རྔ་བ་རྒྱལ་ཁམས་པ།
རྡོ་གྲུབ་ཆེན་ཞེས་པའི་མཚན་གྱི་དོན་ནི། རྡོ་ཞེས་པ་རྡོ་གྲུབ་སྐུ་ཕྲེང་དང་བོ་འཇིགས་མེད་འཕྲིན་ལས་འོད་ཟེར་གྱི་འཁྲུངས་ས་མགོ་ལོག་རྡོ་ཡུལ་ཡིན་པས་རྡོ་དང་། གྲུབ་ཆེན་ཞེས་པ་ནི་བླ་མ་འདིས་སྟོད་ཧོར་གྱི་དམག་བཟློག་པས། དགའ་ལྡན་ཕོ་བྲང་བས་ཆེ་བསྟོད་དུ་སྩལ་བའི་མཚན་ཞིག་ཡིན་འདུག་པས། དོན་དངོས་ཐོག་རྡོ་གྲུབ་ཆེན་ཞེས་པའི་མཚན་དེ་བླ་མའི་འཁྲུངས་ཡུལ་དང་། རྒྱལ་བོའི་ཆེ་བསྟོད་གཉིས་ལས་གྲུབ་པའི་ལོ་རྒྱུས་ཀྱི་མཚན་གནས་དམིགས་བསལ་བ་ཞིག་རེད། ཡང་གཅིག་བཤད་ན། རྡོ་གྲུབ་ཆེན་ནི་གནའ་སྔ་མོ་ཞིག་ནས་བོད་གཞུང་མང་གཉིས་ཀྱིས་ངོས་ལེན་གནང་ཟིན་པའི་ལོ་རྒྱུས་རང་བཞིན་གྱི་བླ་མ་རྩ་ཆེན་ཞིག་ཡིན་པར་ཆ་འཇོག་བྱེད་ཐུབ། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ལ་སྔགས་གསར་རྙིང་གཉིས་ལས། སྔགས་རྙིང་མ་ནི་རྒྱ་གར་པ་སྨྲི་ཏི་ཛྙ་ན་ཀིརྟི་ཡན་ཆོད་དུ་བསྒྱུར་ཟིན་པའི་གསང་སྔགས་ཀྱི་ཆོས་དང་། སྔགས་གསར་མ་ནི་ལོ་ཙྰ་པ་རིན་ཆེན་བཟང་བོ་མན་ཆོད་དུ་བསྒྱུར་ཟིན་པའི་གསང་སྔགས་ཀྱི་ཆོས་སྐོར་རྣམས་ཡིན་པར་གསུངས་ཤིང་། རྡོ་གྲུབ་ཆེན་ནི་སྔགས་རྙིང་མའི་ཆོས་ཉམས་བཞེས་གནང་མཁན་གྱི་བླ་མ་ཞིག་རེད། དེའང་སྔགས་རྙིང་ཕྱོགས་སུ་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པ་བཅས་གསུམ་ཡོད་པ་དང་། རིང་བརྒྱུད་བཀའ་མ་ནི། གསང་སྔགས་རྙིང་མའི་ལུགས་ཀྱི་མདོ་སྒྱུ་སེམས་གསུམ་སོགས་རྒྱ་གར་པཎ་གྲུབ་རྣམས་ནས་བོད་ཀྱི་ལོ་པཎ་རྣམས་ལ་བརྒྱུད་པ་དང་། ཉེ་བརྒྱུད་གཏེར་མ་ཞེས་པ་གཏེར་ཁ་གོང་མ་མངའ་བདག་ཉང་ཉི་མ་འོད་ཟེར་དང་། གཏེར་ཁ་འོག་མ་གུ་རུ་ཆོས་ཀྱི་དབང་ཕྱུག་སོགས་སྤྲུལ་བའི་གཏེར་སྟོན་རྣམས་ལས་རིམ་པར་བརྒྱུད་པ་དང་། ཟབ་མོ་དག་སྣང་ཞེས་པ་ནི་ཉམས་རྟོགས་ཅན་ཚོས་དག་པའི་སྣང་ངོར་ཤར་བའི་ཆོས་ཚུལ་བཅས་ཡིན་པར་བཤད། བརྒྱུད་པ་དེ་དག་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ནི་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱི་སྙིང་ཐིག་མ་བུ་དང་། རྒྱ་ཆེ་བའི་བཤད་པ་མཛོད་ཆེན་བདུན། དེ་དག་གི་ཟབ་དོན་དགོངས་གཏེར་གྱི་ཚུལ་དུ་བབ་པ། ཀུན་མཁྱེན་འཇིགས་མེད་གླིང་བའི་བཀའ་ཆོས་ཏེ་ཡོངས་གྲགས་ཀློང་ཆེན་སྙིང་ཐིག་ཏུ་གྲགས་པ་རྣམས་རེད། ཀུན་མཁྱེན་འཇིགས་མེད་གླིང་བ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོར་གྱུར་ཏེ་གདན་ས་ཚེ་རིང་ལྗོངས་སུ་བོད་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་སློབ་མ་སྐྱོང་སྐབས། རྡོ་གྲུབ་ཆེན་གྱིས་མདོ་ཁམས་ཕྱོགས་སུ་སྔགས་རྙིང་མའི་སྙན་གྲགས་ཅན་གྱི་བླ་མ་ཉི་ཤུ་ལྷག་བསྟེན་ནས་སློབ་གཉེར་ཕལ་ཆེར་མཐར་ཕྱིན་ཏེ་ལྟ་དགོངས་མཐོན་པོར་སླེབས་པའི་དུས་སྐབས་ཤིག་རེད། ཁོང་དགུང་ལོ༤༡ཐོག་དབུས་ཕྱོགས་ཚེ་རིང་ལྗོངས་སུ་ཕེབས་ཏེ་ཀུན་མཁྱེན་འཇིགས་མེད་གླིང་བ་དང་དངོས་སུ་མཇལ་འཕྲད་གནང་ཞིང་། ཀུན་མཁྱེན་གྱིས་རྡོ་གྲུབ་ལྷ་སྲས་དམ་འཛིན་གྱི་སྤྲུལ་སྐུར་ངོས་འཛིན་གནང་སྟེ་མཚན་ལ་འཇིགས་མེད་འཕྲིན་ལས་འོད་ཟེར་ཞེས་བཏགས་པས་ཀུན་མཁྱེན་འཇིགས་མེད་གླིང་བའི་བུ་སློབ་འཇིགས་མེད་རྣམ་བཞིའི་ཡ་གྱལ་དུ་གྱུར་ཅིང་། ཀློང་ཆེན་སྙིང་ཐིག་གི་ཆོས་བདག་གཙོ་བོར་མངའ་གསོལ། བླ་སློབ་རྣམ་གཉིས་སྔ་ཕྱིར་ཐེངས་བཞིར་ཞལ་འཛོམས་ཏེ་གསན་འཕྲོ་མ་ལུས་པར་མཇུག་རྫོགས་པར་མཛད། ཀུན་མཁྱེན་འཇིགས་མེད་གླིང་བ་སྐུ་གཤེགས་རྗེས། རྡོ་གྲུབ་ཆེན་གྱིས་ཀུན་མཁྱེན་གྱི་ཡང་སྲིད་ངོས་འཛིན་གནང་སྟེ་ཆོས་འཇིག་གཉིས་ཀྱིས་བསྐྱངས་པར་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་སོགས། རྡོ་རྗེའི་གདུང་ཆེན་བཞི་དང་། རེ་སྐོང་སྔགས་འཆང་དཔལ་ཆེན་ནམ་མཁའ་འཇིགས་མེད་སོགས་ནམ་མཁའི་མཚན་ཅན་བཅུ་གསུམ། ཀ་ཐོག་སི་ཏུ། དགེ་བརྩེ་པཎ་ཆེན། ཞེ་ཆེན་རབ་འབྱམས། སྡེ་དགེ་ས་སྐྱོང་སོགས་སློབ་མ་མང་བོར་ཀློང་ཆེན་སྙིང་ཐིག་གི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སྨིན་གྲོལ་གྱི་ལམ་ལ་བཀོད། རྡོ་གྲུབ་འཇིགས་མེད་འཕྲིན་ལས་འོད་ཟེར་མཆོག་གི་གསུང་འབུམ་རྣམས་ཡིད་ལ་གསལ་བོ་ཞིག་མ་དྲན་ཡང་། གྲུབ་རྒན་ལུང་བསྟན་ཆེན་མོ་ཞིག་ཡོད་པ་ཡོངས་གྲགས་ལྟར་དང་༧རྒྱལ་བས་ཀྱང་ཐུགས་རྩད་གནང་བཞིན་པ་ཕྲན་གྱིས་གོ་མྱོང་། རྡོ་གྲུབ་གསུམ་པ་འཇིགས་མེད་བསྟན་པའི་ཉི་མ་ནི། གསར་རྙིང་རིས་མེད་ཀྱི་མཁས་པ་མང་བོས་ཁས་ལེན་པའི་བླ་མ་ཞིག་རེད། མཁས་པའི་དབང་པོ་སྙན་དགོན་སྤྲུལ་སྐུ་གསུང་རབ་རྒྱ་མཚོས་དགེ་ལུགས་སྨོན་ལམ་ཆེན་མོའི་གསུང་ཆོས་ཀྱི་སྐབས་སུ་སྔགས་གསར་མ་སང་ལ་གུང་ཐང་བསྟན་པའི་སྒྲོན་མའི་གསུང་རྩོམ་གྱི་སྙན་ཞིག་མེད། སྔགས་རྙིང་མ་ཚང་ལ་རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