རྔ་བ་རྒྱལ་ཁམས་པ།
སྔོན་དུ་འགྲོ་བའི་གཏམ།
ས་གཤིས་རིག་པ་ཞེས་པ་ནི། ས་གཞི་བརྟག་ཐབས་ཀྱི་རིག་པ་ཞིག་སྟེ། སའི་གོ་ལ་དང་དེའི་གྲུབ་རྒྱུ། ཕྱི་ནང་གི་བཟོ་བཀོད། སྐྱེ་འཇིག་སོགས་བརྟག་ཐབས་ཞིག་ལ་གོ་དགོས། ས་ཁམས་རིག་པ་བ་དག་གིས་ས་གཞིའི་ཕྱི་ཤུན་དང་། ནང་ལོགས། དེའི་ཡང་ཐོག་ནས་རྒྱ་མཚོའི་གཏིང་མཐའ་བར་གྱི་གྲུབ་ཚད། གླིང་དང་གླིང་ཕྲན། ས་སྙིང་། རི་བོ་དང་རི་ཕྲན། ཆུ་བོ་དང་ཆུ་ཕྲན། གནམ་གཤིས། རྗེས་ཤུལ་འགྱུར་རྡོའི་གཏེར་རིགས། དཀྱུས་མའི་ས་རྡོ་ཚུན་ཆད་ལའང་བརྟག་དཔྱད་བྱས་ཏེ། ས་ཁམས་རིག་པའི་ལོ་རྒྱུས་དང་། འཕེལ་རིམ། འགྱུར་འགྲོས་སོགས་ལ་གཏིང་ཐུག་པའི་རྒྱུས་ལོན་བརྒྱུད། རང་རང་གི་ཉམས་མྱོང་ལས་བྱུང་བའི་ལྟ་ཚུལ་སྣ་ཚོགས་འདོན་བཞིན་ཡོད། ང་ཚོས་མཉམ་པར་མ་བཞག་པར་ཧོབ་སྟེ་བལྟས་ན། དཀྱུས་མའི་སྣང་ཚུལ་འདི་ལས་ངོ་མཚར་བའི་ཉམས་སྣང་དེ་འདྲ་འཆར་དཀའ་ནའང་། ལེགས་པར་བསམ་བློ་རེ་བཏང་ན། ང་ཚོ་དང་ང་ཚོའི་འཇིག་རྟེན་གྱི་ཁམས་འདི་ངོ་མཚར་བའི་གནས་ཚུལ་སྣ་ཚོགས་ཀྱིས་ཕྱུར་བུར་གཏམས་ཡོད། ཚུལ་དེ་ནི་གནའ་ཆེས་སྔ་མོའི་མི་རྣམས་ཀྱིས་ཀྱང་རྟོགས་འདུག་སྟེ། སངས་རྒྱས་ཀྱིས་འདི་ལ་ལས་སྣང་གི་འཇིག་རྟེན་དང་། དག་པ་རབ་འབྱམས་ཀྱི་ཞིང་ཁམས། འཁོར་བ་དང་མྱང་འདས། ཀུན་རྫོབ་དང་དོན་དམ། སྟོང་རྟེན་འབྲེལ་སོགས་མིང་བརྡ་སྣ་ཚོགས་ཤིག་གི་ལམ་ནས་འགྲེལ་བརྗོད་གནང་ཡོད། རྒུ་རིག་པ་Plato་ཕི་ལེ་ཁྲོ་མཆོག་གིས་ཀྱང་། སེམས་ལྡན་སེམས་མེད་ཀྱི་ཆོས་གང་ལའང་སྐྱེ་འཇིག་བྲལ་ཞིང་། ལྟོས་མེད་ཕུན་ཚོགས་ཀྱི་རང་བཞིན་ལྷུན་གྲུབ་ཏུ་ཡོད་པར་འདོད་པ་དང། འཇིག་རྟེན་འདིའི་ཕ་རོལ་ན་འཇིག་རྟེན་འདི་ཉིད་ཀྱི་དཔེ་གཞིར་གྱུར་བའི་འཇིག་རྟེན་གཞན་པ། སྐྱེ་འཇིག་དང་འཕོ་འགྱུར་བྲལ་ཞིང་། གཞན་ལ་ལྟོས་མེད་ཀྱི་ཕུན་སུམ་ཚོགས་པའི་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པར་འདོད་པ་དང་། ཡང་ཁོང་གིས་ཆོས་ཐམས་ཅད་ལ༼གཟུགས་བརྙན་༽གྱི་མིང་གིས་བསྙད་ཚུལ་ལ་གཞིགས་ན། རང་ཅག་གི་སྣང་ཡུལ་དུ་གྱུར་པའི་ཆོས་འདི་དག་གཟུགས་བརྙན་ལས་གཟུགས་དངོས་མ་ཡིན་ཞིང་། གཟུགས་དངོས་ནི་ཆོས་འདི་དག་གི་དཔེ་གཞིའི་རྟག་བརྟན་གྱི་བདེན་པ་དེར་འཇོག་གི་ཡོད་པར་ཚོད་དཔགས་བྱེད་ཐུབ། དེ་བཞིན་རྒུ་རིག་པ་Aristotleཨ་རེ་སི་ཁྲོ་ཁྲལ་མཆོག་གིས། འཇིག་རྟེན་ཁམས་ཀྱི་ཆོས་ཐམས་ཅད་ལ་ངོ་མཚར་བའི་ཁྱད་ཆོས་ཤིག་རང་ཆས་སུ་ཡོད་པར་སྦྱངས་བཤད་གནང་ཡོད། འདས་པའི་མི་ལོ་ཐེར་འབུམ༡༣.༧གྱི་ཡར་སྔོན་ཞིག་ལ། སའི་གོ་ལ་འདི་དང་ང་ཚོའི་འཇིག་རྟེན་ཧྲིལ་བོའི་གྲུབ་རྒྱུ་གཟུགས་མེད་ནུས་པའི་གོང་བུ་ཞིག་དང་མཉམ་དུ་འདྲེས་པའམ། ཡང་ན་དེའི་ངོ་བོར་ཡིབ་ནས་གནས་ཡོད་པར་ཆ་འཇོག་བྱས་ཀྱང་འགྲིགས་པར་སྣང་ཞིང་། དེ་ནས་ནུས་པ་དེ་ཁ་སོ་སོར་འཐོར་བས་འཇིག་རྟེན་གྱི་ཁམས་བཞེངས་སྐྲུན་གྱི་མགོ་བསླངས། འཇིག་རྟེན་བཞེངས་སྐྲུན་བྱེད་མཁན་གཙོ་བོའི་གྲས་ནི། སྣང་ཚུལ་ལྟར་ན་འཇིག་རྟེན་འགྲུབ་བྱེད་ཀྱི་ནུས་པ་སྤྱིའི་རང་གདངས་ན་གཏིང་གསལ་དུ་གནས་པའི་ས་ཆུ་མེ་རླུང་གི་ས་བོན་དག་ཡིན་ཞིང་། གནས་ཚུལ་ལྟར་ན། ས་ཁམས་དག་པ་སྤྱན་མ་གོས་དཀར་མོ། མེ་ཁམས་དག་པ་གོས་དཀར་མོ་དམར་མོ། ཆུ་ཁམས་དག་པ་མ་མྰ་ཀི་སྔོན་མོ། རླུང་ཁམས་དག་པ་རྗེ་བཙུན་སྒྲོལ་ལྗང་བཅས་ཡིན། བཟོ་བ་དེ་དག་གིས་ལོ་བར་མང་བོའི་རིང་དཀའ་ལས་བརྒྱབ་པའི་འབྲས་བུར།༼ངའི་བསམ་གཞིག༽བར་སྣང་དང་། དུས། ཉི་ཟླ་གཟའ་སྐར་སོགས་གྲུབ་པ་ཞིག་རེད། ཉིན་མོའི་དུས་སུ་རང་གི་ཁོར་ཡུག་ན་ཡོད་པའི་རི་ར་བ་ཁང་ཁྱིམ། ཁང་རྩེག་ཆེ་ཆུང་། འགྲིམ་འགྲུལ་གྱི་ལམ་ཁ། རླངས་འཁོར། མེ་འཁོར། གནམ་གྲུ། འཚངས་ཀ་ཤིག་ཤིག་གི་མི་ཚོགས། རྟ་ནོར་ལུག་གསུམ། འབུ་སྲིན་སྲོག་ཆགས་སོགས་ལའང་ཞིབ་མོའི་ལུགས་སུ་བལྟས་ཤིང་བརྟག མཚན་མོར་རྒྱང་ཐག་རིང་ཐུང་ན་ཁྲ་ཆེམ་ཆེམ་བྱེད་པའི་སྐར་ཚོགས་ཀྱི་ཕུང་བོ་དང་། ཉི་ཟླའི་འཕེལ་འགྲིབ། གནམ་གཤིས་ཀྱི་འགྱུར་འགྲོས་སོགས་ལ་བསྟན་མོ་རེ་བལྟས་ན། ང་ཚོ་རང་ཉིད་ཐེ་བའི་ང་ཚོའི་ཡོད་ཚད་ས་གཞི་འདི་ལས་བྱུང་བ་དང་། ས་གཞི་ཉི་ཁྱིམ་ལས་བྱུང་བ། ཉི་ཁྱིམ་རྒུ་ཚིགས་ལས་བྱུང་བ། རྒུ་ཚིགས་འབར་གས་ལས་བྱུང་བ། འབར་གས་ནུས་པ་ལས་བྱུང་བ། ནུས་པ་ཆོས་ཉིད་ལས་བྱུང་བ། ཆོས་ཉིད་རང་སེམས་ཀྱིས་འཇོག་ཚུལ་སོགས་ལ་ཞིབ་མོར་བསམ་ཚེ། འཇིག་རྟེན་གྱི་ཁམས་ཧྲིལ་བོ་ནུས་པའི་སྤྱི་ཁོག་གཅིག་ལས་མཆེད་ཀྱང་། རྣམ་པ་སོ་སོར་གྱུར་པ་ཞིག་ཡིན་པའི་ངེས་ཤེས་འདྲོངས་ཞིང་། ང་ཚོ་རང་ཉིད་ཀྱི་ལུས་པོ་གཅིག་པུའི་ངོས་ནའང་། ཉི་ཟླ་གཟའ་སྐར་སོགས་འཇིག་རྟེན་ཁམས་ཀྱི་ཆོས་རེ་རེའི་ཆ་ཤས་རེ་རེ་ཡོད་པའི་སྣང་ཤེས་འགོག་མེད་དུ་སྐྱེ་འོང་། གནམ་ས་གཉིས་ཁ་ཕྱེ་བ་ནས་རིམ་པས་འགྲོ་བ་མིའི་རིགས་བྱུང་ཞིང་། རང་བྱུང་ཁམས་ཀྱིས་སྲོག་ལྡན་དང་། དེ་གང་ལ་བརྟེན་ཡུལ་གྱི་ཁོར་ཡུག་གཉིས་དག་དག་འཚམས་པོར་བཟོས་ཡོད་སྟབས། སྐམ་གྱི་སྲོག་ཆགས་སྐམ་ལ་གནས་བདེ་ཞིང་། ཆུ་ཡི་སྲོག་ཆགས་ཆུ་ལ་འཚོ་བདེ་བའི་རྟེན་འབྲེལ་གྱི་གནས་ལུགས་དེ་བྱུང་འདུག