རྔ་བ་རྒྱལ་ཁམས་པ།
སྟོང་ཁམས་ཆེན་མོ་ནུས་པའི་དབྱིངས།།
འཇིག་རྟེན་འཇིག་རྟེན་འདས་པའི་ཆོས།།
སྣ་ཚོགས་འབྱུང་བའི་ས་བོན་ཅན།།
སྣང་སྲིད་འཁོར་ལོའི་ལྟེ་བ་ཉིད།།
དབྱིངས་ལས་མ་གཡོས་ཡུལ་ཅན་གདངས།།
ཡུལ་ནས་མ་མཆེན་ནུས་པའི་རླབས།།
རྣམ་འགྱུར་ཞི་ཞིང་འཇགས་པ་ལས།།
ཆོས་ཉིད་ཅེས་བྱ་མ་མཐོང་ངོ་།།
སེམས་ཉིད་དྭངས་གསལ་མེ་ལོང་ངོས།།
ནུས་པའི་རྦ་རླབས་འཆར་བ་ན།།
བདེ་སྡུག་སྣང་བའི་རྟོག་ཚོགས་ནི།།
གློག་བརྙན་བཞིན་དུ་འཆར་ཡོང་ངོ་།།
གསལ་རིག་མེད་པའི་ཕ་རོལ་ན།།
སྣང་བའི་རྣམ་བཞག་རྡུལ་ཙམ་མེད།།
དེ་ཕྱིར་བདེན་རྫུན་ཤེས་བྱ་ནི།།
སེམས་ཀྱི་སྟེང་ནས་འཇོག་པའོ།།
རྒྱ་ཆེ་སེམས་ཀྱི་འཁོར་ཕྱོགས་ལ།།
ཡུལ་གྱི་འཇིག་རྟེན་རྒྱ་ཆེ་ཞིང་།།
སེམས་རྒྱ་ཆུང་ངུའི་འཇིག་རྟེན་ལ།།
འཁོས་ཁའི་སྣང་ཡུལ་རྒྱ་ཆུང་ངོ་།།
གཟུགས་སྒྲ་དྲི་རོ་རེག་བྱའི་ཆོས།།
ལེགས་པར་སྤྱོད་ཅེས་དབང་བོ་ལྔ།།
རང་བཞིན་གནམ་གྱི་རྒྱལ་མོ་ཡིས།།
རིག་ལྡན་ཀུན་ལ་གནང་བའོ།།
འཛིན་མེད་སེམས་ཀྱིས་ཡུལ་སྤྱད་ན།།
ཚོར་བ་བྲལ་བའི་བེམ་པོ་བཞིན།།
འདོད་པར་གནས་པའི་ཡོན་ཏན་ཆ།།
གྲུབ་པའི་དགོས་པ་མ་མཐོང་ངོ་།།
སྐྱེ་དངོས་ཀུན་ལ་རང་རང་གི།
ཐོབ་སྐལ་སྣ་ཚོགས་ཡོད་ན་ཡང་།།
ཚད་བརྒལ་སེམས་ཀྱི་ནུས་པ་ནི།།
མི་སེམས་གཅིག་པུར་གནས་པའོ།།
འཇིག་རྟེན་ཁམས་ཀྱི་ཆོས་རྣམས་ཀུན།།
དར་རྒུད་གཉིས་ཀྱི་སྟེང་དུ་གནས།།
དར་ཞེས་བྱ་བ་ཡར་བསྐྱེད་དང་།།
རྒུད་ཅེས་བྱ་བ་མར་འགྲིབ་པོ།།
བྱ་དངོས་ཆུང་ངུའི་གནས་ཡུལ་ནས།།
ཡར་བསྐྱེད་ཆེ་བར་འགྲོ་བའི་ཕྱིར།།
མིའི་རིགས་ཟོག་པོའི་མུན་བསྐལ་ཡང་།།
ཡར་དར་འོད་སྣང་འཚེར་བ་འོ།།
སྤྱིར་བཏང་སྣོད་དང་བཅུད་གཉིས་པོ།།
དར་བསྐྱེད་ཆོས་སུ་ཆ་འཇོག་ཀྱང་།།
བྱེ་བྲག་ཆོས་ཀྱི་དར་རྒུད་ནི།།
ཆགས་འཇིག་བར་གྱི་འགྱུར་བའོ།།
ས་བོན་གཏིང་གསལ་ནུས་པ་ཡི།།
གོང་བུ་གཅིག་གི་རྒྱ་རལ་ཚེ།།
སྣ་ཚོགས་བཀོད་པའི་འཇིག་རྟེན་ནི།།
མུ་མེད་མཐའ་ཡས་འབྱུང་བའོ།།
རྡུལ་ཕྲན་འདུས་པའི་བེམ་རིགས་ལ།།
རླུང་སེམས་ཕྲ་མོའི་རྣམ་ཤེས་དག།
ཐོགས་ཤིང་འཁྱུད་པའི་འབྲེལ་ལམ་ནས།།
སྣ་ཚོགས་སྲོག་ལྡན་འབྱུང་བ་འོ།།
ཆོས་དང་འཇིག་རྟེན་རྣམ་བཞག་ཀུན།།
སྟོང་ཁམས་ཆེན་མོར་ཡེ་གནས་ཕྱིར།།
མཁན་པོས་བཏགས་པའི་བདེན་རྫུན་རྣམས།།
འཇོག་ཐུབ་སྣང་ཚུལ་འབྱུང་བ་འོ།།
རི་ཆུ་ཉི་ཟླ་གཟའ་སྐར་དང་།།
ཁང་ཁྱིམ་ཀ་བུམ་རི་བོང་རྭ།།
རང་བཞིན་ནུས་པའི་རྣམ་འགྱུར་ལ།།
མཁན་པོས་རྟོག་བརྡ་སྦྱར་བ་འོ།།
དཔེར་ན་སྣང་ཡུལ་བཀོད་པ་དག།
འཕྲུལ་གྱིས་བཏབ་པའི་པར་རིས་བཞིན།།
ཡུལ་གྱིས་གཏད་པའི་རྣམ་འགྱུར་ལ།།
སྒྲོ་སྐུར་སེམས་ཀྱིས་བལྟ་བ་འོ།།
སྣང་སྲིད་ཆོས་ཀུན་རང་ངོས་ནས།།
ང་ཞེས་ལན་འདེབས་མ་མྱོང་ཡང་།།
འདོགས་མཁན་བསམ་བློས་གདག་བྱ་ལ།།
སྣང་བའི་རྟོག་སྒྲ་སྦྱར་བ་འོ།།
ཆེན་པོར་ལྟོས་ནས་ཆུང་ངུ་དང་།།
ཆུང་ངུར་ལྟོས་ནས་ཆེན་པོ་སྟེ།།
ཕན་ཚུན་ལྟོས་པས་བཞག་ཙམ་ལས།།
མ་གཏོགས་ཆོས་ནི་མེད་པ་འོ།།
དེའི་ཕྱིར་ཆེ་ཆུང་དབུལ་ཕྱུག་སོགས།།
རང་གི་བསམ་ངོར་གྲུབ་ཙམ་ལས།།
གཏན་འཇགས་ཡུལ་ན་མ་གྲུབ་པ།།
བརྟག་ཅིང་དཔྱད་ན་ཤེས་པ་འོ།།
ཡུལ་རྣམ་དག་ལས་ཤེས་རབ་དང་།།
བདེན་རྫུན་སྒྲོ་སྐུར་འབྱུང་བས་ཕྱིར།།
གཟུང་བ་ཡུལ་གྱི་ཆོས་རྣམས་ཀུན།།
འཛིན་བྱེད་སེམས་ཀྱི་སྟོན་པ་འོ།།
སེམས་དང་བེམ་པོ་གཉིས་པོ་ནི།།