མའི་གསུང་རྩོམ་གྱི་སྙན་ཞིག་མེད་ཅེས་ཁྲོམ་བསྒྲགས་ལྟ་བུ་གནང་མྱོང་ཡོད་པ་བླ་གྲྭ་རྒན་པ་ཚོའི་ཞལ་ལས་ཕྲན་གྱིས་དངོས་སུ་ཐོས་མྱོང་ལ། ཡོངས་གྲགས་ཤིག་ཏུའང་རྗེ་གུང་ཐང་པ་དང་། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ་གཉིས་ཀྱིས་ཁྲི་ཁ་བརྗེས་པ་རེད་ཅེས་ཤོད་སྲོལ་ཞིག་ཀྱང་ཡོད་པར་མངོན། རྡོ་གྲུབ་གསུམ་པ་འཇིགས་མེད་བསྟན་པའི་ཉི་མ་ནི་གསར་རྙིང་གྲུབ་མཐའ་རིས་མེད་ཀྱི་ལུགས་ལ་མཁས་པར་སྦྱངས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་ཞིག་ཡིན་པར་གྲགས་ཤིང་། ཁོང་ལ་དགེ་བའི་བཤེས་གཉེན་མང་བོ་ཡོད་པའི་ནང་གི་གཅིག་ནི་སྔགས་གསར་མའི་མཁས་ཆེན་འཇའ་བ་ཨ་ལགས་མདོ་སྔགས་ཞེས་འབོད་པ་ཁྲི་ཆེན་གུང་ཐང་བའི་སྤྲུལ་བར་གྲགས་པ་ཞིག་ཡོད་པ་དེ་ཡིན་འདུག་ལ། རྡོ་གྲུབ་འཇིགས་མེད་བསྟན་ཉི་ཙམ་དུ་མ་ཟད་ཁོང་དང་སྐུ་ཐོག་གཅིག་པའི་རྡོ་གྲུབ་ཆེན་གྱི་མཁན་ཆེན་རྣམ་བཞི་སྟེ། མགར་ར་མཁན་པོ་འཇིགས་མེད་འོད་གསལ། ཀླུ་ཤུལ་མཁན་པོ་བློ་བཟང་ཀུན་ཁྱབ། ཨ་མྱེའི་མཁན་པོ་དམ་ཆོས། སེལ་ཤུལ་མཁན་པོ་ངག་དབང་བཅས་ཀྱང་ཁོང་གི་སློབ་མ་གཙོ་བོའི་གྲས་སུ་གཏོགས། དེར་བརྟེན་རྡོ་གྲུབ་གསུམ་པས་སྔགས་གསར་རྙིང་གི་ལྟ་དགོངས་གཞི་གཅིག་ཏུ་འགྲེལ་ཡོང་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོས་ཐུགས་ཡིད་ཀྱང་དབང་མེད་དུ་འཕྲོག་སྟེ། ཚོགས་པ་ཁྲི་སྟོང་མང་བོའི་དབུས་ནས་རྡོ་གྲུབ་གསུམ་པར་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཏེ༧རྒྱལ་བ་རང་ཉིད་ཀྱིས་སྔགས་གསར་རྙིང་གི་ལྟ་དགོངས་ཟུང་འབྲེལ་གནང་ཡོང་སྐབས་ཁོང་གི་ལྟ་ཚུལ་དེ་བདེན་པ་རེད་ཅེས་རྡོ་གྲུབ་ཆེན་གྱིས་ཁོང་གི་མགོ་བོར་བྱིལ་བྱིལ་གནང་བྱུང་ཞེས་ཀྱང་གསུངས་མྱོང་བ་རེད། རྡོ་གྲུབ་མཁན་ཆེན་རྣམ་བཞིར་ཡང་སྔགས་གསར་མའི་ལྟ་དགོངས་ཀྱི་ཤན་ཤུགས་ཤིན་ཏུ་ཆེན་པོ་ཐེབས་ཡོད་སྟབས། རྡོ་གྲུབ་ཆེན་དགོན་པའི་བསྟན་བདག་བུ་སློབ་མཁན་ཚོགས་རྣམས་ནི་གསར་རྙིང་ཆོས་བརྒྱུད་ཟུང་འབྲེལ་ཞིག་ཡིན་ནམ་སྙམ་དུ་དགོངས་ནས། དགེ་ཕྱོགས་ཀྱི་མཁས་པ་མང་བོ་དང་། ལྷག་པར་སྲིད་ཞིའི་རྣམ་པར་འདྲེན་པ་ཆེན་པོ༧རྒྱལ་བ་དོན་གྱི་བདག་པོས་ཀྱང་རྡོ་གྲུབ་ཆོས་བརྒྱུད་དེ་གསར་རྙིང་ཆོས་བརྒྱུད་ཟུང་འབྲེལ་ལམ། རྫོགས་ཆེན་གསར་མའི་ཆོས་ལུགས་ཤིག་ཡིན་པར་ཆ་འཇོག་གནང་གིན་ཡོད་དམ་སྙམ། གུས་པ་ཉེ་དུས་འདིར༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེར་མཇལ་རྒྱུའི་སྐལ་བཟང་ཐོབ། ༧སྐྱབས་མགོན་རྡོ་གྲུབ་དང་གྲུབ་ཆེན་ཆོས་བརྒྱུད་ནི་ངའི་ཕ་མེས་ཀྱི་ཆོས་བརྒྱུད་དུ་གཏོགས་པས། རྒྱུད་པ་གསེར་ནག་གི་ཉག་ཐག་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་པའི་གསང་བ་སྙིང་ཐིག་གི་ཆོས་བརྒྱུད་དྲི་མ་མེད་པ་དེས་ངའི་མི་ཚེའི་འཚོལ་སྙེག་གི་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཕྲན་རྒྱ་གར་དུ་ཡོད་སྐབས་སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོའི་འབྲས་ལྗོངས་དུས་འཁོར་དབང་ཆེན་སྐབས་ཐོག་དང་བོར་གུས་པ༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེར་མཇལ་རྒྱུའི་སྐལ་བ་བྱུང་། རིན་པོ་ཆེའི་གདན་སར་ཚོགས་ཆེན་འདུ་ཁང་ཆེ་ལེགས་ཤིག་དང་། གྲྭ་ཤག ལྷ་ཁང་རྙིང་བ་ཞིག་ལས་རྒྱས་སྤྲོས་ཆེན་པོ་ཅིའང་མི་བཞུགས། ཁོང་གི་བླ་བྲང་ངམ་བཞུགས་ཤག་ནི་ཕྲན་གྱི་གྲྭ་ཤག་ལས་ཀྱང་རྒྱ་ཆུང་བ་སྤུས་ཀ་ཞན་པ་ལྟ་བུར་མཐོང་བས༧སྐྱབས་མགོན་རྡོ་གྲུབ་ཆེན་གྱི་བླ་བྲང་འདི་འདྲ་ཞིག་ཡིན་མི་སྲིད་སྙམ་པའི་ཚོར་སྣང་སྐྱེས། གཟིམས་ཁང་ཕྱི་ལོགས་ཀྱི་ཁང་མིག་ཅིག་ཏུ་རྙིང་ཟད་དུ་སོང་བའི་ཤིང་ཁྲི་དམའ་མོ་གདན་ཅན་ཞིག་དང་། མདུན་ཕྱོགས་མི་བཞི་ལྔ་ཞིག་ཤོང་སའི་མདུན་འཇོག་ཆུང་ཆུང་འགའ་ཤས་ལས་ཅིའང་མི་སྣང་། བཀའ་མོལ་གནང་སྐབས་ཆེ་བརྗིད་ཀྱི་རྫིག་ཉམས་སོགས་ཅིའང་མེད་པར་མགོ་ལོག་གི་བོད་སྐད་རང་གི་ཐོག་ནས་དཀྱུས་མའི་ཞལ་བརྡ་ཤིན་ཏུ་ལྷོད་ཆགས་པོ་གནང་བས་བླ་མ་འདི་དངོས་གནས་ཉམས་ཆུང་ཚོའི་སྐྱབས་མགོན་ཞིག་རེད་ཨང་སྙམ་པའི་ཚོར་བ་འགོག་མེད་དུ་སྐྱེས། འཕྲོས་མོལ་གྱི་ཞར་ནས་བླ་མ་དེ་ནི་ཆོས་ཁོ་ན་ལས་སྲིད་དང་འཇིག་རྟེན་ཆོས་བརྒྱད་ཀྱི་ཕྱོགས་ལ་རྦད་དེ་རྒྱབ་ཀྱིས་ཕྱོགས་པ་ཞིག་ཡིན་པར་ཤེས་རྟོགས་བྱུང་། “དལ་འབྱོར་གྱི་རྟེན་འདི་ཤིན་ཏུ་རྙེད་དཀའ་བ་རེད། གོ་སྐབས་འཕྲོ་བརླག་ཏུ་མ་འགྲོ་བར་གཏན་གྱི་བདེ་བ་བསྒྲུབ་པའི་ཆོས་གཤའ་མ་ཞིག་ཨེ་ཡོང་ལྟོས”ཞེས་པ་འདི་ཁོང་གིས་ང་ཚོར་གསུངས་པའི་སྐབས་དེའི་བཀའ་སློབ་གཙོ་བོ་རེད། དེ་རྗེས་སྟོང་ལོ་བཅུ་དྲུག་པར་དུ་ཁོང་ལ་མཇལ་རྒྱུའི་གོ་སྐབས་མ་ལྡན། ཉིས་སྟོང་བཅུ་དྲུག་ལོར་གྲུབ་ཆེན་རིན་པོ་ཆེ་