ཡ་ཐོག་གི་མི་ཚོས་སའི་གོ་ལ་འདི་ཟླུམ་པོ་ཞིག་གམ། ཡང་ན་ལེབ་ལེབ་ཅིག་ཡིན་མིན། དེའི་མགོ་གང་ནས་ཚུགས་ཤིང་མཇུག་ཇི་ལྟར་བསྡུ་བ། ས་གཡོ་དང་མེ་རིའི་གས་འཐོར། རི་བོ་དང་རི་ཕྲན་གྱི་ཆགས་བཀོད། མཚོ་དང་མཚེ་ལག རྒྱུག་ཆུ་ཆེ་ཆུང་སོགས་ལ་བསམ་གཞིག་དང་། ལྟ་ཚུལ་སྣ་ཚོགས་ཤིག་བཏོན་མྱོང་ཡོད་ཀྱང་། དེང་སྐབས་ནི་མི་ཕལ་ཆེར་གྱིས་སའི་གོ་ལ་འདི་ཟླུམ་པོ་ཞིག་ཡིན་པ་དང་། དེའང་ཉི་མ་ལ་སྐོར་བ་བྱེད་བཞིན་པ། ཉི་མའང་མཐའ་ཡས་པའི་སྐར་ཚོགས་ཁྲོད་ཀྱི་གཅིག་ཡིན་པའི་གནས་ཚུལ་དེ་ཤེས་རྟོགས་ཐུབ་ཡོད། ཚན་རིག་པ་ཚོས་ས་རྡོ་དང་། རྩི་ཤིང་ནགས་ཚལ་སོགས་ལ་བརྟག་པ་བྱས་པས། ང་ཚོའི་ས་གཞི་འདི་བཞིན་ལོ་ན་ཐེར་འབུམ༤.༥ལ་སླེབས་པར་ཐག་བཅད་པ་མ་ཟད། མཁའ་རླུང་དང་། འཁྱག་དར། རྒྱུག་ཆུ། ཚ་ཁྲོད་སོགས་ལས་སའི་གོ་ལའི་གདོང་དབྱིབས་ཀྱི་རྣམ་པ་ཡང་ཡང་འགྱུར་བཞིན་ཡོད་པར་བཤད། ཡོངས་གྲགས་སའི་ཕྱི་ཤུན་དེ་སའི་བྱང་བུའམ་དུམ་པུ་ཆེན་པོ་ཉི་ཤུ་ཡས་མས་ཤིག་ལས་གྲུབ་པར་བཤད་ཅིང་། དེའང་ག་ལེར་འགུལ་ཤུགས་ཀྱིས་དེད་པའམ། འབུད་རྒྱག་བྱེད་བཞིན་ཡོད་སྟབས། ས་གཡོ་བ། ཆུ་འཕྱུར་བ། མེ་རི་གད་པ་སོགས་འབྱུང་ཞིང་། རྐྱེན་དེའི་རི་བོ་དང་རི་ཕྲན་ལུང་ཤུར་ཆེ་ཆུང་སོགས་གསར་བཞེངས་བྱེད་ཀྱིན་ཡོད་པ་དང་། ས་གཞིའི་ཕྱི་ཤུན་ལས་མ་ལེ་བརྒྱ་ཕྲག་གིས་ཆོད་པའི་གཏིང་རིམ་ན། ཚ་ཤུགས་རྒྱ་ཆེ་བའི་བྲག་ཞུན་ལས་གྲུབ་པའི་ས་སྙིང་ཡོད་པར་ཤེས་རྟོགས་བྱུང་བས། གནའ་སྔ་མོའི་མི་ཚོས་ས་སྙིང་ཆུས་བཀང་ནས་ཡོད་པར་འདོད་པའི་བསམ་ཚུལ་དེ་རང་བཞིན་གྱིས་ཁུངས་མེད་དུ་གྱུར། ད་ལྟའི་ང་ཚོའི་ས་གཞི་དང་འབྲེལ་བའི་ཤེས་རིག་ཕལ་ཆེར་ཞིག རང་བྱུང་འཇིག་རྟེན་གྱི་འཕོ་འགྱུར་ལ། སྣང་ཚུལ་ལས་འདས་པའི་ལྷ་སྣང་རྫུ་འཕྲུལ་གྱི་ལྟ་ཚུལ་དང་། ས་ཁམས་དངོས་དོན་ལ་བཅར་བའི་འགྲོ་བ་མིའི་རྣམ་དཔྱོད་གཉིས། བདེན་དཔང་བཙུགས། འགྲན་རྩོད་བྱས། སྡུག་སྦྱོང་དང་མནར་གཅོད་སོགས། དཀའ་སྡུག་གི་ལམ་བུ་མང་བོ་བརྒྱུད་མྱོང་བའི་ཤེས་རིག་གི་གྲུབ་ཆ་ཞིག་ཡིན་ཞེས་ཀྱང་བཤད་ཆོག མུ་འགོད།
བམ་ཀློག་ཅིག་བྱས་པ་ཡིན། ཤིན་ཏུ་བཟང་། རྒྱུན་མཐུད་རོགས། དུས་ཚོད་བཙལ་ཏེ་ཞིབ་ཀློག་བྱ་ངེས་ཡིན། རྩོམ་པ་པོའི་མཚན་བཀོད་ན་ཨེ་ཆོག
རེད་ཡ།
NASA དང་ EESA གཉིས་ནས་སྟོང་ཁམས་ཆེན་མོར་རྒྱུས་ལོན་བྱས་པ་ནི་ང་ལ་མཚོན་ན་ཧ་ལས་ཧོན་ཐོར་གི་གནས་ཙམ་དུ་མ་ཟད། དེ་སྔོན་གི་འཇིག་རྟེན་ཁམས་དང་ལྷ་ཡི་ཞིང་ཁམས་སོགས་ཁག་ཅིག་ཤ་རིས་ཐང་གསལ་བཟོས་ནས་མི་རྣམས་ཀྱི་ཀླད་པའི་ནང་ཡོད་པའི་རྣམ་རྟོག་གི་སྨུག་ལོང་སྟུག་པོའི་ཁྲོད་དྭངས་གསལ་གི་གློག་སྒྲོན་ཁྲ་ལམ་མེར་སྦར་ཐུབ་པ་བྱུང་བ་རེད།
དཔེར་ན། སྤྱི་ལོ་སྔོན་གི་ལོ་ས་ཡ་ ༤༠༠༠ ནས་ ༧༠༠ བར་གི་དུས་སྐབས་སུ་འཇིག་རྟེན་ཐོག་སེམས་ཅན་དང་རྩི་ཤིང་ནགས་ཚལ་གང་ཡང་མེད་པ།
སྤྱི་ལོ་སྔོན་གྱི་ལོ་ས་ཡ་ ༧༠༠ ནས་ ༥༧༠ སྐབས་སུ་རྒྱ་མཚོའི་གཏིང་བཟའ་ཤ་དང་ཤ་མོའི་རིགས་བྱུང་བ།
སྤྱི་ལོ་སྔོན་ལོ་ས་ཡ་་༥༧༠ ནས་ ༤༣༨ སྲིན་འབུ་ཕྲ་མོ་དང་ཉ་ཡི་རིགས་བྱུང་བ་སོགས།
དེ་ནས་རིམ་གྱིས་རྩི་ཤིང་ནགས་ཚལ་དང་འདབ་ཆགས་སྲོག་ལྡན་རྣམས་ག་ལེར་འཕེལ་སྐྱེད་རིམ་བྱུང་གིས་ད་ལྟའི་མི་ལ་སོགས་པ་རྣམས་ཀྱི་འཕེལ་རིམ་ཞིབ་ཅིང་ཕྲ་བ།
གནམ་དཔྱད་མཁན་པོའི་ཤེས་རྟོགས་ལྟར་ན་རྒྱང་ཐག་ཤིན་ཏུ་རིང་བའི་སྐར་ཚོགས་ཕབ་ལེན་གྱི་ཕྲ་མཐོང་རྒྱང་ཤེལ་ལྡན་པའི་འཁོར་སྐར་ཞིག་སྟོང་ཁམས་གྱི་ལྷོ་ནས་བྱང་གི་ཕྱོགས་སུ་ཐད་ཀར་ཉིན་གྲངས་ཉེར་བརྒྱད་རིང་འཕུར་བསྐྱོད་བྱེད་པའི་དུས་ཡུན་ནང་འཐིག་རྟེན་གྱི་ཁམས་རིགས་མི་འདྲ་བ་སྟོང་ཕྲག་གཅིག་ལྷག་ཙམ་རྙེད་སོན ་བྱུང་བ་ལྟ་བུ་རེད།
དེ་དག་གི་ཁྲོད་ནས་མཐོང་བའི་མང་པོ་ཞིག་ནི་འཇིག་རྟེན་གོ་ལ་གཅིག་རང་གཅིག་སྟེ་མ་ཡིན་པར་འཇིག་རྟེན་དུ་འདུས་པའི་ཉི་མའི་དཀྱིལ་འཁོར་རམ་དགུ་ཚིགས་སྐྱ་མོ་དག་རེད། དགུ་ཚིགས་གཅིག་ལ་མ་མཐར་ཡང་སྐར་མ་་ས་ཡ་ཁྲི་གཅིག་ལྷག་ཡོད་པར་བཤད། ཁོང་ཅག་གི་བཤད་པ་ལྟར་ན་མཚན་མོ་མིག་གིས་མཐོང་བའི་སྐར་མང་པོ་ཞིག་ནི་སྐར་མ་མ་ཡིན་པར་ཉི་མ་ཡིན་པར་ངོས་འཛིན་བྱེད། ད་དུང་གཞན་ཁག་ཅིག་ནི་དགུ་ཚིགས་རེད་ཟེར།