འཇིག་རྟེན་གྲུབ་ཆ་ཆེ་གཉིས་ཏེ།།
སེམས་ནི་བདེ་སྡུག་ཚོར་བའི་ཆོས།།
བེམ་པོ་ཚོར་མེད་ཆོས་ལ་འོ།།
ཚོར་བྱེད་སེམས་ཀྱིས་ཚོར་མེད་ཆོས།།
ཉེར་ལེན་བཀོལ་སྤྱོད་བྱེད་ཐབས་ལས།།
དགྲ་འདུལ་གཉེན་སྐྱོང་དབུལ་ཕྱུག་དང་།།
རླུང་རྟའི་དར་རྒུད་འབྱུང་བ་འོ།།
ནུས་པའི་གོང་བུ་ཆུང་ན་ཡང་།།
རྒྱ་ཆེ་གཏིང་ཟབ་འཇིག་རྟེན་འབྱུང་།།
རྒྱ་ཆེན་འཇིག་རྟེན་ཆེ་ན་ཡང་།།
ཆུང་ངུའི་ཆོས་ལ་བརྟེན་པ་འོ།།
ནས་འབྲུ་རྡོག་གཅིག་བཏབ་པ་ལས།།
ནས་ཀྱི་ཕུང་བོ་ཆེན་པོ་འབྱུང་།།
སྡོང་བུ་རྐང་གཅིག་བཙུགས་པ་ལས།།
ཡལ་འདབ་གྲིབ་བསིལ་འབྱུང་བ་འོ།།
སྐྱེ་བའི་དངོས་པོར་གཏོགས་སོ་ཅོག།
ཐོབ་སྐལ་ཆོས་ནི་རང་ཆས་ཏེ།།
རྩྭ་ཐུར་རྐང་གཅིག་གྲོག་པུར་ཡང་།།
སྐྱེ་འཚོའི་ཁོར་ཡུག་ལྡན་པ་འོ།།
སེམས་མེད་བེམ་པོའི་སྐྱེ་འཕེལ་དང་།།
སེམས་ལྡན་དངོས་པོའི་སྐྱེ་འཕེལ་ཏེ།།
འཇིག་རྟེན་ཁམས་ཀྱི་སྐྱེ་འཕེལ་ནི།།
རྣམ་པ་གཉིས་སུ་ངེས་པ་འོ།།
རྫས་དང་ནུས་པ་འཕྲད་པ་ལས།།
བེམ་པོའི་རྣམ་འགྱུར་འབྱུང་བ་དང་།།
རིག་པ་ཡུལ་དང་འཕྲད་པ་ལས།།
སེམས་ཀྱི་རྣམ་པ་འབྱུང་བ་འོ།།
དེའི་ཕྱིར་སེམས་ནི་མུན་པའི་ནང་།།
སྤར་བའི་སྒྲོན་མེ་འདྲ་བ་སྟེ།།
སེམས་མེད་རྣམ་འགྱུར་གྲུང་ན་ཡང་།།
འཇུག་ལྡོག་བློ་ནི་མེད་པ་འོ།།
ཉ་མོའི་ཡོན་ཏན་ཆུ་ལ་བཟང་།།
རྒོད་པོའི་གཤོག་འགྱུར་ནམ་མཁའི་དབྱིངས།།
མི་སེམས་ལེགས་ཉེས་འཇུག་ལྡོག་སྟེ།།
ཀུན་ལ་ཁྱད་ཆོས་ལྡན་པ་འོ།།
སྣོད་ཀྱི་འཇིག་རྟེན་སྲོག་ལྡན་དག།
འཚོ་གནས་ཆེད་དུ་བྱུང་བ་སྟེ།།
ཚེ་སྲོག་མེད་པའི་འཇིག་རྟེན་ན།།
ཅིའི་ཕྱིར་འཇིག་རྟེན་འོང་བ་འོ།།
སྲ་མོའི་རྡོ་ལ་ཚེ་སྲོག་གནས།།
རྙི་མོའི་འདམ་ལ་ཚེ་སྲོག་གནས།།
ཚ་མོའི་མེ་ལ་ཚེ་སྲོག་གནས།།
ནུས་པའི་ཚེ་སྲོག་མཐའ་མེད་པ་འོ།།
དེའི་ཕྱིར་འཇིག་རྟེན་ཧྲིལ་བོ་འདི།།
ཚེ་དང་སྲོག་ལས་གྲུབ་པ་སྟེ།།
ཚེ་ནི་སྐྱེ་འཕེལ་དུས་རིམ་དང་།།
སྲོག་ནི་གཉུག་མའི་ནུས་པ་འོ།།
བདེ་སྡུག་སྐྱེ་འཕེལ་བཟང་ངན་སོགས།།
ལུས་གྲིབ་བཞིན་དུ་གནས་པ་སྟེ།།
གལ་ཏེ་དེ་དག་གཅིག་ཉིད་ན།།
རྣམ་བཞག་ཐམས་ཅད་འཇིག་འགྱུར་རོ།།
དེ་ཡི་རྣམ་བཞག་ལེགས་ཤེས་པ།།
དགའ་སྡུག་མེད་པས་སངས་རྒྱས་ཏེ།།
དེ་ཡི་རྣམ་བཞག་མི་ཤེས་པ།།
བདེ་སྡུག་ལྡན་པའི་སེམས་ཅན་ནོ།།
རིགས་རྫས་གཅིག་གྱུར་སྐྱེ་ལྡན་དང་།།
རྒྱུན་གཅིག་རྣམ་ཤེས་སྲོག་ལྡན་གཉིས།།
སྐྱེ་བ་སྔ་ཕྱིའི་བརྒྱུད་ལམ་གྱི།།
གསང་བའི་སྐུད་ཐག་ཕྲ་མོ་འོ།།
སྤྱིར་ན་སྣོད་བཅུད་འཇིག་རྟེན་གཉིས།།
དོ་མཉམ་ནུས་པས་བསྐྲུན་པ་སྟེ།།
རྒྱ་མཚོའི་སྲོག་ཆགས་རྒྱ་མཚོ་དང་།།
སྐམ་གྱི་སེམས་ཅན་སྐམ་ལ་འོ།།
སྣོད་ཀྱི་འཇིག་རྟེན་སྤྱོད་པའི་ཕྱིར།།
བཅུད་ཀྱི་སེམས་ཅན་བྱུང་བ་འདིས།།
རང་རང་ནུས་པས་སྣོད་བཅུད་གཉིས།།
འཕྲོད་སྦྱོར་བྱས་པ་གསལ་བ་འོ།།
སྣ་ཚོགས་ཡུལ་གྱི་རྣམ་བཞག་གིས།།
ཡུལ་ཅན་དྭངས་མའི་མཚོ་དཀྲུགས་ཏེ།།
མ་རྟོགས་ལོག་རྟོག་ཚད་བརྒལ་གྱི།།
བག་མེད་བྱ་སྤྱོད་འབྱུང་བ་འོ།།
དངོས་པོ་རྣམས་ནི་རང་ངོས་ནས།།
བཟང་ངན་ཕྱོགས་མཐར་མ་ལྷུང་ཡང་།།
སྤྱོད་མཁན་སྒོ་གསུམ་ཀུན་སྤྱོད་ལས།།
བཟང་ངན་མཐར་ནི་ལྟུང་བ་འོ།།
སེམས་ལྡན་ཀུན་ཀྱི་སྲོག་ཐག་ཅིག།
སྟོང་ཁམས་དབྱིངས་སུ་ཟུག་པ་སྟེ།།
བརྒྱུས་པའི་ཡུལ་སྣང་ཕུགས་དེད་ན།།
ཨ་མའི་གཞིས་ཀར་སླེབས་འགྲོ་འོ།།
ལུས་ཤིག་ཡོད་པས་སྲོག་ལྡན་ཀུན།།