ཨ་རིར་ཕེབས་ཡོད་པའི་གནས་ཚུལ་ཞིག་དྲྭ་ཐོག་ནས་མཐོང་། གནས་ཚུལ་དེ་བདེན་མིན་གྲུབ་ཆེན་དྲྭ་ལམ་བརྒྱུད་དྲི་རྩད་བྱས་པར་བླ་མ་ཆོས་ཚོགས་སུ་ཕེབས་ཡོད་ནའང་། ཕེབས་བཞུགས་ཀྱི་མཛད་འཆར་ཅི་ཡོད་སུ་ལའང་མི་གསལ་བས་གློ་བུར་བ་ཡིན་པ་དང་། སྐབས་རེར་གཏན་ཁེལ་ཟིན་པའི་མཛད་འཆར་ལའང་འགྱུར་ལྡོག་འགྲོ་སྲིད་པ་རེད་ཅེས་དང་། བླ་མ་ཁོང་ནི་ཆོས་དང་དམ་ཚིག་གི་འབྲེལ་ལམ་ཟབ་པའི་སློབ་མ་ཁ་ཞེ་གཉིས་མེད་ཀྱིས་ཆོས་དོན་དུ་གཉེར་མཁན་ཞིག་ལས་སློབ་ཚོགས་ཆེན་པོ་འདུ་སྐོང་ལ་ཐུགས་མི་དགྱེས་པ་དང་། ཆོས་ཚོགས་དེར་འདུ་བའི་སློབ་མ་ཕལ་ཆེར་ཁོང་གིས་བསྐྱངས་ཏེ་མི་ལོ་བཅོ་ལྔ་ཉི་ཤུ་སོང་བ་རྐྱང་རྐྱང་ཡིན་ནོ་ཟེར། ངས་གློ་བུར་དུ་རང་ཉིད་བོད་ན་ཡོད་དུས་ཀྱི་གནས་ཚུལ་འགའ་ཞིག་སེམས་ནང་དྲན། དེ་ནི་བརྒྱ་ཅུ་གྱ་གྲངས་ཀྱི་ནང༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བོད་དུ་ཆིབས་བསྒྱུར་གནང་ཡོད་སྐབས། རྡོ་གྲུབ་ཆེན་ཡང་ཕ་ཡུལ་དུ་ཆིབས་བསྒྱུར་གནང་སྟེ་མདོ་སྨད་ཕྱོགས་སུ་བླ་ཆེན་གཉིས་ཀྱིས་མཛད་འཕྲིན་སྐྱོང་བཞིན་པའི་སྒང་ཞིག་རེད། དེ་དུས་ཀིརྟིའི་དགོན་དུ་ཕྱོགས་ཕེབས་ཀྱི་མཇལ་བཅར་བ་སྟོང་ཕྲག་མང་བོ་འཚང་ཁ་ཤིག་ཤིག་བྱེད། ༧སྐྱབས་རྗེ་རྡོ་གྲུབ་ཆེན་དཔལ་ཡུལ་དར་ཐང་དགོན་དང་། སྟག་ལུང་དགོན་སོགས་རྙིང་མའི་ཆོས་སྡེ་ཁག་གིས་གདན་འདྲེན་ཞུས་ཏེ་རྔ་རྫོང་དང་ས་ཁད་ཉེ་བའི་གཅིག་སྒྲིལ་རྫོང་དུ་བཞུགས་བསྡད་ཡོད་པ་དང་། གཅིག་སྒྲིལ་ནས་མདོ་མཁྱེན་བརྩེའི་གདན་ས་དབལ་ཤུལ་རྨེ་བ་དགོན་ཆེན་གྱི་ནང་ཆིབས་བསྒྱུར་བསྐྱང་གི་ཡོད་པ་གོ་ཐོས་བྱུང་ཞིང་། གསོལ་བ་བཏབ་པ་ལྟར་ཕེབས་ལམ་ནས་ཀིརྟིའི་དགོན་གྱི་ང་ཚོའི་གྲྭ་ཤག་ཏུའང་འཁྱུགས་ཙམ་ཆིབས་བསྒྱུར་གནང་རྒྱུའི་ཞལ་བཞེས་ཐོབ་སྟབས། ང་ཚོས་གྲྭ་སྒྲིག་གང་ཡོང་བྱས་ཏེ་སྒུག་བསྡད་ཡོད་སྐབས། ༧རྡོ་གྲུབ་རིན་པོ་ཆེས་ད་ལྟ་ཀིརྟིའི་དགོན་དུ་མི་ཚོགས་ཤིན་ཏུ་ཆེན་པོ་འདུས་ཡོད་ཚུལ་གོ་ཐོས་བྱུང་བས། ཁོང་ཕེབས་རྒྱུར་སྟབས་ཀ་མི་བདེ་བའི་གསུང་འཕྲིན་འབྱོར་ཞིང་། ཕེབས་འཁོར་རྫོང་ཐོག་ཏུའང་མ་བསྡད་པར་ཐད་ཀར་རྨེ་བའི་ཕྱོགས་སུ་ཕེབས་ཟིན་པའི་གནས་ཚུལ་ཐོས་པས། ང་ཚོ་ཚང་མ་བློ་ཤིན་ཏུ་ཕམ་སྟེ་མིག་ཆུ་བཏང་བའི་ངང་ཚུལ་དེ་དྲན་བྱུང་། གུས་པ་ལོ་ན་ཆུང་དུས་ངེད་ཚང་གི་ཨ་ཁུ་དམ་པ་རྡོ་གྲུབ་མཁན་པོ་བློ་བཟང་ཚུལ་ཁྲིམས་ཀྱི་མཆོད་དྲྭ་དང་། དབུ་སྔས་ན་ཡོད་པའི་པར་སྒྲོམ་རྙིང་བ་དེའི་ནང་མཇལ་ཚེ་སྣང་བ་རང་བཞིན་གྱིས་འགྱུར་འགྲོ་བའི་བླ་མ་སྐུ་གཞོན་གཉིས་ཀྱི་འདྲ་པར་བཞུགས། ཁུ་བོ་མཆོག་གིས་བླ་མ་དེ་གཉིས་ཀྱི་རྣམ་ཐར་ཡང་ཡང་གསུངས་ཀྱི་ཡོད། བླ་མ་གཅིག་ནི་རྡོ་གྲུབ་སྤྲུལ་སྐུ་ཐུབ་པ་ཚང་དང་། གཞན་པ་དེ་ནི་རྡོ་གྲུབ་ཆེན་སྤྲུལ་སྐུ་རིག་ལོ་ཞེས་པ་དེ་ཡིན་པ་དང་། སྤྲུལ་སྐུ་རིག་ལོ་ནི་རིག་འཛིན་འཇའ་ལུས་རྡོ་རྗེ་ཞེས་རྫོགས་པ་ཆེན་པོ་ཆོས་ཉིད་ཟད་སའི་རྒྱལ་ཁམས་ན་བཞུགས་པའི་གྲུབ་པའི་དབང་ཕྱུག་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་འདུག་ལ། རྒྱ་མི་བོད་དུ་སླེབས་རྗེས་ཁྲིམས་སྒོར་ཚུད་དེ་བརྙས་བཅོས་ཚད་མེད་བྱས་ཡོད་ནའང་། རྐང་ལྕག ལག་ལྕག བཙོན་ཁང་སོགས་གང་གིས་ཀྱང་མི་ཁོག་པར་སྐུ་ལུས་ཟང་ཐལ་དུ་བཞུགས་པས། ཁྲིམས་ཁང་གིས་ཀྱང་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་སྟངས་འཛིན་བྱེད་མ་ཐུབ། ཁྲིམས་རོགས་བླ་གྲྭ་མཁན་གསུམ་མང་དུ་བཞུགས་པ་རྣམས་ངོ་མཚར་དང་དད་གུས་གཡོ་མེད་སྐྱེས་ཏེ་ཁྲིམས་ཁང་ནས་ཁོང་བླ་མར་བསྟེན་མྱོང་བའི་ལོ་རྒྱུས་ཀུན་ལ་རླུང་ལྟར་གྲགས་པ་ཞིག་ཡིན། ཁོང་གི་སྐུ་དུས་སུ་བླ་བྲང་དགོན་པར་གྲུབ་དགོན་གྱི་གྲྭ་རིགས་མང་བོ་ཁྲིད་ནས་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་སློབ་སྦྱོང་བྱེད་པར་ཕེབས་མྱོང་བ་དང་། བྱང་ཉི་མ་བླ་བྲང་གིས་ཀྱང་ཀུན་མཁྱེན་སྐུ་ཕྲེང་ལྔ་བ་སྐུ་གཤེགས་ཁར་རྣམ་ཐར་འདིའི་བདག་པོ་ཨ་ལགས་ཤིག་ལྷོ་རྒྱུད་ནས་ཡོང་ཚེ་དེ་ལ་གཏོད་ཅེས་བཀའ་ཆེམས་གནང་ཡོད་པ་ལྟར། རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ཡོངས་རྫོགས་འཁྲབ་ཁྲིད་གནང་སྟེ་བླ་བྲང་གི་གྲྭ་རིགས་འཁྲབ་སྟོན་པ་ཡག་ཤོས་གསུམ་ཡང་གྲྭ་འབུལ་ཞུས་ཡོད་པ་དང་། གྲྭ་རིགས་དེ་གསུམ་ལས་གཅིག་གི་མིང་ལ་ཨ་ཁུ་རས་ཕྲུག་ལྷུན་གྲུབ་ཅེས་གསུང་སྐད་ཤིན་ཏུ་སྙན་མོ་ཅན་ཞིག་ཡོད་པ། ཆོས་སྒོ་སླར་ཕྱེ་སྐབས་རྔ་ཡུལ་ཀིརྟིའི་དགོན་དུ་བཞུགས་ཤིང་། ཁོང་ངའི་ཁུ་བོའི་གཟིམས་ཁང་དུ་ཡང་ཡང་ཕེབས་ཏེ་རྡོ་གྲུབ་དགོན་པའི་འདས་དོན་ཐད་བཀའ་མོལ་མང་བོ་བྱེད། རྡོ་གྲུབ་ཆེན་མཆོག་སྤྲུལ་རྣམ་གཉིས་ཀྱི་རྣམ་ཐར་གླེང་སྐབས་དད་པས་མཆི་མ་ཡང་ཡང་བསྐུ་ངེས་ཤིག་ཡོད་པ་ཕྲན་གྱིས་ཀྱང་དངོས་སུ་མཐོང་མྱོང་། རྡོ་གྲུབ་རིག་འཛིན་འཇའ་ལུས་རྡོ་རྗེ་ཚང་བླ་བྲང་དུ་ཕེབས་སྐབས། བླ་བྲང་དགོན་པའི་སྔགས་གྲྭ་གཙོ་བོར་གྱུར་པའི་འདུས་སྡེ་རྣམས་ལ་སྙིང་ཐིག་གི་དབང་ལུང་སྩལ་ཅིང་། རྟེན་བཞེངས་དང་སྙིང་ཐིག་གི་ཕྱག་བཞེས་སྤེལ་བའི་རྒྱུན་ད་ལྟའང་བཞུགས་ཞེས་ལོ་རྒྱུས་འགའ་རེ་ན་གསུངས་འདུག