འཇིག་རྟེན་དུ་འདུས་པའི་་་་་་་་་་་་་་འཇིག་རྟེན་དུ་མ་འདུས་པའི་ཉི་མའི་དཀྱིལ་འཁོར་ལ་བཅོས།
གསར་པ་དམིགས་བསལ་ཅང་མི་འདུག
ཀླུ་སྨྱོན་ལ་ངོ་རྒོལ་ཡིན་པའི་ཁུལ་ཡིན་ས་རེད། དེ་འགྲིག་འདུག
ཨ་རིའི་NASA་གནམ་རིག་བརྟག་དཔྱད་ཁང་གིས་བཏོན་པའི་སྙན་ཐོ་དང་གནས་ཚུལ་མང་པོ་ཞིག་བཀོད་པ་ལྟར་གཟའ་དང་སྐར་མ། དུ་བ་མཇུག་རིང་། སྐར་རྡོ་སོགས་སྤྱི་ལེ་ཐེར་འབུམ་གྱིས་ཆོད་པའི་གནས་ཚུལ་རྣམས་ཕྲ་ཞིང་གསལ་བ་བཀོད་ནས་མིག་ལམ་དུ་བསྟར་མོད། ང་ཚོའི་ཆོས་མངོན་པ་མཛོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་གླིང་བཞི་གླིང་ཕྲན་བརྒྱད། གསེར་གྱི་རི་བདུན། རོལ་བའི་མཚོ་བདུན། ཕྱིའི་རྒྱ་མཚོ་དང་ནང་གི་རྒྱ་མཚོ། ཉི་ཟླ་འཆར་ནུབ་སོགས་རྒྱང་ཤེལ་བརྒྱུད་ནས་མཐོང་འདོད་ཡོད་མོད། ནམ་ཡང་མིག་ལམ་དུ་བསྟར་ཐུབ་པ་ཞིག་ག་ལ་ཡིན། ད་དུང་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཡོད་ཚུལ་ལྟར་ན་ཉི་ཁྱིམ་གཅིག་གི་ནང་དུ་སྐར་མ་ས་ཡ་སྟོང་ཕྲག་གཅིག་ཡོད་པར་བཤད་པའི་ཕྱོགས་དང་ཉེ་བས། ཤིན་ཏུ་བསྐལ་དོན་འདི་དག་ཚིག་ཁ་ཤས་ཤིག་གིས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་ག་ལ་ཡིན། །
དེ་རིང་ཞིབ་ཀློག་ཅི་བྱེད་ཁོམ་མ་བྱུང་ཐལ། བམ་ཀློག་ཙམ་གྱིས་ངོས་ནས་བལྟས་ན་ལོས་བདེན་འདོད་སྤྱད་ཅི་རེད། མུ་མཐུད་སྤེལ་རྒྱུའི་རེ་བ་ཆེ་བ་ཆེ།
གོང་གི་རྩོམ་ཡིག་གི་ནང་དོན་ལ་བལྟས་ན་ཆོས་ལུགས་ཀྱི་ཞེན་ཆ་ཡོད་པ་རྣམས་བློས་བཏང་མ་ཕོད་ནས་
འཇིག་རྗེན་གྲུབ་ཚུལ་ལ་བལྟ་སྟངས་འདྲེས་མ་ཤིག་རེད་འདུག ལྟ་གྲུབ་དང་ཚན་རིག་འདྲེས་མའི་གཏམ་ལ་ཡིད་རྟོན་དེ་ཙམ་མེད། ཆོས་རིག་ནས་འཇིག་རྟེན་བལྟ་སྟངས་དང་ཚན་རིག་ནས་འཇིག་རྟེན་ཆགས་གྲུབ་འཇིགས་གསུམ་གྱི་གནས་ལུགས་སོ་སོར་ཤེས་ན་མཁས་པ་འགུ་བའི་གཏམ་ཞིག་ཡོད་སྲིད་ཀྱང་དེ་གཉིས་གཅིག་ཏུ་བློ་ངོར་འདྲེས་ནས་མི་ཁ་ལ་ཁས་གཅིག་བཤད་ཁུལ་བྱེད་ན་དགོད་མོའི་གནས་ལས་མ་འདས།
ཨ་རོ་འདོད་ལྷ་ཁམས་པ། འཇིག་རྟེན་ཁམས་ཀྱི་ནང་དུ་མ་ཐེ་བའི་ཉི་ཁྱིམ་ཞིག་ཨེ་ཡོད་བསམ། འཇིག་རྟེན་ཁམས་གཅིག་རང་མ་གཏོགས་མེད་པ་ལ་དེའི་ནང་དུ་དགུ་ཚིགས་སྐྱ་མོ་ཡོངས་རྫོགས་དང་ཉི་ཁྱིམ་སོགས་རྫོགས་ཚུད་ཡོད་པ་རེད། འཇིག་རྟེན་གྲངས་མེད་ཀྱི་རྣམ་བཞག་འདོད་པ་ནང་བསྟན་གཅིག་བུ་རེད། མདོ་སྡེ་བསྐལ་བཟང་ལས། ནམ་མཁའ་ཁམས་དང་འཇིག་རྟེན་ཁམས་རྣམས་ནི།།སྟོན་པ་མ་གཏོགས་ཤེས་བར་ནུས་པ་མེད།།ཅེས་གསུངས་འདུག །
འཇིག་རྟེན་ཁམས་འདིའི་གྲུབ་ཚུལ་ལ། ནང་པའི་ལུགས་ལ་ཡོངས་གྲགས་གཉིས་ཡོད། ཆོས་མངོན་པའི་ལུགས་དང་། དུས་འཁོར་ནས་གསུངས་ཚུལ། དེ་གཉིས་ག་འཇིག་རྟེན་ཁམས་གྲུབ་ཚུལ་མི་འདྲ་བ་ཡིན། གང་ལྟར་བཅོམ་ལྡན་འདས་ཀྱི་སྐབས་དེའི་འདུལ་བྱ་རྒན་པོ་རྣམས་ཀྱི་ཁམས་དང་མོས་པའི་དབང་གིས་གསུངས་པ་ལ་དགོངས་དགོས། དངོས་ཡོད་གནས་ཚུལ་ལ་ཚན་རིག་པའི་འཛམ་གླིང་གྲུབ་ཚུལ་དེ་ཁས་བླངས་དགོས།
ཕལ་ཆེར་བརྗེད་ལ་ཁད་པ་རུ། །
ཡུན་རིང་གྲག་རྒྱུ་མེད་པ་དང་། །
གྲགས་ན་ལྗིད་ཁོག་ཆེ་བ་འདི། །
རྒྱལ་ཁམས་པ་ཡི་ཁྱད་ཆོས་ཡིན། །
ས་གཞི་རིག་པའི་ཟིན་བྲིས་ཀྱིས། །
བདག་བློར་བློ་སྤོབས་ཅུང་ཟད་སྤེལ། །
མིག་གིས་མཐོང་རྒྱུ་མེད་པའི་རི་ཚོགས་ཤིག།།
ལེབ་ལེབ་བག་ལེབ་ལྟ་བུའི་ས་གཞི་ཞིག །
དམ་ཆོས་མངོན་པའི་བཤད་ཚུལ་འདི་འདྲ་བ།།
མངོན་གསུམ་དོན་ལ་སྨྱོན་པ་མིན་ནམ་སྙམས།།
ཁྱོད་ཚོས་ས་གཤིས་རིག་པའི་ཟིན་བྲིས་ཀྱི་མཆན་ལ་བལྟས་ན་འདོད་ལྷ་དང་ཀླུ་་་གངས་སེང་སོགས་མེད་པ་འདོད་པའི་བཟོ་སྟབས་སྟོན་འདུག་དེར་བརྟེན་འདོད་ལྷ་ཁམས་པ་དང་ཀླུ་སྨྱོན་་་་་གངས་ཕྲུག་སོགས་དངོས་པོ་གཞི་མ་གྲུབ་པར་་གྱུར་ཟིན་པས་དོན་ལ་ནུས་མེད་ཅན་གྱུར་པའོ།་་འདོད་ལྷ་མེད་པས་འདོད་ལྷ་ཁམས་པ་གྲུབ་དོན་མེད་།ཀླུ་མེད་པས་ཀླུ་སྨྱོན་ཧེ་རུ་ཀ་མ་གྲུབ།གངས་སེང་མེད་པས་གངས་ཕྲུག་གང་ནས་བྱུང་།ཧཧཧ་་་་མདོག་བརྒྱ་སྟོན་ཤོག
སློབ་དཔོན་དབྱིག་གཉེན་ཆོས་ཅན་་་་་་མངོན་སུམ་དོན་ལ་སྨྱོན་པ་ཡིན་པར་ཐལ་་་་་་ཁྱོད་ཀྱིས་དམ་ཆོས་མངོན་པ་མཛོད་ལས་དེ་ལྟར་གསུང་པའི་ཕྱིར།་་་
ཁྱོད་ཚོས་ས་གཤིས་རིག་པའི་ཟིན་བྲིས་ཀྱི་མཆན་ལ་བལྟས་ན་འདོད་ལྷ་དང་ཀླུ་་་གངས་སེང་སོགས་མེད་པ་འདོད་པའི་བཟོ་སྟབས་སྟོན་འདུག་དེར་བརྟེན་འདོད་ལྷ་ཁམས་པ་དང་ཀླུ་སྨྱོན་་་་་གངས་ཕྲུག་སོགས་དངོས་པོ་གཞི་མ་གྲུབ་པར་་གྱུར་ཟིན་པས་དོན་ལ་ནུས་མེད་ཅན་གྱུར་པའོ།་་འདོད་ལྷ་མེད་པས་འདོད་ལྷ་ཁམས་པ་གྲུབ་དོན་མེད་།ཀླུ་མེད་པས་ཀླུ་སྨྱོན་ཧེ་རུ་ཀ་མ་གྲུབ།གངས་སེང་མེད་པས་གངས་ཕྲུག་གང་ནས་བྱུང་།ཧཧཧ་་་་མདོག་བརྒྱ་སྟོན་ཤོག
སློབ་དཔོན་དབྱིག་གཉེན་ཆོས་ཅན་་་་་་མངོན་སུམ་དོན་ལ་སྨྱོན་པ་ཡིན་པར་ཐལ་་་་་་ཁྱོད་ཀྱིས་དམ་ཆོས་མངོན་པ་མཛོད་ལས་འཇིག་རྟེན་ཆགས་ཚུལ་རི་རྒྱལ་ལྷུན་པོ་ལ་གླིང་བཞི་དང་གླིང་ཕྲན་བརྒྱད་ཀྱིས་སྐོར་བ་སོགས་དེ་ལྟར་གསུང་པའི་ཕྱིར།་་་
མངོན་སུམ་དོན་ལ་སྨྱོན་པ་ཡིན་པར་ཁྱབ་པ་མ་བྱུང་།
གོང་རྩོམ་དེ་ཧ་ཅང་ཡག་པོ་བྲིས་འདུག། ད་དུང་ནང་པའི་ཆོས་ནང་ནས་བཤད་པས་ས་ཁམས་ཆགས་ཚུལ་དང་ཚན་རིག་གཉིས་བར་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཟུང་འབྲེལ་ཐོག་འཆད་ཐུབ་ན་ཀུན་ལ་ཐུགས་ཕན་ཆེས་ཆེ་བའི་འཆར་སྣང་བྱུང་།
ཧཧཧ མཆན་ཨང་ ༨ ལགས།
ཁྱེད་ཀྱི་མིག་བརྒྱད་ཀ་ཤུགས་ཀྱིས་གདང་ནས་གཟབ་ནས་ལྟོས་དང་འདོད་ལྷ་ངའི་ཚིག་རྐང་ཁ་ཤས་དེའི་ནང་དུ་མིག་ལ་ཚ་ཤར་ལང་ལང་བར་དུ་ཀློག་དགོས་པའི་ཚིག་ཉོག་མང་པོ་དེ་འདྲ་མེད་པས་དུས་ཡུན་སྐར་མ་གཅིག་ལས་དགོས་གི་མ་རེད། ཡིན་ནའང་མ་གཞི་ནང་གི་སེམས་ཉིད་བག་ལ་ཞ་ཚར་ན་མིག་སོགས་དབང་པོ་ག་ཚད་མང་ཡང་ཕན་ཐོགས་ཅང་ཡོད་ས་མ་རེད། དཔེར་ན། མིག་བརྒྱད་ཡོད་པའི་ཁྱེད་ཀྱི་མིག་གིས་དུ་སྒྲ་འཇུག་ཡུལ་ཙམ་ཡང་གསལ་པོ་ཞིག་མཐོང་མ་ཐུབ་པ་ལྟ་བུ་རེད།
དུ་མ་འདུས་པའི་འཇིག་རྟེན་ཟེར་པ་ནི་འཇིག་རྟེན་མང་ལྷན་གཅིག་ཏུ་གནས་པ་ལ་ཟེར་ཞིང་། དཔེར་ན། ཉི་མའི་ཁྱིམ་ལྟ་བུ། མིག་བརྒྱད་པ་ལགས། འཇིག་རྟེན་གྱི་ཁམས་སོགས་ལ་མ་བསླབས་པའི་སྔོན་དུ་ལེགས་བཤད་ལྗོན་དབང་སོགས་ལས་བརྡ་སྤྲོད་དང་ཚིག་ཕྲད་ཀྱི་རྣམ་བཞག་ལ་སྔོན་འགྲོའི་སྦྱངས་པ་གལ་ཆེན་པོ་རེད་ཡ།
གྲངས་ཉུང་སྤྱོད་མང་གི་དབྱངས་གསལ་སོ་བཞི་ལ་སྣང་ཆུང་ཞེ་དྲག་གཏོང་རྒྱུ་མེད། དཔེར་ན། དུ་སྒྲ་གཅིག་པུ་ལ་ཡང་ལ་དོན་གྱི་ཕྲད་སོགས་ཕུད་པའའི་འཇུག་ཚུལ་དུ་མ་ཡོད། དྲི་ཚབ་དུ་འཇུག་པ། མི་དུ་ཡོད། ཁང་མིག་དུ་ཡོད་ ལྟ་བུ།
ད་དུང་འགྱངས་པའི་དུས་ལ་འཇུག་པ། དུ་ཕྱི། དུ་ཕྱི་ཁྱོད་གང་ལ་སོང་ལྟ་བུ།
གྲངས་ཚིག་ལ་འཇུག་པ། དུ་མ་སྟེ། སྐར་ཚོགས་དུ་མ་འདུས་པའི་འཇིག་རྟེན། ལྟ་བུ།
མིང་ལ་འཇུག་པ་ནི་དེ་ལས་མང་སྟེ། དུ་བ། དུ་སྤྲིན། དུ་ཞག དུ་འཐེན། དུ་ཁུག དུ་རུ་ཁ་སོགས་ལྟ་བུ་རེད།
མིག་བརྒྱད་ལགས། ཁྱེད་ཀྱི་མིག་རྣམས་མཛེར་ཀོང་དུ་འཇོག་པར་ངའི་རེ་བ་ཡིན།
འདོད་ལྷ་ཁམས་པ། ༼འཇིག་རྟེན་དུ་མ་འདུས་པའི་ཉི་མའི་དཀྱིལ་འཁོར་ལ་བཅོས༽ཞེས་པ་འདི་ལ་ཡག་པོ་བལྟོས་དང་། ག་རེའི་དབང་དུ་བྱས་ཀྱང་འཇིག་རྟེན་ཁམས་གཅིག་རང་མ་གཏོགས་མེད་པ་ལ་དེའི་ནང་དུ་དགུ་ཚིགས་སྐྱ་མོ་ཡོངས་རྫོགས་དང་ཉི་ཁྱིམ་སོགས་རྫོགས་ཚུད་ཡོད་པ་རེད། ཁྱོད་ཀྱི་ལྟར་ན་འཇིག་རྟེན་ཁམས་ལས་ཆེ་བའི་ཉི་མའི་དཀྱིལ་འཁོར་ཡོད་པར་ཐལ་སོང་།
མིག་བརྒྱད་པ་ལགས།
སྟོང་ཁམས་དང་འཇིག་རྟེན་ཁམས་གཉིས་སོ་སོ་བ་མ་ཡིན་ནམ།
དེ་གཉིས་རྟེན་དང་བརྟེན་པའི་ཚུལ་དུ་ཡོད་པ་རེད།
དཔེར་ན། འཇིག་རྟེན་ལ་བྱེ་བ་དང་ཁྲི་ཕྲག་མང་ན་ཡང་སྟོང་ཁམས་ལ་དེ་ལྟར་མེད།
གནས་ལུགས་དེས་གསལ་པོ་ཆགས་མ་སོང་ངམ།
མུ་འགོད་ཐུབ་པའི་རེ་བ་ཡོད། ཐུགས་རྗེ་ཆེ། ཧ་ཅང་བཟང་གི
བོད་ཡིག་ནང་ཚན་རིག་སྐོར་གྱི་རྩོམ་སྤུས་ཀ་ཅན་མང་དུ་བསྒྱུར་སྤེལ་བྱ་ཐུབ་ན་ཕན་ཐོགས་ཆེ། དེ་མིན་ན་ལ་ལའི་སེམས་སུ་བོད་ཡིག་ནི་གཏོ་འདོན་བྱེད་ཙམ་ལས་བེད་སྤྱོད་མེད་པར་འདོད་ཀྱི་ཡོད།
འབྲི་ཞོ་ལགས་། ང་གངས་ཅན་གྱི་ཕྲུ་གུ་ཡིན་མ་གཏོགས་གངས་སེང་གི་ཕྲུ་གུ་མིན། གང་ལྟར་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ་དེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་རེད། གང་ལྟར་བཅོམ་ལྡན་འདས་ཀྱིས་སྐར་མ་རབ་རིབ་མར་མེ་སོགས་མི་རྟག་པ་དཔེ་དགུའི་སྟེང་ནས་འདུས་བྱས་ཆོས་རྣམས་དེ་ལྟར་གསུངས་པ་བཞིན། དོན་ལ་ད་ལྟའི་འཛམ་གླིང་དེ་ཡང་ལོ་སྟོང་ཕྲག་གི་རྗེས་ལ་བཟོ་དབྱིབས་བསྒྱུར་འགྲོ་བ་ཆོས་ཉིད་ཡིན།
( རླུང )
འཛམ་གླིང་འདིའི་རླུང་གི་གོ་ལ་རིམ་པ་ལྔ་ཡོད། རིམ་པ་མཐོ་ཤོས་དེ་ལ་Exosphere་ཞེས་ཟེར། མཐོ་ཚད་ནི་འཛམ་གླིང་ས་སྟེང་ནས་ཡར་མཁའ་དབྱིངས་སུ་ཀི་ལོ་མི་ཊར་300་ནས་ ཡར་700་བར་དུ་ཡོད། རིམ་པ་གཉིས་པ་དེ་ལ་Thermosphere་ཟེར། མཐོ་ཚད་ཀི་ལོ་མི་ཊར་80་ནས་300་བར། རིམ་པ་གསུམ་པ་དེ་ལ་Mesosphere་ཟེར། མཐོ་ཚད་ཀི་ལོ་མི་ཊར་50་ནས་80་བར་ཡོད། རིམ་པ་བཞི་པ་དེ་ལ་Stratosphere་ཟེར། མཐོ་ཚད་10་ནས་50་བར་ཡོད། རིམ་པ་དམའ་ཤོས་དེ་ལ་Troposphere་ཟེར། མཐོ་ཚད་0 ་ནས་10 ་བར་ཡོད། རིམ་པ་མཐའ་མ་འདིའི་ནང་ལ་སྤྲིན་རླངས་ཆགས་ཏེ་ཆར་འབབ་པ་ཡིན། རླུང་གི་གོ་ལ་རིམ་པ་བཞི་པ་དེའི་ནང་དུ་རླངས་རྫས་ཁྱད་པར་ཅན་Ozone་ཞེས་པ་ཞིག་ཁྱབ་ནས་ཡོད་པ་འདིས་ཉི་མ་ནས་འབབ་པའི་གནོད་རྫས་Ultra-Violet Rays ཞེས་པའི་འོད་རླབས་འགོག་སྲུང་བྱེད་ཀྱི་ཡོད།