གསོན་འདོད་ཚོར་བས་གདུང་བ་སྟེ།།
དབང་རྩར་བརྒྱུད་པའི་ལུས་མེད་ན།།
རགས་པའི་བདེ་སྡུག་མེད་པ་འོ།།
ཕུང་བོ་རགས་པ་གྲུབ་པའི་རྗེས།།
ཕལ་ཆེར་སྒོ་གསུམ་དར་རྒུད་ཀྱི།།
རྟེན་འབྲེལ་སེམས་ལ་རག་ལས་པས།།
ཀུན་སློང་བཅོས་པ་གལ་ཆེ་འོ།།
ཀུན་སྤྱོད་ཆེ་ན་ཁོར་ཡུག་ཀྱང་།།
འཇིག་རྟེན་རྒྱ་ཆེ་འབྱུང་བ་སྟེ།།
སངས་རྒྱས་ཡུ་ཤི་ཨ་ལ་དང་།
རྒྱལ་བའི་དབང་བོ་ཇི་བཞིན་ནོ།།
དེ་བཞིན་ཀུན་སྤྱོད་ཆུང་འབྲིང་ཡང་།།
རང་རང་འཁོས་ཀས་འཕངས་པའི་ཆོས།།
རང་འབྲིང་ཐ་མའི་སྤྱི་ཚོགས་ནི།།
གྲལ་རིམ་བསྒྲིགས་ཀྱང་ཤེས་སླ་འོ།།
ཡོན་ཏན་གཏིང་གསལ་ནུས་པའི་ཆ།།
སྨིན་དང་མ་སྨིན་འཇིག་རྟེན་ནི།།
མཐའ་ཡས་དཔག་ཏུ་མེད་པ་རྣམས།།
ཚེ་སྲོག་འཚོ་བའི་ཆེད་དུ་འོ།།
དེ་ལས་འཛམ་གླིང་གོ་ལ་འདི།།
མེ་ཡིས་སྨིན་ཅིང་རླུང་གིས་བསྐྱེད།།
ཆུ་ཡིས་སྲོག་བྱས་བར་སྣང་གིས།།
རྩལ་སྦྱོང་གོ་སྐབས་བསྐྲུན་པ་འོ།།
སྲོག་ལྡན་སྐྱེ་ཁམས་གསོ་བའི་ཆེད།།
གཟུགས་སོགས་འདོད་པའི་ལོངས་སྤྱོད་རྣམས།།
མ་བསྒྲིགས་ངང་གིས་གོ་ལ་འདིར།།
གཏེར་མཛོད་བཞིན་དུ་འགྲིགས་པ་འོ།།
ཁྱོད་དང་ང་ཞེས་གང་ཟག་དང་།།
དགྲ་དང་གཉེན་ཞེས་དབྱེ་བ་ནི།།
མེད་ཕྱིར་གོ་ལའི་ལོངས་སྤྱོད་སྒོ།།
སྤྱི་ཐོག་ཀུན་ལ་ཕྱེས་པ་འོ།།
དེའི་ཕྱིར་གཟུགས་སྒྲ་དྲི་རོ་སོགས།།
གོ་ལས་བཏེགས་པའི་དཔལ་ཡོན་རྣམས།།
གང་ལ་གང་འདོད་སྤྱོད་པ་ནི།།
སྐྱེས་ནས་ཐོབ་པའི་སྐལ་བ་འོ།།
ལྟ་བྱེད་མིག་ཟུང་བྱུང་བའི་ཕྱིར།།
བལྟ་བྱ་གཟུགས་ཀྱི་ཡིད་འོང་མས།།
ང་ལ་ལྟོས་ཞེས་གཟུགས་ཀྱི་ནི།།
རྣམ་འགྱུར་སྣ་ཚོགས་བསྟན་པ་འོ།།
དེ་བཞིན་དབང་ཡུལ་ཕྱི་མ་རྣམས།།
གཟུང་འཛིན་སྦྲགས་ནས་བརྟགས་ན་ཤེས།
༼མུ་འགོད།༽
མཚན་ཉིད་རིག་པའི་སྙན་རྩོམ་ཡག་པོ་རེད་དེ། ས་བཅད་དབྱེ་ཐུབ་ན་ཀློག་མཁན་ཡོངས་ལ་ཕན་ཐོགས་ངེས་དང་། འདི་ལྟར་མུ་མཐུད་ན་ཀློག་མཁན་ལ་ཉོབ་སྣང་དང་བརྗོད་བྱ་བློ་ངོར་འཆར་བར་བཀག་རྒྱ་འདུག
ཉམས་མགུར་འདིར་དབུ་མ་ཆེན་མོ་དང་རྫོགས་པ་ཆེན་པོ་ཁ་སྦྱོར་བ་ལྟ་བུ་འདུག གོ་རྒྱུ་འདུག
ཨ་རིའི་ནང་ལ་ཧ་ལམ་མི་༥༠ཙམ་ལ་དྲན་པ་བརྗེད་རྒྱུ་མེད་པའི་ནད་ཞེས་ཀླད་དབང་ནང་གི་དྲན་པ་སུབ་བྱེད་དེ་ནུས་པ་མེད་པར་གྱུར་ནས་དོ་བདག་གི་མྱོང་བ་ཚང་མ་དྲན་པས་འཛིན་པར་བྱེད། དེ་ལྟར་ན་ཚན་རིག་པས་དྲན་པའི་དབང་རྩ་དང་དེ་བཞིན་བདག་གི་དབང་རྩ་ཞིག་འདུག་གམ་འཚོལ་དུས་བརྙེད་རྒྱུ་མེད་པས། དྲན་པ་དང་ཚོར་བ་དང་སྣང་བ་ཚང་མ་ཀླད་དབང་མི་འདྲ་བ་བསྲེད་ནས་རྟོག་པས་བཏགས་པ་ལས་དངོས་སུ་ཕ་རོལ་གྱི་བདེ་སྡུག་ཡིད་ལ་ཤར་ནས་རང་ངོས་ནས་རྟོག་པ་མ་རེད་ཟེར་ནས་སེམས་ཀྱི་གནས་སྟངས་ལ་འགྲེལ་བཤད་གསར་པ་འཚོལ་བཞིན་འདུག་ཟེར།
གོང་གི་མགུར་དེ་ཀློག་སྐབས། གློག་བུར་དུ་འོ། སྣང་བ་དང་རྟོག་པ་ཟེར་བ་ཚང་མ་བཅོས་མ་རེད་བསམ་པ་ཡིད་ལ་ཤར་བས། གོང་གི་དྲན་པའི་ནད་དེ་ཡིད་ལ་ཤར་བྱུང་།
སྔོན་མ་མགུར་ཞིག་གི་ནང་ལ།
བདག་གི་མཐོང་བ་མཐོང་བ་མིན།
བདག་གིས་མཐོང་བར་བློ་ཡིས་བཟོས།
བློ་ཡི་བཟོ་གྲྭ་ཞིག་གྱུར་ན།
སྣང་བ་ཁོ་ལ་བྱ་རྒྱུ་ཅི་ཟེར། འདྲ་པོ་འདུག
རྫས་དང་ནུས་པ་འཕྲད་པ་ལས།།
བེམ་པོའི་རྣམ་འགྱུར་འབྱུང་བ་དང་།།
རིག་པ་ཡུལ་དང་འཕྲད་པ་ལས།།
སེམས་ཀྱི་རྣམ་པ་འབྱུང་བ་འོ།།
འདི་བཟང་ཡང་།
དེའི་ཕྱིར་འཇིག་རྟེན་ཧྲིལ་བོ་འདི།།
ཚེ་དང་སྲོག་ལས་གྲུབ་པ་སྟེ།།
ཚེ་ནི་སྐྱེ་འཕེལ་དུས་རིམ་དང་།།