དེ་བཞིན་རྡོ་གྲུབ་སྤྲུལ་སྐུ་ཐུབ་པ་ཚང་དང་ཁོང་དཔོན་གཡོག་གཡུ་ཁོག་བྱ་བྲལ་པ་ཆོས་དབྱིངས་རང་གྲོལ་ལ་གཏུགས་ཚུལ། རྒྱ་ཡུལ་ཁྲི་འདུ་སོགས་སུ་སྟོན་འཁོར་མཉམ་པོར་ཕེབས་མྱོང་བའི་ངོ་མཚར་བའི་ལོ་རྒྱུས་སོགས། སྐུ་ན་ཕྲ་མོའི་གནས་སྐབས་ཀྱི་ཁོང་རྣམ་པ་ལྷན་རྒྱས་མཉམ་ཕེབས་མཉམ་བཞུགས་གནང་མྱོང་བའི་གནའ་གཏམ་ཉན་སྤྲོ་བོ་དག་གིས་ངའི་བྱིས་དུས་ཀྱི་སྣང་བ་མུ་མེད་ཀྱི་མཁའ་དབྱིངས་སུ་འཕུར་དུ་བཅུགས། གུས་པས་ད་ལྟ་བཞུགས་བཞིན་པའི་རྡོ་གྲུབ་ཆེན་རིན་པོ་ཆེར་མཇལ་སྐབས། རྡོ་གྲུབ་སྐུ་ཕྲེང་དང་པོ་འཇིགས་མེད་འཕྲིན་ལས་འོད་ཟེར་མཆོག་ཀུན་མཁྱེན་འཇིགས་མེད་གླིང་བར་མཇལ་ཏེ་ཁོང་ཡབ་སྲས་ཀྱིས་སེམས་ཁམས་འཇིག་རྟེན་གྱི་ཕ་རོལ་ནས་གནང་བའི་འོད་གསལ་གསང་བ་སྙིང་བོའི་བཀའ་མོལ་རྣམས་རྟོག་ངོར་དྲངས་ཡོང་ལ། རྡོ་གྲུབ་རྒན་གྱིས་དུས་གསུམ་གསལ་གཟིགས་ཀྱི་ལུང་བསྟན་ཆེན་མོ་དང་། ཁོང་གིས་བསྐྲུན་མྱོང་བའི་གསེར་རིའི་ཕྲེང་བ་ལྟ་བུའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱང་ཡིད་ངོར་ཤར་ཡོང་། གཏེར་ཆེན་བདུད་འཇོམས་གླིང་བའི་གདུང་སྲས་རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ་ཚང་གིས་གསར་རྙིང་རིས་མེད་ཀྱི་མཁས་གྲུབ་མང་བོ་བླ་མར་བསྟེན་ཏེ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ངང་ནས་རྒྱལ་བའི་བསྟན་པ་བཀའ་དགོངས་འགྲེལ་དང་བཅས་པར་མཁྱེན་རབ་ཀྱི་དགོངས་པའི་ཕུ་ཐག་ནང་ནས་ཆོད་དེ་གསར་རྙིང་གཉིས་བཤད་པ་མི་གཅིག་ཀྱང་ལྟ་དགོངས་གཞི་གཅིག་ཏུ་བབ་པའི་གནས་ལུགས་རྣམས་རྩལ་དུ་བཏོན་ནས་གསུང་བའི་ལེགས་བཤད་གསེར་ནག་གི་ཐིག་པ་ལྟ་བུ་མང་དུ་བཞུགས་པ་རྣམས་ཀྱང་ཡིད་ལ་དྲན་ཞིང་། ༧དུས་ཀྱི་སྟོན་པ་ཆེན་པོ་༧གོང་ས་རྒྱལ་བའི་དབང་བོས་ཀྱང་ཆོས་བརྒྱུད་རིས་མེད་དང་། བོད་པ་མཐུན་བསྒྲིལ་གྱི་གཞི་རྩ་ལྟ་བུར་གྱུར་པའི་ཁོང་གི་ལེགས་བཤད་རྣམས་ལ་བསྔགས་བརྗོད་ཀྱི་མེ་ཏོག་ལན་གྲངས་དུ་མར་འཐོར་བའི་ངང་ཚུལ་རྣམས་ཀྱང་ཡིད་ལ་དྲན་འོང་། རྡོ་གྲུབ་ཆེན་ནི་ད་ལྟ་འཚོ་ཞིང་བཞུགས་པའི་ཀློང་ཆེན་སྙིང་ཐིག་གི་བསྟན་པའི་བདག་པོ་གཅིག་པུ་དེ་རེད། ཁོང་ད་ལོ་དགུང་གྲངས༩༢ལ་ཕེབས་ཡོད་ཀྱང་། ཁོང་གི་སྐུ་གཟུགས་ལོ་ཤས་སྔོན་ལ་ལྟོས་ན་སྐུ་ཁམས་ཇེ་ཐང་དང་དགུང་ན་ཇེ་ཆུང་དུ་ཕྱིན་ཡོད་པའི་ངང་ཚུལ་མཇལ་བས་ཕྲན་ནི་དགའ་བ་འབུམ་གྱིས་བརྟས། སྔ་འགྱུར་བཀའ་གཏེར་གཉིས་ཀྱི་བྱིན་རླབས་ཀྱི་ཚ་དྲོད་མ་ཡལ་བའི་བླ་མ་རྩ་ཆེན་འདི་འདྲ་ཞིག་ད་ལྟའང་བཞུགས་ཡོད་པ་ནི། ང་ཚོ་ཅི་འདྲའི་སྐལ་བ་བཟང་བོ་དང་བསོད་ནམས་ཆེན་པོ་ཞིག་མ་རེད་དམ། སྐབས་རེར་རྨི་ལམ་ཡིན་ནམ་བདེན་པ་ཡིན་སྙམ་དུ་ཕྲན་ནི་དྭོགས་པའང་སྐྱེས་སོ། ༧སྐྱབས་མགོན་རྡོ་གྲུབ་རིན་པོ་ཆེ་སྐུ་ཚེ་ཡུན་དུ་བརྟན་ཅིང་སྐུ་ངལ་མང་དུ་གསོ་བའི་གསོལ་བའང་འདེབས་སོ།། བཀྲ་ཤིས་བདེ་ལེགས་བཅས།
ཧ་ཅང་སྙན་པོ་བྱུང་བཀའ་དྲིན་ཆེ།
་་་་་་་་་ མཁས་པའི་དབང་པོ་སྙན་དགོན་སྤྲུལ་སྐུ་གསུང་རབ་རྒྱ་མཚོས་དགེ་ལུགས་སྨོན་ལམ་ཆེན་མོའི་གསུང་ཆོས་ཀྱི་སྐབས་སུ་སྔགས་གསར་མ་སང་ལ་གུང་ཐང་བསྟན་པའི་སྒྲོན་མའི་གསུང་རྩོམ་གྱི་སྙན་ཞིག་མེད། སྔགས་རྙིང་མ་ཚང་ལ་རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མའི་གསུང་རྩོམ་གྱི་སྙན་ཞིག་མེད་ཅེས་ཁྲོམ་བསྒྲགས་ལྟ་བུ་གནང་མྱོང་ཡོད་པ་བླ་གྲྭ་རྒན་པ་ཚོའི་ཞལ་ལས་ཕྲན་གྱིས་དངོས་སུ་ཐོས་མྱོང་ལ། ་་་་་་་་་་་
ཕན་བདེའི་འབྱུང་གནས་བསྟན་པ་དར་ཤིང་རྒྱས། །
བསྟན་འཛིན་སྐྱེས་བུ་ཐམས་ཅད་སྐུ་ཁམས་བཟང་། །
ལུས་ཅན་ཀུན་ལ་བདེ་སྐྱིད་འབྱུང་བའི་གནས། །
སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
་
སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
བླ་མ་འདི་བའི་མཚན་སྙན་སྔར་ནས་གོ་མྱོང་ཡོད་ཀྱང་ད་བར་དུ་མཇལ་བའི་སྐལ་བ་མ་ལྡན། ནམ་ཞིག་མཇལ་བ་ཙམ་དུ་མ་ཟད་གདམས་ངག་ཞུ་རྒྱུའི་གོ་སྐབས་ཀྱང་འཐོབ་པའི་རེ་བ་ཡོད།
ཡིག་པོ་བྲིག་འདུག་པས་ཡོངས་རྫོགས་བཀླགས་ཟིན།འབྲས་ལྗོངས་ན་བཞུགས་པའི་རྡོ་གྲུབ་ཧ་གོ་གི་ཡོད། ཁོང་ལ་འབྲས་ལྗོངས་ན་དགོན་པ་ཞིག་ཀྱང་ཡོད། ཕལ་ཆེར་འབྲུག་པ་ཡིན། རྡོ་གྲུབ་ཁོང་རྒྱལ་བ་རིན་པོ་ཆེ་ལ་མཇལ་བར་མི་སྤྲོ་བ་ཞིག་ཡིན། ༧གོང་ས་མཆོག་འབྲས་ལྗོངས་ལ་ཕེབས་ནས་རིག་འཛིན་གདོང་སྒྲུབ་ཀྱི་དབང་དང་ཀློང་ཆེན་པའི་སེམས་ཉིད་ངལ་གསོའི་བཀའ་ཆོས་གསུང་སྐབས་རྡོ་གྲུབ་ཐེ་ཝེན་པ་བྲོས་ཟིན། ནམ་རྒྱུན་༧གོང་ས་མཆོག་འབྲས་ལྗོངས་ལ་ཕེབས་དུས་རྡོ་གྲུབ་ལགས་པེ་ཅིན་དང་མགོ་ལོག་ལ་བུད་འགྲོ་བ་ཡིན། དེ་ཡང་རྡོ་གྲུབ་ཀྱི་ལོ་རྒྱུས་གལ་ཆེན་ཞིག་ཡིན་པས་རྣམ་ཐར་ནང་ངེས་པར་དུ་བཀོད་དགོས་སྙམ།
བལ་ཡུལ་དུ་གཤེགས་པས། བྱ་བྲལ་རིན་པོ་ཆེས་ཀྱང་། ༸གོང་ས་མཆོག་མ་མཇལ་བ་ཙམ་མ་ཟད། ལྷོ་ཕྱོགས་སུ་རྙིང་དགོན་བཞེང་མཁན་པེ་ནོར་རིན་པོ་ཆེ་ཡིས། བཤད་གྲྭ་བརྩུགས་པར། ཅུང་རམི་བརྙེས་པ་གནང་མཁན་རྙིང་རྒན་རྙིང་དྲི་ཁ་མཁན་བྲལ་ཞིག་ཡིན་པ་ལྟར། རྡོ་གྲུབ་འདི་ཡང་་་་་་ !!! ??? ཡིན་ནམ། རེད་དམ། ལགས།
འོནད་ཀྱང་།
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །
རྡོ་རྗེ་གདུང་བཞི།
ཧ་ལས་པ་བྲིས་འདུག བཀའ་དྲིན་ཆེ། ངའི་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་ཞུ་སའི་བླ་མ་རྩ་ཆེན་ཟིག་ཡིན།
ཀླུ་སྨྱོན་ལགས། ཁྱེད་དངོས་གནས་སྤྲུལ་སྐུ་བསོད་ནམས་ཅན་ཞིག་རེད། བླ་མ་རྩ་ཆེན་མང་བོ་ཞིག་ལ་འཕྲད་བསྡད་འདུག མ་ཟད་གྲུབ་མཐའ་རིས་མེད་ལའང་དག་སྣང་འབྱུང་གིན་ཡོད་པ་འདྲ། དངོས་གནས་རྗེས་སུ་ཡི་རངས་ཡོད། བཀའ་དྲིན་ཆེ། རྡོ་རྗེའི་གདོང་བཞི་ཞེས་པ་ངས་རྡོ་རྗེའི་གདུང་བཞིར་བཅོས་ཡོད། ཀློང་ཆེན་སྙིང་ཐིག་འདི་རྡོ་གྲུབ་ཆེན་ལ་ལྷག་པར་བརྒྱུད་ཐག་ཉེ་བས་བླ་མ་བརྒྱུད་པའི་བྱིན་རླབས་ཐུན་མོང་མ་ཡིན་པར་ཡོད་པར་ཐག་གིས་ཆོད། བསོད་ནམས་ཆེ།
དགེ་འདུན་ལགས། རྡོ་གྲུབ་ཆེན་ཚང༧རྒྱལ་བ་རིན་པོ་ཆེ་ལ་དད་གུས་ཆེན་པོ་རེད། བོད་གངས་ཅན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ་དང་། ༧རྒྱལ་བ་རིན་པོ་ཆེ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པས་ཁོང་ལ་སྒྲོ་སྐུར་བྱས་ན་ལས་ངན་ཚབས་ཆེན་གསོག་པའི་རྒྱུར་འགྲོ་ཞེས། ༧རྒྱལ་བའི་ཞབས་འབྲང་དུ་དོན་གྱིས་ལང་ཡོད་པའི་བླ་ཆེན་ཞིག་ཡིན་པས། དེའི་ཐད་ཕྲན་ལ་བློ་དྭོགས་ཅིའང་མེད། དེ་བས་ཉིད་ཐུགས་བདེ་བར་མཛོད།
ཕེབས་མཁན་ཚང་མ་ལ་བཀའ་དྲིན་ཆེ་ཞེས་ཞུས་པ་ལགས།
སྐྱེས་ཆེན་དམ་པ་འདི་རིགས་ཀྱི་མདུན་ནས་ཆོས་ཞུ་མཁན་ཕལ་མོ་ཆེ་ནི་དད་སྟོབས་ཀྱིས་དྲངས་སོང་བ་ལོས་ཡིན་ཏེ། འགའ་ཞིག་ནི་གྲགས་འདོད་ཀྱིས་དེད་སོང་བའང་འདུག་གོ
རྔ་བ་རྒྱལ་ཁམས་པ་ལགས།
ཉིད་ཀྱི་འདིར་བྲིས་པ་ཕལ་ཆེ་བ་བདེན་པར་ངེས། འོན་ཀྱང་སྐུ་ཕྲེང་འདི་པའི་ལྐོག་འགྱུར་གྱི་སྤྱོད་པ་འགའ་རྟོགས་པར་དཀའ། གོང་དུ་དགེ་འདུན་གྱིས་བྲིས་པ་བཞིན། རྡོ་གྲུབ་ཆེན་མཆོག་གིས། ཁོང་གི་སྐུ་མདུན་ནས་ཆོས་འབྲེལ་ཞུ་མཁན་ཚང་མར་༧གོང་ས་མཆོག་དང་ཆོས་འབྲེལ་ཞུ་མི་ཆོག་པའི་བཀའ་རྒྱ་རྟག་ཏུ་ཡོད་པ་ཐོས། དེའི་སྐོར་ལ། རྒྱ་རིགས་ཆོས་ཞུ་བ་ཚོའི་ངག་རྒྱུན་དུ་ཡོད་པས། ཉིད་ནས་འབྲེལ་ཡོད་ཀྱི་བླ་མ་ཚོར་བཀའ་འདྲི་གནང་རོགས།
རྒྱུ་མཚན་གསལ་པོ་མི་ཤེས།
རྙིང་མའི་སྙིང་ཐིག་རྩ་ཆེན་པོ་ཡིན་མིན་ལ། རྩོད་པ་མེད་ཀྱང་། རྙིང་ཁུངས་སུ་གཏོགས་ཕྱི་རྒྱལ་དུ་བཞུགས་མཁན་བསོད་རྒྱལ་རིན་པོ་ཆེ་དང་། ས་སྐྱོང་རིན་པོ་ཆེ་སོགས་ཀྱིས། ཞབས་འདྲེན་ཞུ་བཞིན་པ་ནི། མིག་མཐོང་ལག་ཟིན་དུ་གྱུར་འདུག་པས། རྒྱུ་མཚན་ཅི་ཡིན་ནམ། ལགས།། །།
་་་་་་ བྱ་བྲལ་རིན་པོ་ཆེས་ཀྱང་། ༸གོང་ས་མཆོག་མ་མཇལ་བ་ཙམ་མ་ཟད། ལྷོ་ཕྱོགས་སུ་རྙིང་དགོན་བཞེང་མཁན་པེ་ནོར་རིན་པོ་ཆེ་ཡིས། བཤད་གྲྭ་བརྩུགས་པར། ཅུང་རམི་བརྙེས་པ་གནང་མཁན་རྙིང་རྒན་རྙིང་དྲི་ཁ་མཁན་བྲལ་ཞིག་ཡིན་པ་ལྟར། ་་་་་་་
འདི།
་་་་་་ བྱ་བྲལ་རིན་པོ་ཆེས་ཀྱང་། ༸གོང་ས་མཆོག་མ་མཇལ་བ་ཙམ་མ་ཟད། ལྷོ་ཕྱོགས་སུ་རྙིང་དགོན་བཞེང་མཁན་པེ་ནོར་རིན་པོ་ཆེ་ཡིས། བཤད་གྲྭ་བཙུགས་པར། ཅུང་མི་མཉེས་པ་གནང་མཁན་རྙིང་རྒན་རྙིང་དྲི་མ་ཁ་མཁན་བྲལ་ཞིག་ཡིན་པ་ལྟར། ་་་་་་
་
ལ་བཅོས་པའོ།།
རྔ་བ་རྒྱལ་ཁམས་པ་ལེགས་ཀྱིས་བྲིས་རྩོམ་ལས། རྡོ་གྲུབ་ཆེན་མཆོག་གི་སྐོར་ཡ་མཚན་པ་མང་དུ་ཤེས།
ཕལ་ཆེར་ལོ་ངོ་དྲུག་ཅུ་རེ་གྲངས་གོང་དུ། རྡོ་གྲུབ་ཆེན་མཆོག་གི་དཔེ་ཆ་འགའ་སྤར་སྐྲུན་བྱེད་པར་ཝཱ་རཱ་ཎ་སཱིར་གྲྭ་པ་ཞིག་འོངས་པ་བདག་གི་ཁྱིམ་མཚེས་ལ་གནས་ཚང་ལ་ཡོད་པ་དྲན་ནོ།
རྡོ་གྲུབ་ཆེན་གྱི་༸སྐུ་ཕྲེང་ག་ཚོད་ཡོད་དམ། རྡོ་གྲུབ་ཆེན་གང་གི་དཔེ་ཆ་སྤར་སྐྲུན་སྐོར་གསུང་བགྱིད་ཡོད་དམ། ལགས།
