཕབ་པའི་ཆ་སྙོམ་པོར་བཟོས་ནས། ནད་པའི་ལུས་སེམས་ལ་ཚོར་བ་བདེ་བའི་སྣང་བ་ཤར་ཐབས་བྱེད་དགོས། འདི་ནི་ངས་བུད་མེད་ཟླ་མཚན་འབབ་སྐབས་ཀྱི་དཀའ་ངལ་ཡོད་མཁན་ཚོར་དངོས་སུ་བེད་སྤྱོད་ལག་བསྟར་བྱས་པའི་ཕན་ཡོན་མྱོང་གྲུབ་མའོ།། ང་བུད་མེད་ལ་ཤིན་ཏུ་དགའ་མཁན་ཞིག་ཡིན་པས། བུད་མེད་ཚོར་དུངས་བའི་དབང་གིས་གསང་ཚིག་ཤོར་སོང་། བདེན་མི་བདེན་ལག་བསྟར་བྱས་ན་གསལ་འོང་།
ཡ་ཡ། དང་པོ་རྒན་མོ་དེ་འདྲ་ཞིག་ལ་མི་ཐུག་པའི་སྨོན་ལམ་དང་། ཐུག་སོང་ན་ཅི་གསུངས་བཞིན་ལག་བསྟར་ལ་ལེན་ངེས་ཡིན། ཁྱེད་བུད་མེད་ལ་ཤིན་ཏུ་དགའ་ན། ད་དུང་། འོག་རེ་འོག་ན་འཕུར་རྒྱུ་འདྲ་ཡོད་དམ་མེད། ཧ་ཧ་ཧ།
ནད་ཅི་འདྲ་ཞིག་ཡིན་དུ་ཆུག་ཀྱང་། ཐོག་མར་ནད་པའི་ལུས་ཟུངས་གསོ་བ་དེ་གལ་ཆེན་པོ་རེད། གཟུགས་ནུས་ཉམ་དམས་སུ་ཕྱིན་པ་ཡིན་ན། ནད་དེར་དཔགས་པའི་སྨན་ཅི་འདྲ་ཞིག་བཏང་རུང་། ལུས་ལ་འཇུ་དཀའ་ཞིང་གཟུགས་པོས་ལྕོགས་དཀའ། ནུས་པ་དེ་ལ་ཕྱི་ནང་གི་ནུས་པ་གཉིས་སུ་དབྱེ་ཆོག ཕྱིའི་ནུས་པ་ནི་ཉི་སྐར་གྱི་འོད་སྣང་དང་། ཆས་གོས་དྲོན་ལྡན། དྲོད་ཀྱི་ནུས་པ་ལྡན་པའི་ཁེབ་མ་རྒྱག་པ་ལྟ་བུ་ཡིན། ནང་གི་ནུས་པ་ནི། དྲོད་རྫས་ལྡན་པའི་ཁ་ཟས་དང་བཏུང་བ། གཏུམ་མོ་སྒོམ་པ་ལྟ་བུ་ཡིན། ཕྱི་ནང་གི་ཐབས་འདི་འདྲ་བ་ལ་བརྟེན་ནས། ནད་པའི་ལུས་ཀྱི་དྲོད་ཤུགས་སམ། ནུས་པ་ལེགས་པོར་སོས་སོང་ན། ནད་པའི་རྣམ་རིག་དང་བཟའ་བཏུང་གི་ཡི་ག་ལེགས་སུ་འགྲོ་ཞིང་། དེ་དང་ཆབས་ཅིག་གང་ན་ནད་ཡོད་པ་དེའི་རྒྱུ་བཙལ་ནས། གནད་རྩ་འཕུར་གནོན་གྱི་གསོ་བཅོས་ལག་ཐབས་བེད་སྤྱོད་བཏང་ན། འཕྲལ་མར་ཕན་ནུས་ལུས་ན་མངོན་ཞིང་སེམས་ཀྱིས་ཚོར་སྲིད། འདིར་གསལ་བཤད་བརྒྱབ་དགོས་པ་ཞིག་ནི། ནད་པའི་ན་ཚ་དེ་བཞིན་ཆུ་ཚོད་ཉེར་བཞིའི་རིང་བསྟུན་མར་ན་ངེས་ཤིག་ཡིན་ཚེ། ནད་དེ་ཅུང་བཅོས