སྲོག་ནི་གཉུག་མའི་ནུས་པ་འོ།།
འདི་ལ་ཁུངས་བཙན་པོ་ཅིག་ཨ་ཡོད།
རྔ་བ་རྒྱལ་ཁམས་པས་ཡག་པོ་བྲིས་གནང་འདུག །
མདོ་བཞུགས་སོ་ཟེར་ན་ཨེ་འགྲིག་ནམ། གང་ལྟར་དེང་དུས་རྡོ་རྗེ་འཆང་ཆེན་སྐུ་འཕྲེང་གསུམ་པ་དང་།རྒྱལ་ཚབ་བྱམས་པསངས་རྒྱས་གསོན་པོ་མང་པོ་གོ་ཐོས་འདུག་པས་རྔ་བ་རྒྱལ་ཁམས་པ་ཡང་དེའི་གྲལ་དུ་མ་འཚེངས་ན་བཟང་སྙམ་ཐལ།
རྩོམ་སྙན་པོ་འདུག ཡིན་ནའང་རྩོམ་གྱི་མིང་དེ་ཨ་ཕྱི་ལགས་ཀྱིས་གསུངས་པ་བཞིན་འཚམས་པོ་མི་འདུག་བསམ་བྱུང་། །
རྔ་བ་ཆོས་གྲགས་ནི་གནའ་སྔ་མོ་ཞིག་ནས་རྩོམ་ཡིག་འབྲི་མཁན་ཞིག་རེད། འོན་ཀྱང་། ཁོ་ནི་དོན་དུ་ཡར་རྒྱས་མེད་པའི་རྩོམ་པ་པོ་ཞིག་ཏུ་ངོས་འཛིན་བྱས་ནི་འགྲིག ཁོས་རྩོམ་ཡིག་དང་། བསྒྱུར་རྩོམ་ཇི་ཙམ་ག་ཚོད་བྲིས་ཀྱང་ད་དུང་རྩོམ་ཡིག་གི་སྒྱུ་རྩལ་མི་ལྡན་པ་ཅིས་ལན། ཕལ་ཆེར་ཚེ་སྔོན་མའི་སྐྱེས་སྟོབས་ཀྱི་ཤེས་རབ་མེད་སོང་ནི་རེད། ཁྱོད་ནས་ལྷ་མོ་དབྱངས་ཅན་མར་གསོལ་བ་འདེབས་དགོས་པ་འདྲ་པོ་འདུག
གཡུ་ཐོག་ལགས་རྔ་བ་རྒྱལ་ཁམས་པའི་རྩམ་སྙན་མོ་འདུག དེ་འདྲ་ཞིག་སྨད་མི་རུང་། །
ཚིག་སྦྱོར་ནི་སྙན་ནོ། དཔེ་ནི་མཛེས་སོ། དོན་ནི་ཟབ་བོ། བརྡ་སྤྲོད་ནི་འགྲིགས་སོ། ཡིག་གེ་ནི་དག་གོ སྡེབ་སྦྱོར་ནི་བཟང་ངོ། བསམ་པ་ནི་གཙང་ངོ། ཀུན་སློང་ནི་ལྷད་མེད། ཕན་པ་ནི་འདུག་གོ རྩོམ་པ་པོ་ནི་ལེགས་སོ།
ཁ་བརྡ་འདིར་ཕེབས་མཁན་གྱི་རྩོམ་པ་པོའི་ནང་ནས་རྔ་བ་རྒྱལ་ཁམས་ནི་ཤེས་ཡོན་དང་ཀུན་སྤྱོད་གཉིས་ཀ་ཚང་བའི་རྩོམ་པ་པོ་མིག་དཔེ་ལྟ་རུང་ཞིག་རེད། ལྷག་དོན་ཁོང་ཕྱི་རྒྱལ་གྱི་སེམས་ཁམས་རིག་པ་སོགས་ཀྱི་ནང་དོན་ལ་ཕྱུག་ཅིང་། རང་རིགས་བསོད་དམན་རྣམས་ལ་ངོ་སྤྲོད་པར་དགའ་བའི་རྩོམ་པ་པོ་བློ་དཀར་ཅན་ཞིག་གོ ང་རང་ནི་དགའ་ཤོས་ཁོང་གི་རྩོམ་རྣམས་ཡིན་ནོ།
རྩོམ་པ་བོ་འདི་རྔ་བ་རྒྱལ་ཁམས་པ་ཆོས་གྲགས་མ་རེད་་་ཨ་རིར་ཞུགས་པའི་རྔ་བ་རྒྱལ་ཁམས་པ་ཁོང་རེད་ལོ།
སྤྱི་འཐུས་གདུགས་དཀར་ཚེ་རིང་ལགས་ནས། དཔལ་ལྡན་ཚོགས་གཙོ་མཆོག
ངས་སྔོན་མ་ཕྱི་ལོ་༡༩༩༣ ལོར། རྒྱ་ནག་སྐད་དུ་བྲིས་པའི་དཔྱད་རྩོམ་ཐུང་ཐུང་ཞིག་དམངས་གཙོ་རྒྱ་ནག་[民主中国]དུས་དེབ་ཏུ་བཀོད་ཐོན་བྱུང་ཡོད་པ་དེ་གཞིར་བཞག་གིས། དེ་རིང་གྲོས་ཚོགས་ར་བ་འདིའི་ནང་ལ་ངག་ཐོག་ནས་འགྲེལ་རྗོད་ཐུང་ཙམ་ཞིག་ཞུ་འདོད་བྱུང་། རྩ་བས་གནས་ཚུལ་འདི་གསར་བ་དེ་འདྲ་མིན་ཡང་། དོན་དངོས་ཐོག་ད་བར་དུ་ཐག་ཆོད་པ་ཞིག་ད་དུང་བྱུང་མེད་སྟབས། གྲོས་ཆོད་གྲོས་འཆར་འདི་གྲོས་ཚོགས་སུ་དངོས་སུ་མ་བཏོན་སྔོན་ལ། གྲོས་འཆར་འདི་འདྲ་ཞིག་འདོན་དགོས་པའི་རྒྱུ་མཚན་ཅི་ཡིན་སྐོར་ཕྱག་རོགས་སྤྱི་འཐུས་རྣམ་པ་ཚོར་གསལ་བཤད་ཡག་པོ་ཞིག་ཞུ་ཐུབ་ན་དགོངས་པ་བཞེས་ཕྱོགས་ལ་ཏན་ཏན་ཁྱད་པར་འགྲོ་ངེས་རེད་བསམས་བྱུང་། རྣམ་པ་ཚང་མས་མཁྱེན་གསལ་ལྟར། གྲོས་འཆར་འདི་ཐ་སྙད་བྱེ་བྲག་པ་ཞིག་གི་སྐོར་ལ་ཡིན་སྟབས། གྲོས་ཚོགས་ནས་བགྲོ་གླེང་ཐག་གཅོད་གནང་བདེ་མེད་པ་ལྟ་བུ་དགོངས་སྲིད་པ་རེད། འོན་ཀྱང་ཐ་སྙད་དེ་ཐ་སྙད་སྤྱིར་བཏང་པ་ཞིག་གཏན་ནས་མ་རེད། དེ་ང་ཚོ་བོད་རྒྱལ་ཁབ་དང་མི་དམངས་ཀྱི་མཚན་དོན་དང་འབྲེལ་བའི་གནད་དོན་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། འདི་ཐ་སྙད་ཙམ་ཞིག་རེད། གནད་འགག་དེ་ཙམ་ཨེ་ཡོད་དགོངས་ན་དེ་མ་འགྲིག་པ་རེད། རྒྱུ་མཚན་ནི་ཐ་སྙད་འདིའི་རྒྱབ་ན་རྒྱ་དམར་གྱི་སྲིད་དོན་གཡོ་བྱུས་གཏིང་ནག་ཅིག་སྦས་ཡོད་པ་ངས་སྔོན་མ་ནས་གསལ་བོར་མཐོང་བསྡད་ཡོད།