དྲྭ་གྲོགས་བསམ་ཤེས་ལགས། ངས་དེ་རིང་མ་གཏོགས་ཉིད་ཀྱི་མཆན་ལ་ལན་འདེབས་མ་ཐུབ་པས་དགོངས་དག་ཞུ། ངའི་གྲུབ་ཆེན་དྲྭ་ལམ་བརྒྱུད་ཆོས་ཚོགས་དེ་ཉིད་ཀྱི་བཅའ་ཡིག་ཅིག་མཇལ་སོང་བའི་ཐོག་བཀོད་པ་ལྟར་ན། རྡོ་གྲུབ་ཆེན་གྱི་སློབ་མ་ཚོ་བླ་མ་གཞན་གྱི་སློབ་མ་མ་ཡིན་པ་ཞིག་ངེས་པར་དགོས། ཞེས་དང་། ཆོས་ཚོགས་འདི་ཀློང་ཆེན་སྙིང་ཐིག་ཁོ་ན་སློབ་གཉེར་བྱེད་སའི་ཚོགས་པ་ཞིག་ཡིན་པས། འདིའི་ནང་ཀློང་ཆེན་སྙིང་ཐིག་གི་ལྷ་སྲུང་ཁོ་ན་ལས་ལྷ་སྲུང་གཞན་བསྟེན་གསོལ་བྱེད་མི་ཆོག་པ་དང་། ཁོང་གིས་ཆོག་མཆན་མ་ཐོབ་པའི་བླ་མ་སུ་གང་ཡང་ཁྱབ་བསྒྲགས་བྱ་མི་ཆོག་ཅེས་བཀོད་འདུག དེ་ལ་བལྟས་ན་རྡོ་གྲུབ་ཆེན་ནི་ཁོང་གི་དགོངས་ངོར་བཞུགས་པའི་ལམ་ཁ་གཅིག་གི་ཐོག་ཕེབས་ཀྱིན་ཡོད་པ་གསལ་བོར་རེད་ལགས། འོན་ཏེ་རྡོ་གྲུབ་ཆེན༧རྒྱལ་བ་ལ་གུས་བཀུར་མི་གནང་བའམ། ཡང་ན། ༧རྒྱལ་བའི་ཁ་ཐད་དུ་བཞུགས་མཁན་གྱི་བླ་མ་དེ་ཚོའི་གྲས་མིན་པ་ངས་གསལ་བོར་ཧ་གོ་ཡོད་ལགས། འབྲས་ལྗོངས་དུས་དབང་སྐབས༧རྡོ་གྲུབ་ཆེན་འབྲུག་ལ་ཕེབས་ཡོད་པ་བདེན་པ་རེད། སྐབས་དེར༧རྒྱལ་བ་གློ་བུར་དུ་༧རྡོ་གྲུབ་ཆེན་གྱི་ཆོས་སྒོར་དུ་ཕེབས་ཡོད་པ་དང་། ཁོང་རྡོ་གྲུབ་ཀྱི་གཟིམས་ཁང་དུ་ཕེབས་པ་མ་ཟད་གཟིམས་ཁྲིའི་ནང་དུའང་བཞུགས་ཡོད་པའི་གནས་ཚུལ་ཞིག་ཀྱང་གོ་ཐོས་བྱུང་བ་ལགས། ངས་ཤེས་རྟོགས་བྱུང་བ་ཞིག་ནི་༧རྡོ་གྲུབ་ཆེན་ཆོས་ལ་རྩིས་ཐང་ཤིན་ཏུ་ཆེན་པོ་རེད། ཁོང་བླ་མ་ཡིན་ཚད་ལས་ཆོས་ཞུ་བ་དང་སློབ་མ་ཡིན་ཚད་ལ་ཆོས་གསུང་མཁན་ཞིག་ཀྱང་མ་རེད་བསམ། དེ་བཞིན་ཁོང་ནི་ཆོས་ཁོ་ན་ལས་སྲིད་ལ་ཐུགས་སྣང་ཡོད་མཁན་ཞིག་མ་རེད། དེ་ཁོང་གི་བཞེངས་ཕྱོགས་ཤིག་ཡིན་པ་འདྲ། ཉེ་བའི་ཆར་ཁོང་གིས་སྙིང་མའི་དབུ་འཛིན་གྱི་མཚན་གནས་ཀྱང་ཞལ་བཞེས་གནང་མེད་པ་ཡོངས་གྲགས་རེད། གཤམ་དུ་བཅའ་ཡིག་དེའི་འབྲེལ་ཐག་ཅིག་བཞག་ཡོད https://www.mahasiddha.org/downloads/Mahasiddha-Handbook.pdf
་་་་་་་་་ ཆོས་ཚོགས་འདི་ཀློང་ཆེན་སྙིང་ཐིག་ཁོ་ན་སློབ་གཉེར་བྱེད་སའི་ཚོགས་པ་ཞིག་ཡིན་པས། འདིའི་ནང་ཀློང་ཆེན་སྙིང་ཐིག་གི་ལྷ་སྲུང་ཁོ་ན་ལས་ལྷ་སྲུང་གཞན་བསྟེན་གསོལ་བྱེད་མི་ཆོག་པ་དང་། ཁོང་གིས་ཆོག་མཆན་མ་ཐོབ་པའི་བླ་མ་སུ་གང་ཡང་ཁྱབ་བསྒྲགས་བྱ་མི་ཆོག་ཅེས་བཀོད་འདུག ་་་་་་་ ཟེར།
ཧཧཧ།། last green brain lama also exist ha ha ! ?
དགེ་འདུན་ལགས། སྐྱབས་རྗེ་རྡོ་གྲུབ་ཆེན་ཞུས་ས་དེ་སྲིད་ཀྱི་ལས་དོན་ཐུགས་མི་མཉེས་པ་ཞིག་ཡིན། གཞན་གྱི་ཆོས་ལ་བགྲོ་བཀུར་ག་ལ་ཡོད། སྔ་འགྱུརརྫོགས་ཆེན་པའི་བླ་རྒྱུད་སྨོན་གྲོལ་གྱི་མཛད་པ་བསྲེ་སླད་མེད་པ་གཙང་མ་ཅན་ཞིག་ཡིན། ཁོང་༧ གོང་ས་མཆོག་ལ་དད་གུས་ཅན་ཡིན་རེད་ལ་། གོང་ས་མཆོག་ཀྱང་ཁོང་ལ་དད་གུས་མཉེས་པོ་གནང་ས་ཞིག་ཡིན། འོན་ཀྱང་དེང་སང་ཆོས་བརྒྱད་ཆོས་སྲིད་ཟུང་འབྲེལ་རྣམ་འགྱུར་དེ་གནང་མེད་པ་གཞིར་བཞག་རེད། དེ་ལྟས་ཁོང་གིས་གོང་ས་བཀའ་ལྟར་་་་ལྷ་ཁང་་་རྒྱས་སྤྲོ་མ་གནང་གསུང་བ་བཞིན་ཁིང་གི་ལྷ་ཁང་་་ནི་ཚོགས་ཁང་ཞིག་ཡིན་པ་ལས་་་དེང་སང་བླ་ཆེན་གཞན་ལྟ་བུ་མ་རེད། གོང་ས་མཆོག་གིས་་བསྟན་པ་བཤད་སྒྲུབ་ལས་གསུམ་སྤེལ་གསུང་དུས་ཁོང་གིདབཤད་སྒྲུབ་མཛད་འདུས་སྡེ་སྟོང་ཚོ་ལྷག་གིས་ཆོས་ཉམས་བཞེས་ཡིད། དོན་ངོ་གོང་ས་མཆོག་བཀའ་བརྩི་མཁན་ཁོང་ལས་ལྷག་པ་སུ་མེད། དོན་མེད་བགྲོ་བཀུར་མ་ཞུས་ལེགས་་གོང་ས་མཆོག་ལ་དད་པ་ཡོད་ན་རྡོ་གྲུབ་ཆེན་ཡང་ཐུགས་མཉེས་བཞིན་འདུག
རང་ལྟ་མཆོག་འཛིན་དང་། ལྟ་བ་མཁྲེགས་འཛིན་པ། དེང་སང་གི་མིས་བཤད་སྟངས་བྱས་ན།
ཆོས་ལུགས་རྙིང་ཞེན་རིང་ལུགས་པ་དང་། ཆོས་ལུགས་ཐད་སྤྱོད་རིང་ལུགས་པ།
སོགས་ཀྱི་རྗེས་སུ་མི་འབྲངས་པར་ཆོས་བརྒྱུད་ཕན་ཚུན་ལ་དག་སྣང་སྦྱངས་དགོསཔ་དེ་ཡང་གལ་ཆེན་པོ་རེད།
དགེ་འདུན་ལགས། ཆོས་བརྒྱུད་ཕན་ཚུན་ལ་དག་སྣང་དང་། ལྟ་བ་མཉམ་གནས་ལ་བརྩི་བཀུར་ནི་ཆོས་འཇིག་གང་གི་ཐད་ནས་ཀྱང་གལ་ཆེན་པོ་རེད་འདོད།
བླ་མ་ཡོད་ཚད་ཀྱི་དྲུང་ནས་ཆོས་ཞུས་ནས་ཉམས་ལེན་གཅིག་ཀྱང་མི་བྱེད་པ་འདི་ཚོ་དངོས་གནས་སྙིང་རྗེའི་ཡུལ་རེད། བོད་པ་ལ་གོམས་གཤིས་ངན་པ་ཞིག་ཡོད་པའང་འདི་རེད། བླ་མ་རྩ་ཆེན་ཞིག་གིས་གསུང་ཆོས་ཡོད་དུས་སྦྲང་མ་ཤ་ལ་རུབ་པ་བཞིན་འདུས། གསུང་ཆོས་གྲོལ་རྗེས་གཅིག་ཀྱང་མེད་པར་བརྗེད་འགྲོ་བ་རེད། འདི་ནི་པོད་པའི་གོམས་གཤིས་རེད། ངེད་ཀྱི་གྲོགས་པོ་དགེ་བཤེས་ཁ་ཅིག་ནི་༧ གོང་ས་་མཆོག་གི་གསུང་ཆོས་ཐག་རིང་ཐུང་གང་དུ་གསུངས་ཀྱང་གཅིག་ཀྱང་མ་ལུས་པར་འགྲོ་ཀི་རེད། འོན་ཀྱང་ཕར་ལྟོས་ཚོད་ལ་དགེ་བཤེས་འདི་ཚོས་ཉམས་ལེན་ཞིག་བྱེད་ཀྱིན་ཡོད་དམ་མེད་སྙམ་པའི་དོགས་པ་ཞིག་རང་བཞིན་གྱིས་སྟེར། །
ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་ལ་མ་གོམས་པའི་འཚམས་པ་དང་གཅིག བསྐྱེད་རིམ་དང་རྫོགས་རིམ་སྒོམ་མི་ཤེས་པའི་སྒོམ་ཆེན་དང་གཉིས། མོས་གུས་དང་དག་སྣང་གིས་ཕོངས་པའི་རྣལ་འབྱོར་པ་དང་གསུམ་ནི། ཆོས་བརྒྱུད་གང་གི་ཁོངས་སུ་གཏོགས་ན་ཡང་། རྨོངས་དད་ཁོ་ནས་དུས་འདའ་བའི་མི་ཚེའོ།། །།