་དཀའ་བའི་ནད་ཀྱི་རིགས་ཡིན་པས། གསོ་བཅོས་ལག་ཐབས་དུས་ཡུན་རིང་བོའི་བར་བསྟེན་དགོས། ནད་དེ་སྐབས་རེར་དྲག་བསྐྱེད་ལྟ་བུ་དང་། སྐབས་རེར་ཡང་བསྐྱར་ན་ངེས་དེ་འདྲ་ཞིག་ཡིན་ན། ནད་དེ་བཅོས་སླ་བོའི་རིགས་སུ་ཆ་འཇོག་བྱེད་པ་ཡིན་ལ། ལག་ཐབས་ཐེངས་ཤས་ཤིག་གིས་ཀྱང་དྲག་བསྐྱེད་འབྱུང་སྲིད། སྐབས་རེར་ང་ཚོས་གློ་བུར་དུ་མིག་གིས་གསལ་བོར་མི་མཐོང་བ་དང་། མིག་གོང་ནང་ཁྲག་མདོག་ཐོན་པ། མི་སྐྱ་ལངས་པ། མིག་ཤ་འདར་བ་ལྟ་བུ་བྱུང་བ་ཡིན་ན། ང་ཚོར་ཉམས་མྱོང་ཡག་པོ་ཞིག་མེད་སྟབས། མྱུར་མོར་སྨན་པར་བསྟེན་གཏུགས་ཀྱིས་མིག་ཤུགས་གཞལ་བ། གློག་པར་འདེབས་པ། ཆུ་སྨན་ནམ་ཟ་སྨན་རིགས་བེད་སྤྱོད་གཏོང་གི་ཡོད། མིག་ནི་ང་ཚོའི་དབང་བོ་རྣམ་ལྔའི་གྲས་ཀྱི་གཙོ་བོ་ཞིག་ཡིན་པས། མིག་ལ་ནད་ཅི་ཞིག་བྱུང་ཚེ་ལམ་སང་རྩད་གཅོད་བྱེད་དགོས་པ་སྨྲོས་མེད་ཡིན་རུང་། ཐོག་མར་ཁྱེད་ཀྱིས་ལག་ཐབས་གསོ་བཅོས་འདི་ལག་བསྟར་ཐེངས་འགའ་བྱས་ན། ཁྱོད་མི་ཚེའི་ནང་མིག་ནད་ཀྱི་དཀའ་ངལ་ལས་གྲོལ་ཐུབ་ན་ཐང་། དཔེར་ན། གློ་བུར་དུ་མིག་གསལ་ལ་མི་གསལ་བ་ལྟ་བུར་ཆགས་སྐབས། མགོ་ལྟག་གི་གནད་རྩ་བརྒྱད་ཀྱི་སྟེང་། མིག་གཡས་པ་ཡིན་ན། གཡས་ཕྱོགས་ཀྱི་རྣ་ལྟག་དང་། མིག་གཡོན་མ་ཡིན་ན་གཡོན་ཕྱོགས་ཀྱི་རྣ་ལྟག མིག་གཉིས་ཆ་མི་གསལ་བར་གྱུར་ཚེ། རྣ་ལྟག་གཉིས་ཆའི་རྩ་གནད་གསོ་བཅོས་གཏོང་དགོས། དེའང་ཁྱེད་ཀྱིས་རང་གི་རྣ་ལྟག་ཏུ་གོང་མཛུབ་ཀྱིས་ཐད་ཀར་བཙུགས་ཏེ་མྱང་ན། རུས་གསུམ་འདུས་མདོར་གྲུ་ག་གསུམ་ལྡན་ལྟ་བུའི་བུག་སྒོ་ཤིག་ཡོད་པ་ཚོར་ཐུབ།