(ལྷགས་རླུང)
(Permanent winds.) རྟག་པར་གནས་པའི་ལྷགས་རླུང་། ནུབ་ལ་ཕྱོགས་པའི་རླུང་ཡང་ཟེར། (Periodical winds.) དུས་ཚིགས་ཀྱི་ལྷགས་རླུང་། (Variable winds. ) འགྱུར་སྐྱེན་པའི་ལྷགས་རླུང་། ཚུལ་དང་མི་མཐུན་པའི་རླུང་ངམ་གཅིག་ཏུ་མ་ངེས་པའི་རླུང་ཞིག་སྟེ། དཔེར་ན། Cyclones འཁོར་རླུང་དང་anti-Cyclones ཕྱོགས་ལྡོག་འཁོར་རླུང་ལྟ་བུ། (Trade winds.) བསྟུད་མར་རྒྱུ་བའི་ལྷགས་རླུང་། ཕྱོགས་བཞི་མཚམས་བརྒྱད་ནས་ཚ་ཁུལ་དུ་འཛོམས་པའི་རླུང་།
(ནམ་མཁའི་ཁ་དོག་སྔོན་པོ ) ས་གཞིའི་རླུང་ཁམས་ལ་ཉི་འོད་ཕོག་ནས་ཉི་འོད་ཀྱི་ཁ་དོག་སྔོན་པོ་དེ་ཚུར་ལྡོག་ནས་ང་ཚོའི་མིག་ལ་ནམ་མཁའ་མདངས་སྔོན་གྱིས་ཁྱབ་པ་ལྟ་བུར་སྣང་གི་ཡོད་པ་རེད། གལ་ཏེ་ས་གཞིའི་རླུང་ཁམས་མེད་ན་ནམ་མཁའ་མུན་ནག་གིས་ཁྱབ་པ་ལྟར་སྣང་གི་རེད། གང་ཡིན་ཟེར་ན་ཟླ་བའི་སྒང་ལ་རླུང་ཁམས་མེད་པའི་སྟབས་ཀྱིས་ཟླ་བའི་སྒང་ནས་ནམ་མཁར་བལྟས་ན་ནམ་མཁའ་མུན་ནག་གིས་ཁྱབ་པ་ལྟ་བུར་སྣང་གི་ཡོད་པ་རེད། །
( བུ་ག་ནག་པོ ) black hole.
བུ་ག་ནག་པོ་ནི་དགུ་ཚིགས་ཀྱི་དཀྱིལ་སྙིང་དུ་ངེས་ཤིང་ཚགས་ཧ་ཅང་དམ་པ་དང་འཐེན་ཤུགས་ཆེ་བའི་ནམ་མཁའི་དངོས་རྫས་ཤིག་ཡིན། འོད་ཡིན་ཡང་བུ་ག་ནག་པོ་ནས་ཐར་ཐབས་མེད་སྟབས་ནག་པོ་ཟེར་བ་ཡིན།
( Density ) མཐུག་ཚད། གོང་བུའི་དངོས་པོ་ཞིག་གི་ནང་རང་ཉིད་སྒྲུབ་བྱེད་ཀྱི་རྫས་དེ་ཚགས་དམ་ལྷོད་ཇི་ཡོད་ཀྱི་ཁྱད་པར། འཇིག་རྟེན་ཁམས་ཀྱི་ནང་བུ་ག་ནག་པོ་ནི་ཚགས་དམ་ཤོས་དང་ཉི་མའི་ཁྱིམ་རྒྱུད་ནང་ང་ཚོའི་འཛམ་གླིང་འདི་ཚགས་དམ་ཤོས་དང་ གཟའ་སྤེན་པ་ནི་ཚགས་དམ་དམའ་ཤོས་དེ་ཡིན།
(Mass) གདོས་ཚད། དངོས་པོ་ཞིག་གི་ནང་ལ་དངོས་རྫས་ཇི་ཡོད་ཀྱི་ཚད་ཅིག་ལ་ཟེར། ཉི་མའི་ཁྱིམ་རྒྱུད་ནང་གཟའ་ཕུར་བུ་ནི་གདོས་ཚད་མང་ཤོས་དང་གཟའ་ཆུང་གཤིན་རྒྱལ་ནི་ཉུང་ཤོས་ཡིན།
( Revolution ) གཞན་འཁོར། གཟའ་རྣམས་ཉི་མ་ལ་སྐོར་ཐེངས་གཅིག་བྱེད་པ་ལ་ལོ་གཅིག་ཟེར། (Rotation ) རང་འཁོར། གཟའ་རྣམས་རང་འཁོར་གཅིག་བྱེད་པ་ལ་ཉིན་གཅིག་ཟེར། གཟའ་པ་སངས་རང་འཁོར་གཅིག་བྱེད་པ་ལ་འཛམ་གླིང་གི་ཉིན་གྲངས་243་སོང་བ་དང་གཟའ་རྣམས་ཀྱི་ནང་ནས་ཉིན་རིང་ཤོས་དེ་ཆགས་ཡོད། གཟའ་ཕུར་བུ་རང་འཁོར་གཅིག་བྱེད་པ་ལ་འཛམ་གླིང་གི་ཆུ་ཚོད་9་ཙམ་སོང་བས་ཉིན་ཐུང་ཤོས་དེ་ཆགས་ཡོད།
རྩོམ་པ་པོར་ཐུགས་རྗེ་ཆེ་ཞུ། གཞུང་ལུགས་གསར་བ་ཤེས་རྒྱུ་གལ་ཆེན་རེད། གསར་རྙིང་གཤིབས་བསྡུར་བྱེད་རྒྱུ་དེ་ལས་ཀྱང་གལ་ཆེན་རེད།
ནུབ་ཕྱོགས་གངས་ཕྲུག །ཁྱོད་ཀྱིས་གང་ལྟར་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ་དེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་རེད། །ཅེས་ཧམ་པ་ཆེན་པོས་བཤད་འདུག་ག །རྒྱུ་མཚན་ཅི་ཡོད།
མཛོད་གནས་གསུམ་པས་འཇིག་རྟེན་ཁམས་ཀྱི་རྣམ་བཞག་དང་བཞི་པས་ལས་དང་ཉོན་མོངས་ཀྱི་རྣམ་བཞག་བཤད་པའི་སྐབས་སུ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། ཞེས་པ་ལ་འཇིག་རྟེན་བཟང་ངན་སྣ་ཚོགས་པ་འདི་ཆོས་ཅན། རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་ཏེ། རང་རང་གི་རྒྱུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་ལ་བརྟེན་ནས་བྱུང་བ་ཡིན་པའི་ཕྱིར། དེ་འདྲའི་ལས་དེ་ལ་སེམས་པའི་ལས་དང་བསམ་པའི་ལས་གཉིས་ཡོད་པར་བཤད། ལུས་ངག་ཏུ་མ་ཐོན་པའི་ལས་དེ་ལ་སེམས་པའི་ལས་དང་སེམས་པ་དེས་བསྐྱེད་པའི་ལས་ལ་བསམ་པའི་ལས་ཞེས་བརྗོད་པ་ཡིན་ཏེ། དེ་ལ་ལུས་ངག་གི་ལས་གཉིས་འཇོག་པའི་ཕྱིར། དེ་རེ་རེ་ལ་རྣམ་རིག་དང་རྣམ་རིག་མ་ཡིན་པ་གཉིས་གཉིས་ཡོད། ལས་ལ་རྣམ་གྲངས་མང་པོ་ཡོད་དེ། དགེ་མི་དགེ་བཏང་སྙོམས་གསུམ་དང་། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་གཡོ་བའི་ལས་གསུམ་དང་། བདེ་སྡུག་བཏང་སྙོམས་གསུམ་མྱོང་འགྱུར་གསུམ་དང་། རྣམ་སྨིན་མྱོང་བར་ངེས་མ་ངེས་གཉིས་དང་། རྣམ་སྨིན་མྱོང་ངེས་ལའང་མཐོང་ཆོས་མྱོང་འགྱུར་དང་སྐྱེས་ནས་མྱོང་འགྱུར་དང་ལན་གྲངས་གཞན་ལ་མྱོང་འགྱུར་གསུམ་དང་། དཀར་ནག་འདྲེས་མའི་ལས་གསུམ་སོགས་མང་པོ་ཞིག་ཡོད་ན་དངོས་པོའི་གནས་ཚུལ་དང་མཐུན་མིན་དཔྱོད་པ་གཅེས།