མི་ཁ་ཤས་ཀྱི་ཀླད་པའི་ནང་དུ་སྐྱོན་ཅི་ཞིག་ཡོད་པ་ཡིན་ནམ། ནམ་ཡིན་ཀྱང་མི་ཞིག་གི་སྐྱོན་རང་འཚལ་གྱིན་འདུག རྡོ་གྲུབ་ཁོང་ལ་སྔ་འགྱུར་ཚང་གི་གསུང་ཆོས་ཡོད་ཚད་ཐོབ་ཟིན་ནས་རང་རྐྱ་འཕར་བའི་ཉམས་ལེན་པ་་ཞིག་ཏུ་གྱུར་ཟིན་པས། ད་ཅི་ཕྱིར་འཇིན་རྟེན་ཆོས་བརྒྱད་ཀྱི་ཆེད་དུ་བླ་མ་ཞིག་གི་མདུན་ནས་གསུང་ཆོས་ཞུས་དགོས་པ་རེད། ང་རང་ཚོར་གསུང་ཆོས་མ་ཐོབ་པའི་དཀའ་ངལ་ཧ་ལམ་མེད་པ་རེད། གསུང་ཆོས་ཐོབ་ནས་ཉམས་ལེན་མ་བྱས་པའི་དཀའ་ངལ་དེ་རེད། རྡོ་གྲུབ་གཅིག་པུ་མ་ཡིན་པར། བྱ་བྲལ་སངས་རྒྱས་རྡོ་རྗེ་ཡང་༸ གོང་ས་མཆོག་གི་གསུང་ཆོས་ལ་ཕེབས་ཀི་མ་རེད་ཟེར་ནས་མི་ཅོལ་ཆུང་འགས་ངུ་སྐད་ཤོར་བ་ཐོས་མྱོང་། བླ་མ་འདི་ཚོས་འཇིག་རྟེན་ཆོས་བརྒྱད་སྤང་ཚར་ཡོད་དུས། ཚུལ་ཆོས་ཙམ་གྱིས་ཆེད་དུ་ངོ་སྲུང་གཏན་ནས་བྱེད་མི་སྲིད་པ་ཞིག་རེད། དེ་ནི་ཤིན་ཏུ་ནས་སྔགས་འོས་པ་ཞིག་ཀྱང་རེད་སྙམ། །
སྐུ་ཚུལ་ཆོས་ཀྱིས་མ་གོས། །གསུང་ལྐོག་གཏམ་གྱིས་མ་ལྷད། །ཐུགས་རེ་དོགས་ཀྱི་མ་གྲིབ། །སྔ་འགྱུར་གངས་རིའི་གསེབ་ན་བྱ་བྲལ་སེངྒེ་དཀར་མོ་རང་ཚུགས་ཐུབ་བཞིན་བཞུགས་པ་ངོ་རེ་མཚར། །
བོད་སྤྱི་ལ་མི་ཕན་པའི་བླ་མ་དེ་དག་སེམས་ཅན་ཐམས་ཅད་ལ་ག་ནས་ཕན། བོད་སྤྱི་ལ་མི་དགོས་ན། མི་ང་ལ་ཡང་མི་དགོས་པ་ཞིག་ཏུ་མཐོང་ལགས།། །།
དེང་སང་བླ་མའི་བཟང་ངན་མི་རིགས་ཆེ་གེ་མོའི་སྲིད་ལ་གཞོག་འདེགས་བྱས་མ་བྱས་ཀྱིས་འཇལ་བཞིན་འདུག་པ་ནི་ཆོས་ཀྱི་དོན་མ་ཤེས་པས་ལམ་པ་ཡིན་ཏེ། དེས་ན་དེ་དག་གིས་རབ་བྱུང་ན་ལམ་རིམ་གྱི་གཞུང་དང་། དེ་མ་བྱུང་ནའང་རྒྱས་ཀྱི་སྐྱེས་རབས་ལ་མང་ཙམ་ལྟ་བར་རིགས་སོ།
དེང་སང་བླ་མའི་བཟང་ངན་མི་རིགས་ཆེ་གེ་མོའི་སྲིད་ལ་གཞོག་འདེགས་བྱས་མ་བྱས་ཀྱིས་འཇལ་བཞིན་འདུག་པ་ནི་ཆོས་ཀྱི་དོན་མ་ཤེས་པས་ལནཔ་ཡིན་ཏེ། དེས་ན་དེ་དག་གིས་རབ་བྱུང་ན་ལམ་རིམ་གྱི་གཞུང་དང་། དེ་མ་བྱུང་ནའང་སངས་རྒྱས་ཀྱི་སྐྱེས་རབས་ལ་མང་ཙམ་ལྟ་བར་རིགས་སོ།
བཤད་སྟངས་འདི་ཆོས་བརྒྱུད་ཚང་མ་ནང་ལབ་ཡོང་གི
ཆོས་ལུགས་ཀྱི་ཕྱོགས་རིས་དེ་དོན་ན་ནད་ཡམས་ཤིག་རེད།
ནད་ཡམས་དེ་འདི་ལྟར་བགོས་པ་དང་།
འདི་ལྟར་ས་ཁྱབ་རྡོ་ཁྱབ་དུ་གྱུར་བ་རེད།
ཕྱིར་མིག་ཅིག་གཟིགས་ན་ར་ཕྲོད་ངེས་ཡིག
དྲྭ་གྲོགས་ཀརྡོ་ལགས། གཅིག ཆོས་ཀྱི་རྩ་བ་ངེས་འབྱུང་ཡིན་པ་བདེན། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱི་སྐུ་ཚེའི་ནང་རྒྱལ་སྲིད་བཙུན་མོའི་འཁོར་དང་བཅས་པར་རྒྱབ་ཀྱིས་ཕྱོགས་ཏེ་སྲིད་པ་འདི་ལས་བློ་བཟློག་པ་ལས་གསལ་བོར་མཚོན་ཡོད། འོན་ཏེ། དེང་སང་གི་ཆོས་པ་རྣམས་ནི་ཅི་འདྲ་ཡིན་བཤད་ཚོད་མི་ཐུག བླ་བྲང་ཆེན་པོ། འཁོར་ཚོགས་འཁྲུགས་པོ། ཁྲི་སྟན་མཐོན་པོ། གོས་ཆེན་གྱི་བེར། རླངས་འཁོར་སྤུས་ཀ་གང་བཟང་། སྦྱིན་བདག་སྟོབས་འབྱོར་སུ་ཆེ། དགོན་པའི་ལྷ་ཁང་བརྗིད་གང་ཆེ་སོགས། འཁོར་བའི་ནང་གི་བདེ་འབྱོར་གང་ལེགས་ལེགས་ནི་དགོས་ཀྱི་ཡོད་པ་འདྲ། ནང་དགོངས་པའི་མཐོ་དམན་ནི་ཚད་གང་ལ་ཕེབས་ཡོད་མེད་མི་ཤེས་པས་བཏང་སྙོམས་སུ་འཇོག་པ་ཡིན།
གཉིས། དངོས་གནས་བཤད་ན་བསོད་རྒྱལ་རིན་པོ་ཆེ་སྔགས་པ་ཞིག་ལས། བཙུན་པ་དང་སྔགས་པ་གང་ཡིན་ངོ་ཆོད་དཀའ་བའི་བླ་མའི་རིགས་མ་རེད། ཁོང་གི་གོན་པའང་བཙུན་སྡེའི་སྲོལ་རྒྱུན་གྱི་ན་བཟའ་ཞིག་ཕལ་ཆེར་གོན་ཡོད་པ་མཐོང་དཀོན་པོ་ཡིན། དེའི་ཐད་ནས་ཁོང་ཕྱི་གསལ་ནང་གསལ་ལྟ་བུ་ཡིན་པས་དེང་སང་ཆོས་པ་རེ་ཟུང་གི་མཛད་སྤྱོད་ལ་ལྟོས་ན་ང་ནི་དེ་ལ་དེ་ཙམ་གྱིས་ཧང་སང་གི་མེད། དེ་དང་དེ་འདྲ་བ་གྲུབ་མཐའ་གཞན་གྱི་ནང་ནའང་ཡོད་པ་རེད། དཔེར་ན། ཆོས་རྒྱམ་གྲོང་པ་ལྟ་བུ་རེད། དེ་ནི་དོན་དག་ཤིན་ཏུ་ཆེན་པོ་ཞིག་སྟེ། སྔགས་བཙུན་གཉིས་ཀྱི་ཁྱད་པར་ན་བཟའི་ཐོག་ནས་གསལ་བོར་མ་ཕྱེས་ན། ནང་གི་དགོངས་པ་ནི་རྟོགས་ཐབས་བྲལ། དེང་སང་ཕྱི་ལོགས་ན་འཁྲུལ་གཞི་ཆེན་པོ་ཞིག་འགྲོ་བཞིན་པ་དེའི་རྐྱེན་རྩའང་ཕར་གཏུགས་ན་དེ་ལ་ལྟོས་ཚབས་ཆེན་པོ་རེད།
གསུམ། ༧རྡོ་གྲུབ་ཆེན་རིན་པོ་ཆེར་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་འགའ་ཞིག་བགྲང་སྲོལ་འདུག ཡོངས་གྲགས་སྐུ་ཕྲེང་གསུམ་པ་འཇིགས་མེད་པ་བསྟན་པའི་ཉི་མར་སྤྲུལ་སྐུ་གཉིས་བྱུང་ཡོད་པ་ལས། གཅིག་རྒྱའི་བཙོན་ཞབས་ནས་གྲོངས་པ་རིག་འཛིན་འཇའ་ལུས་རྡོ་རྗེ་ཚང་རེད། དེའི་ཡང་སྲིད་ཚུལ་ཕེབས་པ་རྡོ་གྲུབ་སྤྲུལ་སྐུ་ཀློང་ཡངས་ཚང་ད་ལྟ་བོད་ཡུལ་རྡོ་གྲུབ་དགོན་དུ་བཞུགས། དེ་ལྟར་ན་ཁོང་སྐུ་ཕྲེང་ལྔ་བ་དང་། སྤྲུལ་སྐུ་གཞན་པ་དེ་ནི་ད་ལྟའི་རྡོ་གྲུབ་ཆེན་རིན་པོ་ཆེ་བསྟན་འགྲོའི་མགོན་དུ་ད་ལྟ་དགུང་ལོ་གོ་གཉིས་སུ་ཕེབས་ཡོད་པ་ཁོང་རེད། དེ་ལྟར་ན་ཁོང་སྐུ་ཕྲེང་བཞི་བར་བགྲང་དགོས་ཀྱི་ཡོད་པ་འདྲ། སྐུ་ཕྲེང་དང་པོ། འཇིགས་མེད་འཕྲིན་ལས་འོད་ཟེར། གཉིས་པ། འཇིགས་མེད་ཕུན་ཚོགས་འབྱུང་གནས། གསུམ་པ། འཇིགས་མེད་བསྟན་པའི་ཉི་མ། བཞི་བ། རྡོ་གྲུབ་ཆེན་ཐུབ་བསྟན་འཕྲིན་དཔལ་འབར་བཅས་སྐུ་ཕྲེང་བཞི་པ་བར་དང་། ཡང་། རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར། གཉིས་པ། འཇིགས་མེད་ཕུན་ཚོགས་འབྱུང་གནས། གསུམ་པ། འཇིགས་མེད་བསྟན་པའི་ཉི་མ། བཞི་པ། རིག་འཛིན་བསྟན་པའི་རྒྱལ་མཚན། ལྔ་པ། རྡོ་གྲུབ་ཆེན་སྤྲུལ་སྐུ་ཀློང་ཡངས་རྒྱ་མཚོ་བཅས་སོ།། དེ་དག་ལས་རྡོ་གྲུབ་ཆེན་སྐུ་ཕྲེང་དང་པོ་དང་གསུམ་པར་གསུང་འབུམ་བཞུགས་ཡོད་པ་རེད། ད་ལྟའི་སྐུ་འཚོ་བཞུགས་ཀྱི་རིན་པོ་ཆེ་གཉིས་ཀར་གསུང་འབུམ་ཡོད་མེད་མ་ཤེས། རྡོ་གྲུབ་སྐུ་བགྲེས་སང་གི་རང་རྣམ་ཤིན་ཏུ་ཀློག་སྤྲོ་བོ་ཞིག་བཞུགས། དེ་ནི་ཤིན་ཏུ་རིན་ཐང་ཆེན་པོ་ཞིག་རེད་བསམ་ཡོད།