བུ་སྟོངས་དེ་རྙེད་སོང་ན། རྣ་བ་གཡས་མ་ཡིན་ན། ལག་པ་གཡོན་མས་རང་གི་མགོ་བོ་འགྲམ་པ་གཡོན་མ་ནས་གཏོད་པའི་ཚུལ་གྱི་སྐྱོར་ཏེ། ལག་པ་གཡས་མའི་གོང་མཛུབ་ནང་དུ་སྐུམ་པ་མཐེ་བོང་དང་། ལག་སོར་འོག་མ་དག་གིས་ཁུ་ཚུར་བཅིངས་པའི་སྟབས་ཀྱིས་བཟུང་རྗེས། དམ་པོར་གཅུན་པའི་འབུར་ཚིགས་ཐད་དཀར་བུ་གའི་ནང་ཤུགས་རན་ཙམ་གྱིས་བཙུགས་པ་ལྷན། ཡར་མར་ག་ལེར་འཕུར་གནོན་བྱེད་དགོས། ཤུགས་ཤིན་ཏུ་ཆེ་མི་རུང་། ཁྱོད་རང་གི་མྱོང་ཚོར་ལྟར་འཕུར་གནོན་སྐབས། ཅུང་ཟད་ཅིག་ན་ཚེ་གསོ་བཅོས་ཀྱི་ནུས་པ་ནད་སྟེང་དུ་ཐེབ་པར་ཕན་ཐོགས་ཆེ། ཐུགས་སྣང་། གལ་སྲིད་ཁྱོད་ཀྱི་རྣ་བ་གཤགས་བཅོས་གཏོང་མྱོང་ཡོད་ཚེ། ལག་ཐབས་འདི་བེད་སྤྱོད་གཏོང་རུང་མིན་སྨན་པར་དྲི་རྟོག་བྱས་ན་བཟང་། འཕུར་གནོན་གྲུབ་ནས་མཛུབ་མོས་གང་དུ་འཕུར་ས་དེར་བསྐུ་མཉེ་བྱས་ཏེ། དྲོད་ཁུག་ཡོད་ན་རབ་དང་། མེད་ཚེ་ལག་རས་ལྟ་བུ་ཚ་བོར་བཟོས་ནས་ཁེབ་མ་བརྒྱབས་ན། དགེ་ཕན་ཤིན་ཏུ་ཆེ། ལག་ལེན་མྱོང་གྲུབ་མའོ།།
སྣ་ནད་བཅོས་ཐབས། གལ་སྲིད་ཁྱོད་ལ་ཡ་མའི་ནད་དང་། སྣ་རུས་ཀྱི་སྦུག་སྟོང་བེ་སྣབ་ཀྱིས་འཚངས་པའི་དཀའ་ངལ་ཡོད་དམ། དཀའ་ངལ་དེ་དག་བྱུང་དུས་སྨན་དང་། སྨན་ཆུ་བེད་སྤྱོད་གཏོང་བཞིན་ཨེ་ཡོད། སྨན་དེ་ཐོག་མར་སྤྱོད་སྐབས་ཕན་པའི་ངོ་འདྲ་ཞིག་ཤར་ཡང་། ཕྱིས་སུ་ནད་དེ་ཕོག་ཐེངས་མང་ནས་མང་དུ་དང་། སྨན་གྱི་ཐུན་ཚད་ཀྱང་ཤུགས་ཆེ་ནས་ཆེ་རུ་སྤར་དགོས་པ། མཐའ་མཇུག་སྨན་གྱིས་ཕན་མི་ཐོགས་པར་མ་ཟད། ཆམ་ནད་ལྟ་བུ་ཕོག་སླ་ཞིང་། འགོའང་སླ་བའི་སྣང་ཚུལ་དེ་འདྲ་བྱུང་མྱོང་ངམ། ཅིག་བྱས་ན། ཁྱེད་ཀྱི་དུག་ཅན་སྐྱེ་ལྡན་དེ། སྨན་དེར་མྱོང་གོམས་ལྟ་བུར་ཆགས་ཏེ་སྨན་གྱིས་ཕན་མི་ཐོགས་པ་དང་། སྨན་དེ་ཟ་མང་བའི་རྐྱེན་གྱིས་ཁྱེད་ཀྱི་ནད་རིགས་སྔོན་འགོག་གི་གཟུགས་པོའི་ནུས་པ་ཆུང་དུ་སོང་ཡོད་སྲིད། དེ་ལ་སྐྱོན་མེད། སྨན་དེ་དག་བེད་སྤྱོད་གཏོང་རྒྱུ་མཚམས་ཞོགས། གོང་ནས་བཤད་པའི་རྣ་ལྟག་དང་། མགོ་ལྟག་གི་གནད་རྩར་འཕུར་ཐབས་དེ་ལག་བསྟར་བྱས་ན་ཕན་ཐོགས། དེའི་ཐོག་སྣ་བུག་གཉིས་ནས་དབུགས་གཏོང་ལེན་གྱི་ཡོ་གའི་རླུང་རྩལ་ཉམས་ལེན་འདྲ་བྱེད་ཐུབ་ན། དཀའ་ངལ་དེ་དག་ཡ་མཚན་པོའི་ངང་སེལ་འགྲོ། བསམ་བློ་ཐོངས། སྨན་ཡོན་དང་། འགྲུམ་འགྲིལ། གོ་བརྡ་འཕྲོད་མི་འཕྲོད་ཀྱི་དཀའ་ངལ། དེ་ལས་ཀྱང་གལ་ཆེ་བ་ནི། སྨན་དེ་དག་གིས་ཁྱེད་ཀྱི་གཟུགས་པོ་སྤྱིའི་བདེ་ཐང་ལ་གནོད་པ་ཕོག་སྲིད། ནད་པ་རང་ལ་སྨན་པའང་རང་ཉིད་བྱེད་རུང་བའི་རིན་ཐང་གཞལ་མེད་ཀྱི་ཤེས་རིག་འདི་འདྲ། སློབ་སྦྱོང་རིན་མེད། བཀོལ་སྤྱོད་རིན་མེད། ཕན་ཡོན་དཔགས་མེད་ཡིན་པས། དེ་ལས་དགའ་བ་དང་། དེ་ལས་གལ་ཆེ་བ། དེ་ལས་དོན་སྙིང་ལྡན་པ་ཞིག་གང་ན་ཡོད། ལག་ལེན་དང་ཕན་ཡོན་མྱོང་གྲུབ་མའོ།།
ཁྱེད་ལ་སོ་ནད་ཡོད་དམ། སྐབས་རེར་སོ་འཁྲུ་དུས་སོ་ཁྲག་ཡོང་བ་དང་། སོ་རྙིལ་ན་བ། ཟས་ལྡད་སྐབས་སོ་བྱེ་བྲག་པ་རེའི་སོ་རྟིང་ན་བ། སོ་སྲིན་གྱིས་སོ་ཁོག་ཟོས་པས་སོ་ན་བ། དྲི་ངན་ཁ་བ་ལྟ་བུ་འབྱུང་གིན་ཡོད། གལ་ཏེ་ཉིད་ལ་དཀལ་ངལ་དེ་རིགས་ཡོད་ཚེ། གོང་དུ་བཤད་པའི་གནད་རྩའི་ཐོག མཇིང་ལྟག་གི་གནད་རྩ་བརྒྱད་འཕུར་གནོན་བྱས་ན་ཕན་ཐོགས། དེའང་སྐེ་ཚིགས་ཀྱི་སྟེང་ནས་སོར་གང་གཡས་གཡོན་དུ་གཞལ་བའི་སྐེ་རྒྱུས་སྟེང་། སྐེ་མགོ་ནས་སྐེ་མཇུག་པར། ཆ་སྙོམས་སོར་གཅིག་རེའི་མཚམས། གྲུ་མོའམ། ཡང་ན། གོང་མཛུབ་ནང་དུ་བཀུགས་པའི་འབུར་ཚིགས་ཀྱིས་གཡས་གཡོན་དུ་འཕུར་གནོན་བྱས་ན་ཕན། དེ་བཞིན་སོ་འཁྲུ་དུས་སོ་འཁྲུད་ཀྱིས་རྙིལ་ཕྱི་ནང་དུ་ཡར་མར་བཀྲུ་བ་དང་། ལྷག་པར་གང་དུ་སོ་རྙིལ་ན་བ་དང་ཁྲག་ཐོན་པ་ཡོད་ན། དེ་རུ་ག་ལེར་ཡང་ཡང་བཀྲུས་ན་སོ་སྲིན་དང་། སོ་རྙིགས་གཙང་མར་འགྲོ་བར་ཕན་ནུས་ཆེ་ཞིང་། དེ་ལ་བརྟེན་ནས་ཁྱེད་ཀྱི་སོ་ནད་ཡང་དུ་སོང་མཐར་དྲག་བསྐྱེད་འབྱུང་བའི་ཕན་ཡོན་ཡོད། རྒྱུན་པར་ལྒ་སྐྱའི་ཁུ་བ་ནུར་བོ་དང་། ལྒ་སྐྱའི་བྱེ་མ་