དེར་བརྟེན། ད་རེས་གཞིས་བྱེས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་དང་མགྲིན་ཚབ་ བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཐེངས་འདིའི་ནང་། ཁྲིམས་བཟོའི་འགན་དབང་གི་ཐོག་ནས་ཐ་སྙད་འདིའི་སྐོར་ལ་གཏན་འབེབས་གཙང་མ་ཞིག་གནང་ཐུབ་ན་དགེ་མཚན་ཧ་ཅང་ཆེ་བ་མཐོང་། ཡིན་ནའང་། འདིར་བཞུགས་སྤྱི་འཐུས་རྣམ་པ་མང་ཆེ་བ་ད་བར་རྒྱ་ནག་སྐད་ཡིག་ལ་ཆེད་དུ་སྦྱང་བ་སྔོན་དུ་མ་སོང་བ་རྐྱང་ཡིན་སྟབས། ཐ་སྙད་འདིའི་བྱུང་རིམ་ལོ་རྒྱུས་དང་རྒྱབ་ལྗོངས་སྐོར་ངོ་སྤྲོད་མཚམས་སྦྱོར་ངེས་པ་རྙེད་པ་ཞིག་ཞུས་ན་མ་གཏོགས། འོལ་ཚོད་ཀྱིས་ཐག་བཅད་ན་ཡག་པོ་མེད་པ་གསལ་བོ་རེད།
དེས་ན། ང་ཚོས་བོད་ཅེས་བརྗོད་སྐབས། འདིར་བཞུགས་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམ་པས་དབུས་པའི་བོད་མི་སུས་ཀྱང་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་ཁྱབ་ཀྱི་ཡོད་པ་དང་། དེ་བཞིན་དུ་དབྱིན་སྐད་དུ་Tibet ཞེས་བརྗོད་སྐབས་བོད་ས་ཡོངས་ལ་བདེ་བླག་ཏུ་གོ་ཐུབ་ཀྱི་ཡོད་པ་དེ་ལྟར་ཡང་། རྒྱ་ནག་སྐད་དུ་་西藏xi zang་་ཞེས་བརྗོད་སྐབས། བོད་སྐད་དང་དབྱིན་སྐད་ནང་བཞིན་བོད་ས་ཡོངས་ལ་གོ་མི་ཐུབ་པ་བཟོས་བཞག་ཡོད་པ་རེད། རྙོག་དྲ་འདི་ནས་བྱུང་བ་རེད།
ང་སྔོན་ཆད་བོད་དུ་ཡོད་དུས། མཚོ་སྔོན་མི་རིགས་སློབ་ཆེན་ན་སློབ་སྦྱོང་བྱེད་བཞིན་པའི་དུས་སུ། ཉིན་ཞིག་་སྦྲང་ཆར་་ཡིན་ནམ་ཅི་བོད་ཡིག་གི་དུས་དེབ་ཅིག་གི་ཐོག མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་བརྩམས་པའི་དཔྱད་རྩོམ་ཞིག་མཐོང་བྱུང་བ་དེའི་ནང་དུ། ་་དེང་སང་རྒྱ་ནག་སྐད་དུ་བོད་ཀྱི་མིང་ལ་་西藏xi zang་་ཞེས་འབོད་པ་ཤིན་ཏུ་མི་འཐད་ཀྱང་་གསུངས་འདུག རྗེས་སུ་མཁས་དབང་དམུ་དགེ་བསམ་གཏན་ཚང་གིས་ཀྱང་དེ་དང་འདྲ་བ་གསུངས་ཡོད་པ་ཤེས་རྟོགས་བྱུང་། གང་ལྟར་ཁོང་རྣམ་པ་གཉིས་ཀྱིས་མཚོན་པའི་བོད་བཞུགས་སྐད་གཉིས་སྨྲ་བའི་དབང་བོ་མང་ཆེ་བ། རྒྱ་དམར་གྱི་འབོད་ཚུལ་དེར་ཐུགས་འདོད་གཏན་མེད་པའི་དགོངས་ཚུལ་ཤུགས་ཆེར་ཡོད་པ་གསལ་བོ་རེད།
མཚམས་འདི་ནས་ངས་གསལ་ཁ་དོད་དེ་ཞུ་འདོད་པ་ནི། གནད་དོན་འདི་ང་གདུགས་དཀར་ཚེ་རིང་གིས་གློ་བུར་དུ་ཤེས་སོང་བ་ལྟ་བུ་ཞིག་དང་། སྔོན་ཆད་སུ་གང་གིས་མ་ཤེས་པའི་གནད་དོན་ཞིག་ངས་གསར་དུ་ཤེས་ཡོད་ཅེས་ཞུ་ཡི་མེད་ལ། འདི་ལ་དོ་སྣང་ཡོད་མཁན་ང་གཅིག་པོ་ལས་མི་འདུག་ཅེས་དེ་བས་ཀྱང་བརྗོད་ཀྱི་མེད།
སྟབས་མ་ལེགས་པ་ཞིག་ལ། བོད་བཞུགས་མཁས་དབང་རྣམ་པ་ཚང་མ་གཞན་དབང་སྟབས་བསྟུན་གྱིས་སྨྲ་རྗོད་རང་དབང་ཙམ་ཡང་མེད་ས་ནས། འདི་འདྲའི་ཚོར་རྫི་སྐྱེན་པའི་གནད་དོན་ཐད་རང་རང་གི་དགོངས་ཚུལ་གསལ་སྟོན་དང་། དགག་བཞག་སྤོང་གསུམ་གྱི་སྒོ་ནས་ཐ་སྙད་འདི་འདྲ་གཏན་ལ་འབེབས་པའི་གོ་སྐབས་ཞིག་ག་ལ་ཡོད།