མིག་བརྒྱད།
དཔར་ལོག་རྙིང་པའི་གད་སྙིག་སྤུངས་དགོས་པ་འདུག་གམ། འཛམ་གླིང་ཆེ་ཆུང་དུ་མའི་ཕྱི་ནང་དང་རྒྱབ་མདུན་ཡོངས་རྫོགས་ཀྱི་སྔོན་ཆད་མ་མཐོང་བའི་གསང་བ་དང་ལྐོག་གྱུར་ཡོད་ཚད་ཕྱི་གསལ་ནང་གསལ་སྟོན་པའི་ཁ་སང་དེ་རིང་གི་དུས་འདི་ལ་ཅིག་ཅིག་གི་ཅིག་དང་། མིག་མིག་མིག་གི་མིག་སོགས་ལ་མགོ་ཐོམ་ནས་འདུག་དགོས་གི་མ་རེད།
རྒྱུ་རྐྱེན་ཚང་ན་ཡ་མཚན་ལྟད་མོ་མིག་ལ་མངོན་སུམ་དུ་མཐོང་རྒྱུ་ཉིན་རེ་ནས་ཉིན་རེར་མང་དུ་འགྲོ་གི་ཡོད་པ་རེད། ཁུག་ཅོག་དང་ནག་ཁུང་། ས་སྟོང་དང་ལུང་སྟོང་གི་ཁོར་ཡུག་ནས་མི་རོ་གསེར་སྒྲུང་ཀློག་པའི་དུས་དེ་རྫོགས་ཟིན་པ་རེད།
ཚན་རིག་གི་བཤད་ཚུལ་ནང་ཚན་རིག་དང་མི་མཐུན་པའི་སྐད་ཆ་བསྲེས་ནས་འདུག
གནམ་ས་གཉིས་ཁ་ཕྱེ་བ་ནས་འགྲོ་བ་མི་རིགས་ཆགས་ཚུལ་བཤད་པ་དེར་འགྲེལ་བཤད་ཅིག་གནང་རོགས། གནམ་ས་གཉིས་ཇི་ལྟར་ཁ་ཕྱེས་པ་རེད། ག་དུས་ཁ་ཕྱེས་པ་རེད། དང་པོ་གནམ་ས་གཉིས་ཁ་འབྱར་བསྡད་ཡོད་པ་རེད་དམ། འགྲོ་བ་མི་རིགས་ཟེར་བ་དེ་ཧོབ་དེ་སྒང་ལ་ཆགས་པ་རེད་དམ།
འདོད་ལྷ་ཁམས་པ། འཛམ་གླིང་འདིར་འགྲོ་བ་མིའི་རིན་ཐང་བརླག་ཉེན་ཆེ་བའི་ཡ་མཚན་ལྟད་མོ་ཉིན་རེ་ནས་ཉིན་རེ་ཇེ་མང་འགྲོ་བ་ལ་མགོ་འཐོམས་ནས་སྡོད་པའི་དུས་ཚོད་མ་རེད། རང་གི་ཕ་མེས་ཡང་མེས་ཀྱི་ཁྱད་ནོར་མི་ཤེས་བ་དང་ལས་འབྲས་ཀྱི་རྣམ་བཞག་མི་ཤེས་བ་ལ་ཁག་མེད། དེང་སང་ཚན་རིག་པ་མང་པོས་བཀའ་བསྟན་ནི་ཚན་རིག་གི་སློབ་དེབ་ཅིག་ཏུ་ངོས་འཛིན་པ་ལ་ཁྱོད་ཀྱིས་གླེགས་བམ་རྙིང་པ་རྣམས་རྣམས་གད་སྙིགས་སུ་མཐོང་བ་ཨེ་རེད། ལོ་ཙཱ་བ་དང་རྒྱལ་བློན་པཎ་གྲུབ་རྣམས་ཀྱིས་དཀའ་སྤྱད་དུ་མས་གཏན་ལ་ཕབ་ཅིང་མཁས་པ་རིམ་བྱོན་གྱིས་འཆད་ཉན་གྱི་སྒོ་ནས་དར་སྤེལ་མཛད་པ་གད་སྙིགས་སྤུངས་བ་ཨེ་རེད། འཇིག་རྟེན་འདིའི་བཟང་ངན་དང་དགེ་སྡིག་མི་ཤེས་བའི་མི་ལ་རིན་ཐང་འདུག་གམ། དེས་ན་བདེ་སྡུག་སྣ་ཚོགས་པ་འདི་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་པར་ངེས་བར་རྒྱུ་འབྲས་མ་འཆོལ་བའི་ལས་དཀར་ནག་གི་འབྲས་བུ་ཡིན་པར་གདེངས་སྤོབས་ཆེན་པོས་ལབ་ཐུབ། ཁྱོད་ལ་ཁ་གྲག་རྒྱུ་ཡོད། ཧ་ཧ
ཡ་ཡ་ཡ མི་དཀར་པོ་ལ་ཞྭ་ནག་པོ་སྐོན་རྩིས་འདུག་ག རིག་པའི་མ་ཐུབ་ན་རིག་གཞུང་ལ་ཁག་བཞག་ནས་མུ་རྫོགས་གཏོང་ཉེན་འདུག ད་ཅང་མི་ཤོད།
འདོད་ལྷ་ཁམས་པ་ལགས། ཁྱེད་རང་མཁས་པ་ཞིག་ཡིན་པ་དང་མི་དཀར་བོ་ཡིན་པ་ལ་དོགས་པ་མེད། ཞོགས་དུང་སོགས་བོད་མི་ཁ་ཤས་ཀྱིས་རང་གི་ཕ་མེས་ཡང་མེས་ཀྱི་ཁྱད་ནོར་འདི་དག་ལ་གད་སྙིགས་དང་ལྷ་སྒྲུང་སོགས་ཀྱི་མིང་བེད་སྤྱོད་པ་གོ་ཡོང་དུས་ཡིད་ཆད་པ་ཞིག་རེད། ཁོ་ཚོ་ནི་ཁ་རྒྱགས་པ་བཤད་མཁན་རྐྱང་རེད། དངོས་གནས་བློ་གཟུ་བོར་གནས་བ་ནུབ་ཕྱོགས་པའི་ཚན་རིག་པ་གྲགས་ཅན་ཨ་ཨེན་སི་ཏན་གྱིས་ཚན་རིག་དང་མཉམ་གཤིབས་བྱས་ནས་འགྲོ་ཐུབ་པའི་ཆོས་ལུགས་ནི་ནང་བསྟན་གཞུང་ལུགས་རེད་ཅེས་བཤད་ཡོད་པ་རེད། སྔོན་ཆད་རིག་གསར་སྐབས་སུ་དངོས་གནས་གད་སྙིགས་སུ་ལྟ་མཁན་དམར་ཕྱོགས་རིང་ལུགས་པ་ཚོས་ནང་བསྟན་ལ་རྒོལ་རྡུང་བཏང་བ་དང་འཐབ་རྩོད་བྱས་པ་རེད། དེང་སང་གཞི་ནས་གཉིད་སད་དེ་མཆོད་འབུལ་བྱེད་མཁན་མང་པོ་ཡོད་ག །
དྲྭ་གྲོགས་ཚོ་ཕེབས་ནས་དགོངས་འཆར་རེ་གསུངས་འདུག་པས་སེམས་དགའ། མགོན་ཕྱག་གི་དྲིས་པར་ལན་ཞིག་ཞུ་ཁུལ་བྱས་ན། ༼གནམ་ས་གཉིས་ཁ་ཕྱེ་བ་ནས་རིམ་པས་འགྲོ་བ་མིའི་རིགས་བྱུང་ཞིང་།༽ཞེས་པའི་དོན་ནི། སྤྱིར་ས་ནི་སྲ་ཞིང་འཐས་པའི་རང་བཞིན་ང་ཚོ་ཐེ་བའི་སྐྱེ་ལྡན་གྱི་དངོས་པོ་མཐའ་དག་གང་ལ་བརྟེན་པའི་གཞི་ཡིན་ལ། གནམ་ནི་ཐོག་རེག་བཀག་ཙམ་གྱི་བར་སྣང་སྟོང་སེང་གི་ཆ་འདི་ལ་གོ་དགོས། དེ་ནི་ཉི་ཟླ་གཟའ་སྐར་གོ་ལ་སོགས་བར་སྣང་གི་ཆོས་སོ་ཅོག་རྒྱུ་བའི་ལམ་ཡང་ཡིན། སྲོལ་རྒྱུན་ལྟར་ན། རྒུ་རིག་དང་། ཨེ་ལྗེབ། རྒྱ་དཀར་ནག ཨ་རབ་སོགས་ཡུལ་ཁམས་སོ་སོའི་དམངས་ཁྲོད་ལས་བྱུང་བའི་བཤད་ཚུལ་ངོ་མཚར་ཅན་མང་བོ་འདུག ཉིད་ཐུགས་མཉེས་པོ་ཡོད་ན་དེ་དག་ལ་བལྟ་ཐུབ་ན་ཕན་ཆེ། ནང་པ་ལྟར་ན། ཇི་ལྟར་དངོས་དང་དངོས་མེད་སྣང་སྟོང་དང༌། །རྒྱུ་དང་མི་རྒྱུ་གཡོ་དང་མི་གཡོ་བ། །ཐམས་ཅད་མ་ལུས་ནམ་མཁའི་རང་བཞིན་ལས། །དུས་རྣམས་ཀུན་ཏུ་ནམ་ཡང་གཡོ་བ་མེད། ། ཅེས་དང་། ཐོག་མ་མེད་པའི་དུས་ཀྱི་དབྱིངས།། ཆོས་རྣམས་ཀུན་ཀྱི་གནས་ཡིན་ཏེ།། དེ་ཡོད་པས་ན་འཁོར་བ་དང་།། མྱ་ངན་འདས་པའང་ཡོད་པ་ཡིན།། ཞེས་སོགས་ལྟར། སྟོང་བའི་ཁམས་ཆེན་པོ་འདི་ཆོས་ཐམས་ཅད་ལ་གོ་འབྱེད་པའི་ཚུལ་དུ་རང་བཞིན་གྱིས་གནས་པ་ཞིག་ཡིན་པར་གོ་ཆོག