ཆུར་བཏབ་པའི་ནུར་ཆ། སོ་གང་དུ་ན་བའི་ཁ་ནང་དུ་བཟུང་ནའང་། ཕན་ཡོན་ཆེ། ཐུགས་སྣང་སོ་གང་ཞིག་འཕྲོ་བརླག་ཏུ་སོང་ཟིན་པ་ཞིག་ན། ན་ཟུག་འཇོམས་པ་ལ་ལག་ཐབས་འདི་ཕན་རུང་། སོ་ཚབ་འཕེན་པ་ལྟ་བུ་སོ་སྨན་ཆེད་ལས་པ་ཞིག་ལས། ལག་ཐབས་འདིས་ཕན་ཐོགས་པའི་ཐབས་ཤེས་མེད།
བཀའ་དྲིན་ཆེ། མུ་མཐུད་ནས་གསུངས་རོགས། ཕན་ཐོགས་ཆེན་པོ་འདུག
མིད་པའི་ནད་བཅོས་ཐབས། མིད་པ་སྐྲངས་པ། མིད་པར་ཟ་ཕྲུག་ལངས་པ། བད་ཀན་གྲེ་ཐོགས་སོགས་ཀྱི་ནད་བྱུང་ཚེ། སྐེ་ཚིགས་གཡས་གཡོན་གྱི་རྒྱུས་པའི་རྩ་གནད་བརྒྱད་འཕུར་གནོན་བྱས་ན་ཕན། འཕུར་གནོན་ནམ་གྲུབ་ལ་དྲོད་ཁུག་བེད་སྤྱོད་གང་མང་གཏོང་ཐུབ་ན་ལྷག་པར་བཟང་།
ཕྲག་པའི་ནད་བཅོས་ཐབས། ཕྲག་པ་ན་སྐབས།
སྐེ་དང་ཕྲག་པ་གཉིས་སྤྲེལ་མཚམས་ཀྱི་ཉག་སྟོངས་ནས། ཁོག་སྟོད་ཀྱི་སྒལ་གཞུང་ལ་མ་ཐུག་པར་དུ་སོར་རེའི་མཚམས་འཕུར་གནོན་བྱས་ན་ཕན། ཡང་ན་ཕྲག་སྒང་གི་སྣེ་མོ་ནས་མཛུབ་མོས་ཐིག་ཅིག ཚུར་དྲང་ཐད་སྒལ་ཚིགས་ལ་མ་རེག་ཙམ་གྱི་བར་འཕངས་པའི་སྣེ་མོ་ནས། ཚུར་གསེག་འགྲོས་ཀྱིས་སྒལ་ཚིགས་ཀྱི་རྒྱུས་པ་བར་གྱི་རྩ་གནད་བཞི་འཕུར་གནོན་བྱས་ན་ཕན། གལ་སྲིད་དེས་མ་ཕན་ཚེ། ཕྲག་རུས་ཉག་སྟོངས་ནང་གི་ཤ་རྒྱུས་ལ་གྲི་མོའི་འབུར་ཚིགས་ཀྱིས། ཤུགས་རན་ཙམ་གྱིས་འཕུར་གནོན་བྱས་ནའང་ཕན་ཐོགས་སྲིད།
ཐུགས་སྣང་། རུས་པའི་སྟེང་གཏན་ནས་གནོན་མི་རུང་། འཕུར་གནོན་གྱི་ཡུལ་ཕལ་ཆེར་རུས་འདབ་དང་སྤྲེལ་བའི་ཤ་རྒྱུས་དག་གི་སྟེང་ཡིན། ལག་ཐབས་འདི་བཞིན་དཀྱུས་མའི་ལུས་བསྐུ་མཉེ་བྱ་ཚུལ་དང་ལག་ལེན་རྦད་དེ་སོ་སོ་བ་ཡིན་ལ། ནང་དོན་དང་དམིགས་སྒོའང་མི་འདྲ་ཡིན་པ་ཐུགས་འཇགས་ཞུ། ངས་ལས་འཕྲོ་མང་བོ་ཞིག་སྐྱོང་བཞིན་ཡོད་པས། དགོས་ངེས་ཅན་ཞིག་མིན་ཚེ། མཆན་ལན་འབྲི་མི་ཐུབ་པ་དགོངས་མངའ་ཡོང་བར་ཞུ། ལགས་ཐབས་འདི་བཞིན་གལ་ཆེན་དོན་ཆེན་དུ་བརྩིས་ཏེ། རྩོམ་འགོད་ཀྱི་ལྷོངས་སུ་མཆན་གྱི་ཚུལ་མུ་མཐུད་འབྲི་ཅི་ཐུབ་བྱ་རྒྱུ་ཡིན། ད་གཟིམས་འཇགས་གནང་།