ཧ་ལས་དགོས་པ་ཞིག་ནི། ང་རང་སྐྱབས་བཅོལ་དུ་འབྱོར་རྗེས་མཐོང་བའི་རང་གཞུང་གི་གཞུང་འབྲེལ་ཡིག་ཆ་གལ་ཆེན་སྤྱི་དང་། ལྷག་པར་དུ་༧གོང་ས་ཆེན་པོའི་གསུམ་བཅུའི་དུས་དྲན་གྱི་ཡོངས་ཁྱབ་གསུང་འཕྲིན་གྱིས་མཚོན་པའི་ཆོས་སྲིད་ལུགས་གཉིས་དང་འབྲེལ་བའི་བླང་དོར་བཀའ་སློབ་ལམ་སྟོན་ཁག་རྒྱ་ནག་སྐད་དུ་འགྱུར་བ་ཐམས་ཅད་ཀྱི་ནང་གང་སར་བོད་་ཀྱི་མིང་ལ་་ 西藏xi zang་་ ཞེས་བྲིས་འདུག་པར་བློ་ཕམ་ཆེན་པོ་བྱུང་། ད་བར་དུ་འདི་འདྲའི་གནད་དོན་གལ་ཆེན་ཐོག་གོ་མེད་ཚོར་མེད་ངང་ཡིན་ཤག་ཤག་གིས་འགྲོ་བསྡད་པ་ནི། སྲིད་དོན་གྱི་གནད་འགག་ཐོག་ནས་བལྟས་ན་ནོར་འཁྲུལ་ཆེན་པོ་ཞིག་རེད་སྙམ།
ང་བཙན་བྱོལ་དུ་འབྱོར་ནས་རིང་བོ་མ་སོང་བར། ༧གོང་ས་མཆོག་དང་རང་གཞུང་གི་བཀའ་འབྲེལ་ལྟར། སུད་སིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས། ནུབ་ཕྱོགས་རྒྱལ་ཁབ་ཁག་བརྒྱད་ལ་ངོ་བསྐྱོད་ཀྱིས་གཞིས་ལུས་བོད་རྒྱ་ཆེའི་མི་དམངས་ཀྱི་ལུས་སེམས་གཉིས་ཀས་མྱངས་དང་མྱོང་བཞིན་པའི་དཀའ་སྡུག་རྣམས་འཛམ་གླིང་མི་དམངས་ཡོངས་ཀྱིས་མཁྱེན་རྟོགས་ཡོང་བའི་འབད་བརྩོན་བྱས་པ་ཡིན། རྒྱལ་ཁབ་དེ་དང་དེ་དག་ཏུ་ཐུག་འཕྲད་བྱུང་བའི་རྒྱ་རིགས་མཁས་པ་རྣམས་དང་། ཨ་རིའི་གྲོང་ཁྱེར་ཉིག་ཡོག་ནས་སྐུ་ཞབས་ང་ཕོད་འཇིགས་ལགས་ཀྱིས་གཙོས་རང་རིགས་མཁྱེན་ལྡན་ཁག་ཅིག་དང་ལྷན་དུ་གནད་དོན་འདིའི་སྐོར་ལ་གོ་སྡུར་བགྲོ་གླེང་ལྷུགས་པོར་ཞུས་པ་ཡིན་ཏེ། བསམ་ཚུལ་མ་འདྲ་བ་ཙམ་དང་བགྲོ་གླེང་བྱས་པ་ཙམ་ལས། གནད་དོན་ཐག་ཆོད་པ་ཞིག་བྱུང་མ་སོང་།
རྗེས་སུ་རྒྱ་གར་དུ་ཚུར་ལོག་ནས། བོད་རང་གི་རྒྱལ་རབས་ལོ་རྒྱུས་དང་། རྒྱ་ནག་སྐད་དུ་ཡོད་པའི་བོད་དང་རྒྱ་ནག་གི་ལོ་རྒྱུས་བྱུང་རབས་སྐོར་གྱི་དེབ་མི་ཉུང་བ་ཞིག་བཀླགས་ཏེ་ནན་ཏན་ཆེན་པོས་དཔྱད་པ་ཞིབ་མོ་བྱས་པ་ཡིན།
བོད་ཀྱི་བཙན་པོའི་རྒྱལ་རབས་དང་། རྒྱ་ནག་གི་ཐང་རྒྱལ་རབས་སྐབས་ནས་བཟུང་། བོད་རྒྱ་གཉིས་བར་ལ་ཞི་དྲག་གཉིས་དང་ཆོས་སྲིད་གཉིས་ཕྱོགས་ནས་མཛའ་དང་མི་མཛའི་འབྲེལ་བ་སྣ་ཚོགས་ཤིག་བྱུང་བའི་མགོ་བརྩམས་འདུག སྐབས་དེ་དང་དེའི་རྒྱ་ནག་གི་ལོ་རྒྱུས་དེབ་ཐེར་ཚང་མའི་ནང་དུ། ང་ཚོ་ལ་ ་吐蕃་་ཅེས་འབོད་ཅེས་འབོད་ཀྱི་འདུག་ལ། ་་ཐུ་བྷོད吐蕃་་ཅེས་བརྗོད་སྐབས་བོད་ཆོལ་ཁ་གསུམ་སྤྱི་ཡོངས་ལ་ཁྱབ་ཀྱི་ཡོད་པའང་གསལ་བོ་འདུག འདིའི་སྐོར་དབོན་ཞང་རྡོ་རིང་གིས་མཚོན་རྡོ་རིང་ཁག་དང་ཏུན་ཧོང་གཏེར་ཡིག་སོགས་སུ་ལས་སླ་བོར་རྙེད་ཀྱི་འདུག
ཡིན་ནའང་སྟབས་ཉེས་པ་ཞིག་ལ། ང་ཚོས་་ཐུ་བྷོད吐蕃་་ཅེས་པའི་ཡིག་འབྲུ་འདི་གཉིས་ཀྱི་གོ་དོན་ཡང་སྙིང་ག་རེ་ཡིན་མིན་སྐོར་རྒྱ་ཡི་ཚིག་མཛོད་ཆེན་མོ་བསྔོགས་སྐབས། སེམས་ལ་ཆུ་འཁྱག་བླུགས་པ་བཞིན་གྲང་ཤུར་ཤུར་ཆགས་སོང་། ་་ཐུ་བྷོད吐蕃་་ཅེས་པ་འདི་ང་ཚོ་བོད་མི་ཡོངས་ལ་མཐོང་ཆུང་ཁྱད་གསོད་ཚད་ལས་འདས་པ་བྱས་པའི་འབོད་ཚུལ་ཞིག་ཡིན་པ་ད་གཟོད་ཤེས་བྱུང་། ་་ཐུ་吐ནི་ཕྱི་ལ་སྐྱུགས་པའི་དོན་དང་། བྷོད་蕃་ནི་ཤེས་རིག་དཔལ་ཡོན་མ་དར་བའི་མི་རིགས་ཀླ་ཀློ་སྤྱོད་པ་རྩང་བོ་ལ་གོ་ཡི་འདུག དེ་འདྲ་ཡིན་སྟབས། ་་ཐུ་བྷོད་吐蕃་་ཀྱིས་ཆོལ་ཁ་གསུམ་པོར་གོ་ཐུབ་ཀྱང་དེའི་གོ་དོན་ཧ་ཅང་མི་ལེགས་པ་དང་བཀྲ་མི་ཤིས་པར་མཐོང་བས་བེད་སྤྱོད་མ་བྱས་པར་བཞག་པ་ཡིན། འདི་གཅིག་ཡིན།
ད་དེ་ནས། ་་西藏xi zang་་ཟེར་བའི་ཐ་སྙད་ཁྱད་མཚར་འདིའི་སྐོར་ལ་ཉམས་ཞིབ་ཅིག་བྱས་པ་ཡིན།