བཞི་པ། ༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ་གནའ་སྔ་མོའི་ཆོས་པ་ལྟར། མགོ་མཁྲེགས་པོ་ཡིན་པ་བདེན། ཁོང་ཆོས་པ་རྣམ་དག་རེད་འཇིག་རྟེན་རང་དགའ་བའི་ཆོས་མིན་སྲིད་མིན་གྱི་ནང་བཞུགས་པའི་བླ་མ་ཁོང་མ་རེད། དངོས་གནས་བསམ་བློ་བཏང་ན་ད་ལྟའི་དུས་སུའང་སྔོན་གྱི་བཀའ་གདམ་པ་ཚོ་ལྟར་ཆོས་པ་མགོ་མཁྲེགས་འདི་འདྲ་རེ་བཞུགས་པ་ང་ཚོ་བོད་ཀྱི་བསོད་ནམས་རེད་བསམ། བླ་མ་འདི་འདྲའི་རིགས་མང་བོ་ལྷག་ཡོད་པ་མ་རེད། བླ་རབས་དང་མི་རབས་རྙིང་མ་མཇུག་བསྡུས་རྗེས་ང་ཚོར་ཆོས་འཇིག་གང་གི་ཐད་ནས་ཀྱང་མི་རབས་གོང་མ་ཚོར་ཡིད་སྨོན་འཆོར་བའི་དུས་ཤིག་ཤར་གི་རེད། དེ་དུས་འུ་ཚོའི་གནས་སྟངས་བསམ་ཡུལ་ལས་འདས་པ་ཞིག་ཏུ་གྱུར་ཡོད་སྲིད། ཕྲན་ནི་ཆོས་པ་རྣམ་དག་འདི་འདྲ་རེ་གཉིས་རེ་ད་དུང་བཞུགས་ཡོད་པས་སྤྲོ་སྣང་དང་། དད་པ་ཕངས་སེམས་ཡང་འགོག་མེད་དུ་སྐྱེ་ཡོང་གི མི་རེ་རེར་བསམ་བློ་གཏོང་སྟབས་མི་འདྲ་བ་རེ་ཡོད་པ་ནི་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སྐྱེ་འཕེལ་གྱི་ཆོས་ཉིད་ཅིག་ཡིན་པས་ཚང་མར་གུས་བཀུར་བྱེད་པ་ཡིན། དགོངས་འཆར་གནང་མཁན་ཚང་མར་འཚམས་འདྲི་ཡོད།
་་་་་་་་་་ བཞི་བ། རྡོ་གྲུབ་ཆེན་ཐུབ་བསྟན་འཕྲིན་དཔལ་འབར་བཅས་སྐུ་ཕྲེང་བཞི་པ་བར་དང་། ཡང་། ་་་་་
་་་་་་་་་་ ་་་་་་་་་ ་་་་་་་་ བཞི་པ། རིག་འཛིན་བསྟན་པའི་རྒྱལ་མཚན། ་་་་་་་་ ་་་་་་་་་ ་་་་་་ ་་་་་་་་་ ་་་་་
་
་་་་་་་་ དེ་དག་ལས་རྡོ་གྲུབ་ཆེན་སྐུ་ཕྲེང་དང་པོ་དང་གསུམ་པར་གསུང་འབུམ་བཞུགས་ཡོད་པ་རེད། ད་ལྟའི་སྐུ་འཚོ་བཞུགས་ཀྱི་རིན་པོ་ཆེ་གཉིས་ཀར་གསུང་འབུམ་ཡོད་མེད་མ་ཤེས། རྡོ་གྲུབ་སྐུ་བགྲེས་སང་གི་རང་རྣམ་ཤིན་ཏུ་ཀློག་སྤྲོ་བོ་ཞིག་བཞུགས། དེ་ནི་ཤིན་ཏུ་རིན་ཐང་ཆེན་པོ་ཞིག་རེད་བསམ་ཡོད། ་་་་་་་་་་
#31 རྔ་བ་རྒྱལ་ཁམས་པ ་ལགས་ཀྱིས་སྤེལ་དོན།:
ཁྱེད་ཀྱི་མཆན་འགྲེལ་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་ཡོད། ལྷག་པར་དང་པོ་དང་གཉིས་པ་ལ་ང་ཡང་མོས་མཐུན་ཡོད།
གསུམ་པ་ནི། དད་པའི་སྤུ་སློང་ཐུབ་ཙམ་པ་ལས་ཡིད་ཆེས་ཁུངས་བཙུན་ནི། ལོ་རྒྱུས་རང་གི་ནང་ལའང་མི་འདུག་པས་་་་་་
ང་ནི་མི་ཁ་རི་ཁ་ཐུག་གཡས་གཡོན་ལ་ཕོག་ཐུག་ལྟ་མི་ཤེས་མཁན་གྱི་མི་གླེན་པ་ཞིག་ཡིན་པས། ངས་མ་གུས་པ་ཆེན་པོས་དད་ལྡན་འགའ་ལ་གནོད་ཕོག་བྱུང་ཡོད་ན་དགོངས་དག་ཞུའོ།།
ཀ་རྡོ་ནི་ཀ་རྡོ་རང་རེད། ཁྱེད་རང་ཚེའི་འཕེན་པ་རྫོགས་པ་དང་་་་བར་དོ་ལ་བརྩོན་མི་དགོས་པ་འགྲོ་ས་དེར་་་་ཀ་རྡོ་སྦབ་་་་འགྲིལ་བ་བཞིན་་མིང་དོན་རྟག་རྟག་་་་མཚུངས།་་་་་
རིག་འཛིན་འཇའ་ལུས་རྡོ་རྗེའི་རྣམ་ཐར་འཕྲུལ་དེབ་རེ་ཨེ་ཡོད་ན། གལ་ཏེ་ཡོད་ན་ཀློག་འདོད་འདུག མཁྱེན་མཁན་ཡོད་ན་སྙིང་ནས་བཀའ་དྲིན་ཞུ། །
#34 ལག་བརྡ། ་ལགས།
བཤེས་གཉེན་མ་བསྟེན་གོང་ལ་བརྟག་དཔྱད་བྱེད་དགོས་པ་གསུངས་པ་རེད། དེ་ཡང་བྱུང་ནའམ། དགོས་ན་ལོ་བཅུ་གཉིས་༡༢འགོར་ཡང་འགྲིགས་པར་གསུངས་པ་དག་གོ་ཡང་མྱོང་མེད་པ་འདྲ། ང་སྦབ་ནའང་སྦབ། ཁྱོད་རྡོ་རྗེ་དམྱལ་བར་མ་དྲིལ་ན། དེ་བས་བཟང་། ཧ་ཧ། ཀུ་རེ་ཡིན་ནོ།།
ཡང་ཆོས་ལུགས་པས་སྐྱག་དྲི་རེད་འདུག ཆོས་ལུགས་པ་འདི་ཚོའི་དྲི་ངན་མེད་ས་ཞིག་མི་འདུག
ཚེ་འདི་ཕྱི་ཀུན་ལ་རང་དབང་ཐོབ་མཁན་གྱིས་བླ་མ་རྣམས་ཀྱིས་འགྲོ་འདུག་སྤྱོད་གསུམ་ལ་གང་ཟག་པ་ང་ཚོ་འདྲ་བས་ངོས་ནས་བཤད་དཀའ།རང་ཉིད་བསོད་ནམས་དམན་པས་རྒྱུ་རུ་འང་འགྲོ་སྲིད།
སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་ཕ་ཡུལ་ཕེབས་སྐབས་རྒྱལ་བ་རིན་པོ་ཆེ་འདི་བོད་མི་རིགས་ལ་བཀའ་དྲིན་ཆེན་པོ་ཡིན་པ་མི་རིགས་འདི་ཉམས་སྒུད་དུ་འགྲོ་བས་སྐབས་སུ་གོང་ས་མཆོག་ལས་ཐུགས་ཁུར་བརླབས་ཆེན་བསྐྱངས་ཡོད་པ་འདི་ང་ཚོ་བོད་མི་ཚོས་ཤེས་དགོས་པ་དེ་གལ་ཆེན་ཡིན་སྐོར་གསུང་མྱོང་ཡོད། དུས་དེ་ནས་བཟུང་ལྷ་སྡེ་ཡོངས་ཁྲོ་ཁོ་དབའ་བན་ནས་བཟུང་བོད་མི་བར་ལ་ནང་འཁྲུག་མི་བྱེད་པ་དང་རྐུན་ཅག་དང་མཐའ་མ་བོད་མི་ནང་ཁུལ་ལ་མཐུནབསྒྲིལད་བྱེད་དགོས་པའི་དམ་འབུལ་བྱས་།
དུས་སྐབས་སུ་རྒྱ་གཞུང་གིས་ཀྱང་རྡོ་གྲུབ་ཁྱེད་ཀྱིས་གསུང་ཆོས་དང་མི་མང་ལ་བཀའ་སློབ་སོགས་བྱེད་མི་ཆོག་པས་ཆ་རྐྱེན་བཏོན་ཡོད།