རྔ་བ་རྒྱལ་ཁམས་པའི་རྫུ་འཕྲུལ་གྱི་བུས་བསྟན་དང་འགྲོ་ལ་སྨན་པ་རྒྱ་ཆེར་འབྱུང་བའི་སྨོན་ལམ་འདེབས། དེ་བཞིན་རྔ་བ་རྒྱལ་ཁམས་པ་མཆོག་གིས་གནའ་བོའི་དུས་ཀྱི་ནུབ་ཕྱོགས་པའི་སྨན་བཅོས་རིག་པའི་དེབ་རེ་བོད་ཡིག་ཏུ་བསྒྱུར་ཐུབ་པའི་རེ་བ་དང་ཞུ་བ་འབུལ། ད་ལྟའི་སྐབས་ཀྱི་རྩ་རླུང་སྨན་བཅོས་ཕན་ནུས་ངེས་ཅན་རེ་ཡང་བརྒྱུད་སྤྲོད་གནང་བར་དགའ་བསུ་ཞུ། འོན་ཀྱང་འཛམ་གླིང་གི་རྩ་རླུང་ཚོགས་པ་ཆེ་ཁག་མང་པོ་ཞིག་ནི་དཔལ་འབྱོར་ཚོགས་པ་དང་། རྐུན་ཇག་ཚོགས་པས་འུད་བསྟོད་དང་ཕན་ཚུན་ཁེ་ཕན་དོན་གཉེར་ལས་དངོས་དོན་དང་མི་མཐུན་པ་དགོངས་གསལ་དང་། དེ་ལྟ་བུ་མང་པོས་འཛམ་གླིང་གི་ཁྱོན་ཡོངས་ལ་མགོ་སྐོར་གཉའ་ནོན་གྱི་མུན་པ་ནག་པོ་སངས་ཐབས་དཀའ་བས་སྒྲིབ་བཅུག་པའང་མཁྱེན་པར་མཛོད། །ཉིད་ནི་གཟུ་བོར་གནས་ཤིང་ལྷག་བསམ་གྱིས་ཕྱུག་པ་ཞིག་ཡིན་པ་ཡོངས་གྲགས་ལྟར། ཕྲན་གྱི་རྨོངས་འཆར་ལ་ཡང་སྤྱན་རས་ཕྱོགས་ཙམ་གཡོ་བར་འགྱུར་སྙམ་ནས་ལྷག་བསམ་ཟོལ་མེད་ཀྱིས་ཞུས་པ་ལེགས། སྙིང་རྗེ་ཅན་འགའ་ཞིག་རང་སེམས་ཚད་མར་བཟུང་ནས་མཐར་གཞན་གྱི་གཡོ་སྒྱུའི་རྒྱ་རུ་ཚུད་པའང་མི་ཉུང་བ་ཡོད་པས་སྐབས་འདིར་རྣམ་རྟོག་འགའ་ཞིག་ཞུ་དགོས་བྱུང་བར་དགོངས་འགལམེད་པར་མཁྱེན།།
མཁྱེན་ལྡན་དྲི་མེད་ལྷག་བསམ་ལགས། ཁམས་བཟང་། ཁྱེད་ཀྱི་ལེགས་སྨོན་ནི། ང་དང་། ངའི་བུ་ཆུང་གི་གཏན་འདུན་ཡིན། ཐུགས་རྗེ་ཆེ་ཞུ། སྤྱིར་རང་ཉིད་ཤེས་ཚད་དེ་ཙམ་བཟང་རྒྱུ་མེད་པས། གནའ་བོའི་ནུབ་ཕྱོགས་ཀྱི་སྨན་བཅོས་རིག་པའི་དེབ་དེ་འདྲ་བོད་བསྒྱུར་བྱ་རྒྱུ། ང་ལྟོས་ན་ཤིན་ཏུ་ཁག་པོ་ཞིག་ཡིན་པ་སྨྲོས་མ་དགོས། འོན་ཏེ། ང་ལ་སེམས