འབོད་ཚུལ་འདི་མཉྫུའི་གོང་མ་་ཁཱང་ཞིའི་སྐབས་ནས་གསར་དུ་བྱུང་བ་ཞིག་རེད་འདུག རྩ་བས་ཐ་སྙད་འདིའི་ངོ་གདོང་ནས་གོ་བ་ཞིག་བླངས་པ་ཡིན་ན། ་་ཤཱི་西ནི་་རྒྱ་ནག་སྐད་དེ། ནུབ་ཀྱི་དོན་་དང་། ་་ཙང藏་་ནི་བོད་སྐད་ཀྱི་སྒྲ་ཟུར་ཆག་པ་སྟེ། བོད་སྐད་དུ་དབུས་གཙང་ཞེས་འབོད་པའི་གཙང་གི་སྒྲ་གཅིག་པོ་ཚུར་བླངས་ཏེ་བཟོས་པའི་རྒྱ་བོད་སྐད་གཉིས་འདྲེས་མའི་འབོད་ཚུལ་ཞིག་རེད་འདུག དེས་ན་འབོད་ཚུལ་གསར་བ་འདི་བྱུང་མ་ཐག་པའི་སྐད་ཅིག་དང་བོ་དེ་ནས་བཟུང་། ཐ་སྙད་འདིའི་ངོ་གདོང་རང་ནས་འགྲེལ་བཤད་ཅིག་བརྒྱབ་པ་ཡིན་ན། མདོ་སྟོད་སྨད་གཉིས་ཚུད་པའི་བོད་ཆོལ་ཁ་གསུམ་ཡོངས་ལ་ཁྱབ་རྒྱུ་ལྟ་ཅི། ཐ་ན་དབུས་གཙང་མངའ་རིས་དང་བཅས་པར་འབོད་པའི་ནང་གི་གཙང་གི་ཡུལ་ཁོ་ན་ཙམ་ལས་གོ་མི་ཐུབ་ཆགས་ཡོད།
ཐ་སྙད་འདིའི་ཐོག་མའི་བྱུང་རྐྱེན་སྐོར་ལ་ཉམས་ཞིབ་བྱས་ཡོང་དུས། རང་བཞིན་གྱིས་༧རྒྱལ་བ་ཡབ་སྲས་གཉིས་ཀྱི་མཛད་པ་འཕྲིན་ལས་དང་འབྲེལ་བ་ཞིག་ཆགས་ཡོང་གི་འདུག་ལ། ལྷག་པར་དུ་གཙང་པན་ཆེན་རིན་པོ་ཆེ་དང་འབྲེལ་བ་དམིགས་བསལ་ཡོད་པ་འདྲ་བོ་ཞིག་འདུག གང་ལྟར་མཉྫུ་གོང་མ་་ཁཱང་ཞི་་ཁྲི་ཐོག་སྐབས། པན་ཆེན་རིན་པོ་ཆེར་མཚན་འཁོད་ཕྱག་བྲིས་ཤིག་གནང་བའི་ནང་། ་་ཤཱི་ཙང་པན་ཆེན་ཧུ་ཐོག་ཐུ ་་ཞེས་གསལ་འདུག་པ་དང་། དུས་དེ་ནས་བཟུང་རྒྱ་ནག་གི་ཡིག་ཆ་ཚང་མའི་ནང་དུ་་ཤཱི་ཙང་་ཞེས་པའི་ཡིག་འབྲུ་འདི་གཉིས་ས་ཁྱབ་རྡོ་ཁྱབ་ཏུ་འབྲི་མགོ་བརྩམས་འདུག
དེ་ནས་གོ་མིན་ཏང་དང་གུང་ཁྲན་ཏང་། ལྷག་པར་དུ་གུང་ཁྲན་ཏང་གི་སྐབས་ལ་་ཤཱི་ཙང་་ཞེས་པའི་ཐ་སྙད་བཀྲ་མ་ཤིས་པ་འདི་འབྲི་སྤྱོད་ཀྱི་རྒྱུན་མཐུད་པ་ཙམ་དུ་མ་ཟད། སྔར་ལས་ཀྱང་སྡུག་ཐོག་སྡུག་བརྩེགས་ཀྱིས། བོད་ས་དུམ་བུ་མང་བོར་བཅད་དེ་དབུས་གཙང་གི་ཕྱོགས་དེ་་ཤཱི་ཙང་་ཞེས་པའི་མིང་གི་འོག་དང་། བོད་ས་གཞན་རྣམས་རྒྱ་ནག་གི་ཞིང་ཆེན་གཞན་པའི་ནང་ཟླ་བསྒྲིལ་གྱིས། ་་ ཆིན་ཧེ་་ ཀན་སུ་་ ཟི་ཁྲོན་་ ཡུན་ནན་སོགས་ཀྱི་ཁོངས་སུ་ཡོད་པའི་བོད་ས་རྣམས་དང་བོད་ས་དེ་དང་དེར་གནས་པའི་བོད་མི་རྣམས་རིམ་གྱིས་མིང་གི་ལྷག་མ་ཙམ་ཡང་མེད་པ་བཟོ་འདོད་ཡོད་པ་ཟུར་བལྟས་ལེབ་མཐོང་རེད།
གོང་གསལ་ལོ་རྒྱུས་ཀྱི་བྱུང་རབས་རྒྱབ་ལྗོངས་དང་བྱུང་རྐྱེན་སོགས་ལས་ང་ཚོས་གསལ་བོར་རྟོགས་ཐུབ་པ་ནི། ་་ཐུ་བྷོད་་ཅེས་པའི་འབོད་ཚུལ་འདིའི་གོ་དོན་ཧ་ཅང་མི་ལེགས་པ་མ་གཏོགས། བོད་ཆོལ་ཁ་གསུམ་པོར་ཁྱབ་པའི་བོད་ཀྱི་སྤྱི་མིང་ཞིག་དང་། དེས་བོད་འདི་རྒྱལ་ཁབ་ཅིག་ཡིན་པའི་ངོ་བོ་དང་གདན་ཐོབ་ལ་དོ་ཕོག་འགྲོ་ཡི་མེད་པ་རེད།
འོན་ཀྱང་། ་་ཤཱི་ཙང་་ཟེར་བའི་འབོད་ཚུལ་འདི་བྱུང་བ་ནས་བཟུང་། བོད་འདི་རྒྱལ་ཁབ་རང་རྐྱ་འཕེར་བ་ཞིག་ཡིན་པའི་་ངོ་བོ་དང་ལོ་རྒྱུས་གོ་གནས་སམ་གདན་ཐོབ་མེད་པར་བཟོས་པ་རེད། རྒྱུ་མཚན་འདི་དག་ལ་བརྟེན་ནས། ངས་་ཤཱི་ཙང་་ཞེས་པའི་ཐ་སྙད་འདིའི་ནུས་པ་ནི། མི་ཤི་རྟ་འགྱེལ་གྱི་གཡུལ་འཁྲུག་ཆེན་པོ་ཞིག་གིས་བསྐྱེད་པའི་གོད་ཆག་ལས་ལྡབ་འགྱུར་གྱིས་ཆེ་བ་དང་ངན་སྔགས་འཆང་བ་སྟོང་ཕྲག་དུ་མས་དུས་གཅིག་ཏུ་མཐུ་བརྒྱབ་པ་ལས་ཀྱང་སྡུག་པར་ངོས་འཛིན་གྱི་ཡོད།