་ཤུགས་ཡོད། ངས་ཕྱི་གླིང་གི་རིག་པའི་དཔེ་ཆ་སྤུས་དག་རེ་མཐོང་སྐབས། ཀྱེ་ཧུད། དཔེ་ཆ་འདི་འདྲ་ང་ཚོ་བོད་ཀྱི་ཡིག་ཐོག་ཏུ་ཡོད་ན་ཅི་མ་རུང་། ཞེས་དཔེ་ཆ་ལག་པར་བླངས་ནས་ཡང་ཡང་བྱིལ་བྱིལ་གཏོང་བཞིན་ཡོད། ངས་མཆོག་གི་གཞེན་སྐུལ་ཡིད་ལ་འཛིན་ངེས་ཡིན། གོང་ནས་ཞུས་པ་ལྟར། ང་ལ་སེམས་ཤུགས་ཡོད། སེམས་ཤུགས་ནི་ལས་དོན་ཀུན་ཀྱི་རྩ་བ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད། དེ་ཙམ་ཡིན་ལགས།
དཔུང་ནད་བཅོས་ཐབས། དཔུང་བ་ན་ནས་ལག་པ་ཡར་འཇོག་དཀའ་བ། དཔུང་བ་ཡར་མར་དང་། གཡས་གཡོན་དུ་འགུལ་དཀའ་བ། དཔུང་བ་ཡར་འཇོག་སྐབས་སོག་འདབ་ནས་ཤ་རྒྱུས་ཅི་ཞིག་གིས་འཐེན་ནས་ཡར་འཇོག་དཀའ་བ་ལྟ་བུའི་དཀའ་ངལ་ཡོད་ན། ཕྲག་སྣེ་དང་དཔུང་བ་སྤྲེལ་མཚམས་ཀྱི་ཤ་རྒྱུས་ཐོག་འཕུར་གནོན་བྱས་ན་ཕན་སྲིད། གལ་ཏེ་དེས་མ་ཕན་ན། མཆན་ཁུང་རྒྱབ་ངོས་ན་དཔུང་བ་འགུལ་སྐྱོད་ཀྱི་གཞི་དབྱིབས་ལྟ་བུའི་སྒྲོག་རུས་ཆུང་ངུ་ཞིག་ཡོད་པ། དེའི་རུས་འདབས་སུ་ཆགས་པའི་ཤ་རྒྱུས་བསྣོལ་མཚམས་བརྒྱུད། འཕུར་གནོན་བྱས་ན་ཕན། དེས་ཀྱང་མ་ཕན་ན། སོག་འདབ་ཀྱི་རྒྱུས་པའི་ཐོག་འཕུར་གནོན་བྱས་ན་ཕན། འཕུར་གནོན་སྐབས་རུས་པ་དང་། ཤ་རྒྱུས་ཆགས་སྟངས་ཀྱི་འགྲོས་དང་བསྟུན་ནས་འཕུར་གནོན་གཏོང་བ་ལྟ་བུ་མ་ཡིན་པར། ཤ་རྒྱུས་ཆགས་སྟངས་ཀྱི་འགྲོས་དང་འགལ་བའི་ཕྱོགས་ཏེ། དཔེར་ན། སོག་འདབ་ཀྱི་རྒྱུས་པ་གནོན་སྐབས། རུས་འདབ་ཀྱི་རྒྱུས་པ་བརྒྱུད་ནས་ཡར་མར་འཕུར་གནོན་བྱེད་པ་མ་ཡིན་པར། གཡས་གཡོན་དུ་འཕུར་གནོན་གཏོང་དགོས། འཕུར་གནོན་སྐབས་ནད་པའི་ཚོར་བ་དང་བསྟུན་ནས་འཕུར་གནོན་གཏོང་བ་ལས། ཤུགས་ཆེན་པོས་འཕུར་གནོན་གཏོང་མི་རུང་། ཐོག་མར་འཕུར་སྐབས་ན་ཟུག་ཆེ་ནའང་། ཡང་ཡང་འཕུར་བ་ཡིན་ན། ན་ཟུག་ཆུང་ནས་ཆུང་དུ་འགྲོ། དེ་ནི་ནད་རྩ་གསོ་བཅོས་ལམ་ལྷོང་སོང་བའི་མངོན་རྟགས་ཡིན། དེ་རྗེས་ལག་པ་ཡར་འཇོག་མར་འཇོག་བྱས་ན། དཔུང་བ་ལྷོད་ཤིག་གེ་སོང་ཡོད་པའི་ཚོར་བ་སྐྱེ་འོང་། སྤྱིར་བཏང་གང་དུ་ན་ཚ་ཡོད་ན་དེ་རུ་འཕུར་གནོན་གཏོང་མི་རུང་། འོན་ཀྱང། ནད་རྒྱུ་རང་ཉིད་ཀྱི་སྟེང་སྐྱོན་ཤོར་ཡོད་ཚེ་འཕུར་གནོན་བྱས་ནའང་འགྲིགས། གཟུགས་པོའི་ཐོག་ནད་ཀྱི་ཚོར་བ་གང་དུ་ཡོད་པའི་ཡུལ་དེ་ནི། ནད་ཀྱི་འབྲས་པུ་ལས་ནད་དངོས་མ་ཡིན་སྟབས། དེར་འཕུར་གནོན་བྱས་རུང་འཕྲལ་སེལ་གྱི་ན་ཟུག་ཉམ་དམས་སྲིད་པ་ཙམ་ལས་དྲག་བསྐྱེད་འབྱུང་དཀའ། རྒྱུ་མཚན་ནི། ནད་འབྲས་ཀྱི་ནང་ནད་དྲག་བསྐྱེད་ཀྱི་རྒྱུ་མེད་པས་ཡིན། ནད་ཀྱི་རྒྱུ་བཙལ་སྐབས། གང་ན་ནད་ཡོད་པ་དེ་དང་ཁད་ཉེ་བའི་རུས་པ་དང་། རུས་ཚིགས་ལྟ་བུའི་རྒྱུད་དུ་ཆགས་པའི་ཤ་རྒྱུས་ཀྱི་སྟེང་ནས་འཚོལ་དགོས། ནད་དེ་ལུས་ཀྱི་དབུས་སུ་ཡོད་ན། ནད་རྐྱེན་དེའི་ཐོག་ནས་ཡར་བཙལ་དགོས། ནད་ཚོར་དེ་ལུས་ཀྱི་མཐའ་རུ་ཡོད་ན། དེའི་རྒྱུ་གཟུགས་པོའི་དབུས་ནས་བཙལ་དགོས། ཐུགས་སྣང་གལ་ཆེན་གནང་དགོས་པ་ཞིག་ལ། ནད་གང་ཞིག་ཡིན་ཡང་། ནད་དེ་བཅོས་ཡུལ་ཕལ་ཆེར་ཞིག ནད་པའི་ལུས་ཀྱི་རྒྱབ་ཕྱོགས་ལས་མདུན་ངོས་མ་ཡིན། ནད་པ་ཡིན་མིན་ཚང་མས་རྒྱུན་དུ་ལྒ་སྐྱའི་ཁུ་བ་དྲོན་མོ་འཐུང་བ་དང་། རྫས་ཀྱི་སླད་མ་ཞུགས་པའི་བཟའ་བཏུང་རིགས་བསྟེན་ཐུབ་ན་ལུས་ལ་ཤིན་ཏུ་ཕན། འཕུར་གནོན་གྲུབ་རྗེས་དྲོད་ཁུག་བེད་སྤྱོད་གཏོང་ཐུབ་ཚེ། ཆར་བ་ཆུ་གྲོགས་ལྟར་། ནད་གཞི་མྱུར་དུ་དྲག་བསྐྱེད་འབྱུང་བར་ཕན་ཡོན་ཆེན་པོ་ཡོད། མྱོང་གྲུབ་མའོ།།
དྲི་མེད་ལྷག་བསམ་ལགས་ཀྱིས། ༼སྙིང་རྗེ་ཅན་འགའ་ཞིག་རང་སེམས་ཚད་མར་བཟུང་ནས་མཐར་གཞན་གྱི་གཡོ་སྒྱུའི་རྒྱ་རུ་ཚུད་པའང་མི་ཉུང་བ་ཡོད༽ གསུངས་པ་ནི་ཤིན་དུ་བདེན་ནོ། གདམས་ངག་བཟང་མ་ཞིག་ཏུ་གོ་བར་བྱའོ། །