་་ཐུ་བྷོད་་དང་་ཤཱི་ཙང་གཉིས་ཀ་མི་འགྲིག་སྟབས། དེ་སྔའི་ཆོས་རྒྱལ་ཚོའི་སྐབས། རྒྱ་ནག་གིས་བོད་ལ་འབོད་པའི་་ཐུ་བྷོད་་ཀྱི་སྒྲ་རང་སོར་བཞག་སྟེ། དོན་གྱི་གོ་བ་ཤིན་ཏུ་བཀྲ་ཤིས་ཕུན་སུམ་ཚོགས་པའི་ཡི་གེ་གཉིས་གསར་དུ་བཟོས་ནས་ དེ་རིང་འདིར་གྲོས་ཚོགས་ཀྱི་གསོལ་ཅོག་ཐོག་ཁྱེར་ཡོང་ཡོད། ཡི་གེ་འདི་གཉིས་ཀྱི་དང་བོ་་图་ཡི་དོན་ནི། དམིགས་ཡུལ་རླབས་པོ་ཆེ་ཞིག་འགྲུབ་ཆེད་འབད་བརྩོན་བྱེད་པ་དང་། ་་བྷོད་博་ བོད་རང་གི་སྒྲ་དང་ཉེ་བ་ཙམ་དུ་མ་ཟད། འདིའི་གོ་དོན་ནི་རྒྱ་ཆེ་ལ་གཏིང་ཟབ་པའི་དོན་ཡིན་པས། ནང་བ་སངས་རྒྱས་པའི་ཆོས་ལ་གོ་ཆོག་པ་མ་ཟད། འགྲོ་བ་སེམས་ཅན་ཡོངས་ལ་ཚད་མེད་པའི་སྙིང་རྗེ་མངའ་བའི་དོན་ཡང་ཡོད་པས། འཕགས་མཆོག་ཕྱག་ན་པདྨོར་རང་བཞིན་གྱི་གོ་འགྲོ་བ་ཞིག་ཡོད་པས་རྟེན་འབྲེལ་འབྲེལ་གྱི་ཆ་ནས་ཀྱང་ཤིན་ཏུ་ལེགས་པར་མཐོང་གི་ཡོད།
གོང་ཞུས་བྱུང་རབས་དང་རྒྱབ་ལྗོངས་ཀྱི་གནས་ཚུལ། དེ་ལས་ཀྱང་གལ་ཆེ་བ་སྲིད་དོན་གྱི་གནད་འགག་ཐོག་དགག་དགོས་རྒྱུ་མཚན་ཅི་ཆགས་སྐོར་ལ། སྤྱི་འཐུས་རྣམ་པ་ཚང་མས་དགོངས་པ་ཟབ་བཞེས་གནང་ཐོག གྲོས་འཆར་འདིར་སྤྱི་མོས་རྒྱབ་སྐྱོར་ཡོང་བའི་རེ་བ་ཞུ་བཞིན་ཡོད།
གྲོས་ཆོད་གྲོས་འཆར།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་བསྩལ་བའི་ལུགས་གཉིས་བླང་དོར་བཀའ་སློབ་ཀྱིས། བོད་ཀྱི་ཆོས་དང་རིག་གཞུང་། ལོ་རྒྱུས་དེབ་ཐེར་སོགས་སྤྱི་དང་། ལྷག་དོན་རང་གཞུང་གི་གཞུང་འབྲེལ་ཡིག་ཆ་ཁག་རྒྱ་ནག་སྐད་དུ་སྒྱུར་བའམ་ཡང་ན་རང་ཕྱོགས་ནས་ཐད་ཀར་དུ་རྒྱ་ཡིག་གི་དུས་དེབ་དང་གསར་ཤོག་སོགས་འདོན་འགྲེམ་སྐབས། བོད་་ཀྱི་སྐད་དོད་དུ་་ཐུ་བྷོད图博་་དང་་བྷོད博་་ཅེས་འབྲི་རྗོད་དགོས་པ་མ་ཟད། བོད་ས་སྟོད་སྨད་བར་གསུམ་གྱི་ས་མིང་ཆུ་མིང་རིའི་མིང་དང་གྲོང་སྡེའི་མིང་སོགས་ཚང་མ། བོད་རང་གི་ལོ་རྒྱུས་སུ་ཇི་ལྟར་འབོད་པ་དེ་དེ་བཞིན་དུ་ཡུལ་བྱེ་བྲག་པ་དེ་དང་དེའི་ཡུལ་མིའི་རང་སྐད་གཞིར་བཞག་གིས་སྒྲ་ཇི་བཞིན་པར་བསྒྱུར་དགོས་པ་ལས། ་་ཤི་ཙང西藏་་གིས་མཚོན། རྒྱ་དམར་གྱིས་གསར་དུ་བཏགས་པའི་ཐ་སྙད་རིགས་བེད་སྤྱོད་ནམ་ཡང་མི་ཆོག་པའི་གྲོས་ཆོད་དུ།
བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ནས། ཞེས་བཏོན་པར།
སྤྱི་འཐུས་རྨེའུ་མགོན་པོ་མཚོས་རྒྱབ་སྐྱོར་གནང་།
དགག་བྱ་གནང་སྤྱི་འཐུས་གཅིག་ཀྱང་མ་བྱུང་བས།
ཕྱི་ལོ་༡༩༩༨ ཟླ་ ༩ ཚེས་༢༢ ཉིན། སྤྱི་མོས་བྱུང་།
ཕྱི་ལོ་ ༡༩༩༨ ཟླ་༩ ཚེས་ ༡༥ ནས་ཚེས་ ༢༥ བར་ཚོགས་པའི་སྐབས་བཅུ་གཉིས་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དྲུག་པའི་ཐོག་གཏན་ལ་ཕབ་པའི་གྲོས་ཆོད།
ཟུར་མཆན། གོང་གསལ་གྲོས་ཆོད་དང་དེའི་སྔོན་གླེང་གསལ་བཤད་རྣམས། སྐབས་དེའི་གྲོས་ཚོགས་ལས་རིམ་གསར་ཤོག་ཏུ་ཡོད་པ་ལ་སྣོན་འཕྲི་ལེགས་བཅོས་ཅུང་ཟད་བྱས་ཏེ། བྱང་ཨ་རིའི་རྒྱལ་ས་ཝ་ཞིན་ཌོན་ནས། ཕྱི་ལོ་ ༢༠༡༤ ཟླ་ལྔ་བའི་ཚེས་༢༡ རེས་གཟའ་ཕུར་བུ་དགེ་བའི་ཉིན་གྲུབ་པར་བགྱིས་ཏེ་དྲ་ལམ་དུ་བསྟར་བ་འདིས་ཀྱང་། མཁྱེན་དཔྱོད་ཡངས་པ་གང་ན་སུ་བཞུགས་ཀྱི་ཐུགས་སྣང་འདྲེན་པ་དང་། རྒྱབ་སྐྱོར་གནང་འོས་གནང་ལམ་ཡོང་བའི་རེ་སྐུལ་བཅས། སྤྱི་ཟུར་མིང་ཅན་གདུགས་དཀར་ཚེ་རིང་གིས།
གདུགས་དཀར་ཚེ་རིང་ལགས་ཀྱི་གོང་ནས་སྤེལ་བའི་མཆན་དེ་རང་རྐྱ་ཐུབ་པའི་རྩོམ་གྱི་ཚུལ་དུ་ཁ་བརྡར་བཀོད་ན་མཛེས་པར་མཐོང་། གལ་སྲིད་ཁ་བརྡས་བཀག་ན་ད་གཟོད་མཆན་གྱི་ཚུལ་དུ་འགོད་དགོས། དེ་ལྟར་བགྱིས་ན་ང་ཚོ་མཆན་པས་མཆན་འདེབས་བདེའོ།
ཡག་པོ་འདུག།
མཆན་ག་རེ་བཀོད་ཀྱང་བོད་པའི་སྤྱི་ཚོགས་ལ་ཕན་པའི་བཀའ་སློབ་ཡོད་ན་བྲིས། དེ་མིན་དཀྲུག་ཤིང་རྒྱབ་ཡས་མཆན་རིགས་མ་སྐྱོན་རོགས་གནང་། རང་གཞན་ཚང་མའི་དུས་ཚོད་འཕྲོ་བརླགས་རེད།