དེར་བརྟེན་ཆོས་རྣམས་བྱུང་ཡང་ནམ་མཁའ་སྟོང་བའི་དབྱིངས་ལས་བྱུང་། ཐིམ་ཀྱང་སྟོང་བའི་དབྱིངས་སུ་ཐིམ་པར་བཤད་ཡོད། སའི་གོ་ལ་ཚུད་པའི་འཇིག་རྟེན་ཧྲིལ་བོ་བར་སྣང་སྟོང་ཁམས་ཆེན་པོ་ལ་བརྟེན་ཡོད་ཅིང་། བརྟེན་པ་དེ་དག་ཞིག་པའི་ཚེའང་སྟོང་ཁམས་ཆེན་པོའི་དབྱིངས་སུ་ཐིམ་བཞིན་ཡོད། དཔེར་ན། སྟོང་བསྐལ་ལྟ་བུས་མཚོན། སྐབས་དེར། འཇིག་རྟེན་འགྲུབ་བྱེད་ཀྱི་འབྱུང་བའི་ས་བོན། བར་སྣང་སྟོང་ཁམས་ཆེན་པོའི་དབྱིངས་སུ་འདྲེས་པས། གནམ་སའི་ཆ་སོ་སོར་འཇོག་ཏུ་མེད། འཇིག་རྟེན་ཁམས་གང་ཞིག་བཞེངས་པའི་མགོ་རྩོམ་སྐབས། སྟོང་ཁམས་ན་ཐིམ་པའི་འབྱུང་བ་སོ་སོའི་ནུས་པ་དང་། སེམས་ཅན་སྤྱི་མཐུན་གྱི་ལས་གཉིས་ཚོགས་སྟོབས་ལས། ནུས་པའི་ཆ་ལས་རླུང་གིས་དཀྲུགས་པས། འཇིག་རྟེན་དང་སྟོང་ཁམས་འདྲེས་པའི་ཆའམ། གནམ་ས་འདྲེས་པའི་ཆ་སོ་སོར་ཕྱེས་སྟེ། སྟོང་ཁམས་འོ་མ་ལྟ་བུ་ལས། འཇིག་རྟེན་མར་ལོ་ལྟ་བུ་བྱུང་བ་ཞིག་ཡིན་པར་འདོད། འདི་ལ་དུས་ཀྱི་དབང་དུ་བཏང་ན། བསྐལ་བ་མང་བོ་འགོར་རྒྱུ་རེད། སྲོག་ལྡན་སོགས་སྐྱེ་དངོས་ཀྱང་ཚུལ་འདིའི་ཁྲོད་ནས་རིམ་པར་ཆགས་པ་ཞིག་རེད།
འདི་དང་ཕྱོགས་མཚུངས་ཙམ་ཞིག་ཚན་རིག་པ་ཚོས་ཀྱང་ཤེས་ཡོད་པ་འདྲ་སྟེ། གདོད་མའི་འབར་གས་ཆེན་པོའི་རྣམ་བཞག་ལྟར་ན། འཇིག་རྟེན་གྱི་ཁམས་འགྲུབ་བྱེད་ཀྱི་ནུས་པ། བསམ་གྱིས་མི་ཁྱབ་པའི་ཚགས་དམ་པོ་ཞིག་གི་ངོ་བོར་གནས་པ་ཁ་འཐོར་ནས། བར་སྣང་དང་། དུས། རྡུལ། དུག་རླངས། ས་ཆུ་མེ་རླུང་སོགས་རིམ་པར་བྱུང་བ་ཞིག་རེད། ལྟ་ཚུལ་དེ་ལྟར་ན་ང་ཚོའི་གནམ་ས་ཙམ་དུ་མ་ཟད། འཇིག་རྟེན་ཧྲིལ་བོའི་གནམ་ས་གཉིས་ནུས་པའི་གོང་བུ་དེའི་ཀློང་དུ་ཐིམ་པའམ། འདྲེས་ནས་ཡོད་པར་འདོད་དགོས་ཀྱིན་ཡོད་པ་འདྲ། དེ་ལྟར་ན་ང་ཚོས་ཐོག་རེག་བཀག་ཙམ་གྱི་མེ་དགག་ལ་ནམ་མཁའ་ཞེས་འཇོག་པའི་བར་སྣང་སྟོང་བའི་ཆ་འདི་དང་། འབར་གས་ཆེན་མོས་བསྐྱེད་པའི་བར་སྣང་སྟོང་བའི་ཆ་གཉིས་གཞི་གཅིག་ཏུ་འགྲོ་མིན་ལ་བསམ་གཞིག་གཏོང་རྒྱུ་ཞིག་ཡོད་སྣང་འཆར། མདོར་བསྡུས་ན། བརྟེན་པ་རྟེན་གྱི་ངོ་བོར་འདྲེས་པའི་ཆ། ཕྱི་ནང་གི་རྒྱུ་རྐྱེན་ཚོགས་པ་ལས། སེམས་ཅན་རང་རང་གི་སྣང་ངོར་ཤར་ཡོང་བ་ཞིག་ཡིན་པ་འདྲ། གཞིའི་དབྱིངས། ཀ་དག་གི་དབྱིངས། གདོད་མའི་སྟོང་ཆེན་གྱི་དབྱིངས། འོད་གསལ་གྱི་དབྱིངས། ཆོས་ཀྱི་དབྱིངས། ནམ་མཁའ་སྟོང་བའི་དབྱིངས། སྟོང་ཁམས་ཆེན་པོའི་དབྱིངས། བར་སྣང་སྟོང་བའི་དབྱིངས། བུམ་པའི་ནམ་མཁའ། ཁང་བའི་ནམ་མཁའ་སོགས་དང་། སྐད་ཅིག་གྲོང་བསྐྱེད་ལྟ་བུའི་སྐབས། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཞེས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བཞེངས་ཚུལ་སོགས་ལ། བློ་རིག་ཤད་ཀྱིས་ཀློད་ནས་བསམ་བློ་ཞིག་གཏོང་རྒྱུ་ཡིན་ན། གོ་རྒྱུ་རྒྱ་ཆེན་པོ་རེ་ཡོད་པ་འདྲ། འོ་དགོངས་དག སྐད་ཆ་རྙོག་སོང་། ད་དེ་ཙམ་གྱིས། ཁ་བྲོ།
ནམ་མཁའ་ཐིག་ལེའི་ནང་དུ་ནུས་པའི་ངོ་བོར་གནས་པ་ཁ་འཐོར་ནས་འབྱུང་བཞིའི་ཁམས་གྲུབ་ཚུལ་དང་སླར་ཡང་འབྱུང་བ་བཞི་ནམ་མཁའ་ཐིག་ལེའི་ནང་དུ་ཐིམ་འགྲོ་བར་བྱེད་པའི་ནུས་པ་དེ་ནི་དུས་འཁོར་ནས་བཤད་པའི་ནམ་མཁའི་རྡུལ་ཡིན་ས་རེད། རྡོ་རྗེ་ཕྲེང་བ་ལས།
༼སྲ་བའི་ཁམས་དང་ཆུ་ཉིད་དང།།དེ་བཞིན་མེ་དང་རླུང་དག་ནི།། རྣམ་པར་ཤེས་པས་བླངས་ནས་ནི།།སྲིད་གསུམ་གནས་སུ་སྐྱེས་པར་འགྱུར།།༽ཞེས་པ་ལྟར་ཨ་མའི་མངལ་དུ་ཉིང་མཚམས་སྦྱར་བའི་ཚེ་འབྱུང་བ་བཞི་ནི་རྣམ་ཤེས་ཀྱི་རྟེན་དུ་བླངས་ནས་མངལ་སྐྱེས་ཀྱི་འགྲོ་བ་མཆོག་དམན་འབྲིང་གསུམ་གྱི་སྲིད་པར་སྐྱེས། དེ་ཡང་ཕ་མའི་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས་ནས་ཉིང་འཚམས་སྦྱར་བའི་ཚེ་འབྱུང་བ་བཞི་ག་དུས་གཅིག་ཏུ་གྲུབ་ཀྱང། རྣམ་ཤེས་ཀྱི་བཞོན་པར་གྱུར་བའི་རླུང་ལས། རང་ལས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཆེས་རགས་པའི་རླུང་གི་རླུང་དང། དེ་ལས་ཆེས་རགས་པའི་མེའི་རླུང་དང། དེ་ལས་ཆེས་རགས་པའི་ཆུའི་རླུང་དང། དེ་ལས་ཆེས་རགས་པའི་སའི་རླུང་རྣམས་སྐྱེ་བ་ཡིན། ༼དེ་ནི་རེ་རེའི་དོན་སྣང་བ།།རླུངགིས་བླངས་ནས་འཛིན་བྱེད་ལ།།རླུང་དང་ལྡན་པའི་རྣམ་ཤེས་ནི།།རྟག་ཏུ་འགྲོ་ལ་གནས་བར་འགྱུར།།༽ ཞེས་དབང་པོའི་ཤེས་པ་སོ་སོ་ལ་སྣང་པའི་གཟུགས་སོགས་ཡུལ་ལྔ་པོ་དེ་ནི་དབང་ཤེས་ ཀྱི་རང་རང་གི་བཞོན་པའི་རླུང་གིས་བླངས་པ་སྟེ། རླུང་གྲོགས་སུ་ཡོད་པའི་སྒོ་ནས་རྣམ་ཤེས་ཀྱིས་ཡུལ་འཛིན་པར་བྱེད་ལ། དེ་འདྲ་བའི་རླུང་གི་བཞོན་པ་དང་ལྡན་པའི་རྣམ་ཤེས་ནི་དུས་རྟག་ཏུ་འགྲོ་བ་ལ་གནས་བར་འགྱུར་བ་དང། རྣམ་ཤེས་ཀྱིས་ཡུལ་འཛིན་པ་ལ་རླུང་ངེས་པར་གྲོགས་སུ་དགོས་བར་བསྟན། ༼འདི་ནི་རླུང་ཁམས་ཆེན་པོ་སྟེ།།རྣམ་ཤེས་གསུམ་གྱི་བཞོན་པ་ཡིན།།༽ཞེས་པའི་དོན་ནི་ལས་ཀྱི་རླུང་ནི་བྱེད་ལས་ཀྱི་སྒོ་ནས་རླུང་ཁམས་ཆེན་པོ་སྟེ། རྩ་བའི་སྣང་མཆེད་ཐོབ་གསུམ་གྱི་བཞོན་པ་ཡིན་ལ། རླུང་བཞོན་པ་དེ་ཡིས་ཇེ་ཆེར་རིམ་གྱིས་བསྐྱོད་པ་ལས། རང་བཞིན་གྱི་རྟོག་པ་རྣམས་རྟག་ཏུ་ཇི་ལྟ་ཇི་ལྟར་བསྐྱོད་པ་བཞིན་དུ་བདེ་སྡུག་གི་འཁོར་བ་འབྱུང་། རླུང་འབྱུང་འཇུག་ལ་བརྟེན་ནས་སྲིད་པ་ཆགས་འཇིག་གི་འཁོར་བ་འབྱུང་བ་བཤད་པ་ལྟར་དེ་དག་ཀུན་གྱི་རྩ་བ་མཐར་ཐུག་ན་གཉུག་མའི་རླུང་ཟེར་བ་ཞིག་འཇོག དེ་ལྟར་ན་འཁོར་བའི་རྩ་བ་རླུང་ཡིན་པ་དང། རྫོགས་རིམ་གྱི་ཉམས་ལེན་གཙོ་བོ་ཡང་རླུང་འདུལ་ཐབས་ཡིན་པས་སོ།། མེར་མེར་པོའི་གནས་སྐབས་ནས་གཟུགས་ལུས་རགས་པ་གྲུབ་ཟིན་པས་དེ་ནས་འཆི་བ་ཐུག་གི་ བར་གྱི་ལུས་ཕྲ་རགས་རྣམས་འབྱུང་བ་བཞིའི་ཁམས་ལས་གྲུབ་པ་ཡིན་པས། ས་རླུང་གིས་འཛིན་པར་བྱེད། ཆུ་རླུང་གིས་སྡུད་པར་བྱེད། མེ་རླུང་གིས་མ་རུལ་ཅིང་སྨིན་པར་བྱེད། རླུང་རླུང་གིས་རྒྱས་པར་བྱེད་དོ།། འཆི་དུས་རྣམ་ཤེས་ཀྱི་རྟེན་བྱེད་པའི་འབྱུང་བ་བཞི་ཐིམ་རིམ་བཤད་པའི་སྐབས་སུའང་ འབྱུང་བ་སྔ་མའི་རང་རང་གི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་ནས་ཕྱི་མའི་ནུས་པ་གསལ་དུ་སོང་བ་ལ་འབྱུང་བ་ཐིམ་རིམ་དུ་བཤད་པས་ན། སྔ་མའི་ནུས་པ་ཕྱི་མ་ལ་འཕོས་པ་ཞིག་ཡིན་པ་འདྲ། འཆི་དུས་རགས་རིམ་ནས་འགག་པ་དང་། སྐྱེ་དུས་ཕྲ་རིམ་ནས་འཕེལ་བ་སོགས་རྫས་ཀྱི་འཕོ་འགྱུར་སྣ་ཚོགས་པ་གཉུག་མའི་རླུང་གིས་གཡོ་བ་འབའ་ཞིག་ཏུ་བཤད་པས། འབྱུང་བ་རླུང་གི་གཡོ་བ་ལས་འཇིག་རྟེན་གྲུབ་ཚུལ་དང་རླུང་གི་རྣལ་འབྱོར་ལ་བརྟེན་ནས་རང་ལུས་འོད་སྐུར་ལྡང་བ་སོགས་འཁོར་འདས་ཀུན་གྱི་རྩ་བ་རླུང་ཡིན་པར་ཐུག་གོ །སེམས་ཡུལ་ལ་གཡོ་བ་རླུང་གི་བྱེད་ལས་ཡིན་པས་སྔགས་ལུགས་ལ་རླུང་ཐུལ་ན་ཞི་གནས་འགྲུབ་པར་བཤད་པ་ཡང་རྒྱུ་མཚན་འདུག །
འབྱུང་བ་བཞི་ཟེར་བ་ཧ་ཅང་ནུས་པ་ཆེན་པོ་རེད། ཚན་རིག་པས་མངལ་གྱི་གནས་སྐབས་སུ་བདུན་ཕྲག་སོ་བརྒྱད་འགོར་དགོས་བར་བཤད་པ་དང་སྔགས་ལུགས་ཀྱི་མངལ་གྱི་གནས་སྐབས་ལ་ཞག་མ་ཉིས་བརྒྱ་རེ་དྲུག་འགོར་དགོས་བར་བཤད་པ་གཉིས་དོན་ལ་གཅིག་ཏུ་འབབ་པ་ཡིན། ཡིན་ཡང་མངལ་གྱི་གནས་སྐབས་ཀྱི་སྐྱོན་གསུམ་དང་མ་བྲལ་ན་ཕྲུ་གུ་ཆགས་མི་ཐུབ་པ་སྔགས་ལུགས་ཀྱིས་ཁ་ཚོན་ཆོད་པའི་སྒོ་ནས་བཤད་ཀྱང་ཚན་རིག་པས་ཐེ་ཚོམ་གྱི་ངང་ལ་བསྡད་ཡོད། སྐྱོན་གསུམ་ནི་མངལ་གྱི་སྐྱོན། ས་བོན་གྱི་སྐྱོན། ལས་ཀྱི་སྐྱོན་ཏེ། སྔ་མ་གཉིས་ཀྱི་འགྲེལ་བཤད་ཚན་རིག་དང་མཐུན་ལ། ཕྱི་མ་ནི། བར་དོ་བ་དེས་རང་གི་ཕ་མར་གྱུར་བའི་ལས་བསགས་དགོས་པ་དང་ཕ་མས་རང་གི་བུར་གྱུར་བའི་ལས་མ་བསགས་ན་བར་དོ་བ་མངལ་དུ་ཞུགས་ཀྱང་མངལ་ཆགས་མི་ཐུབ་པར་བཤད་ཡོད། ཚན་རིག་པས་ཁམས་དམར་གྱི་སྐྱེ་རྡུལ་ནང་དུ་ཁམས་དཀར་གྱི་སྐྱེ་རྡུལ་ཐིག་ལེ་གཅིག་ཞུགས་ནས་རིམ་གྱིས་འཕེལ་ཏེ་ཕྲུ་གུའི་མི་ཚེའི་མགོ་ཚུགས་པར་བཤད་ཡོད། འོན་ཀྱང་མངལ་དང་ས་བོན་གྱི་སྐྱོན་དང་བྲལ་ན་ཡང་བརྒྱ་ཆའི་བརྒྱ་ཕྲུ་གུ་སྐྱེ་བའི་ངེས་བ་མི་འདུག་ཅེས་བཤད་ཡོད། ཨ་མའི་ཁྲག་རྒྱུན་ནས་ཤ་མ་བརྒྱུད། ཤ་མ་ནས་ལྟེ་ཐག་བརྒྱུད་ནས་མངལ་གྱི་ཕྲུ་གུ་ལ་ཟས་བཅུད་དང་ཨོག་སི་ཇེན་སྤྲོད་པ་དང་དེ་བཞིན་ཕྲུ་གུའི་གཟུགས་པོའི་ནང་གི་རླུང་བཙོག་སོགས་ཕན་མི་ཐོགས་པའི་སྙིགས་རོ་རྣམས་ཕྲུ་གུའི་ལྟེ་ཐག་བརྒྱུད་ནས་ཕྱིར་འདོན་གྱི་ཡོད་པ་རེད། དེས་ན་མངལ་གྱི་གནས་སྐབས་ཀྱི་ཕྲུ་གུ་དེས་སྣ་བུག་ནས་དབུགས་གཏོང་ལེན་བྱེད་ཀྱི་མེད་པ་གསལ་བོ་རེད། སྐྱེས་མ་ཐག་ཨ་མ་ལ་བརྟེན་མི་དགོས་བར་དབུགས་གཏོང་ལེན་ཐུབ་པ་རེད། དེས་ན་འབྱུང་བ་རླུང་གི་རང་བཞིན་གང་འདྲ་ཞིག་ཡིན་མིན་དང་དེའི་བྱེད་ལས་གཡོ་བ་ཙམ་མ་ཡིན་པར་འཇིག་རྟེན་སྲིད་པའི་རྩ་བ་ཡིན་པར་ཤེས་བར་གྱིས།
མིག་བརྒྱད་པ། ཁྱེད་ཀྱི་མིག་གིས་མདུན་ཕྱོགས་ཁོ་ན་དང་ཤོག་ངོས་གཅིག་་པུ་ལས་མཐོང་ཐུབ་ཀྱིན་མེད་པ་འདྲ། ས་ཕུག་ནང་གི་ཙི་ཙིའི་དཔེར་མི་བྱེད་པར། ས་ཕུག་ཕྱི་རོལ་ལ་ཐོན་ནས་ཕྱོགས་བཞི་མཚམས་བརྒྱད་ལ་མིག་གིས་ཅིག་ལྟོས་དང་། ས་ཕུག་ལས་རྒྱ་ཆེ་གི་རེད། ཧཧཧ
རྔ་ཁམས་པས་ཚན་རིག་དང་མཐུན་པར་ནང་པ་རང་གི་འཇིག་རྟེན་དང་སྟོང་ཁམས་དབར་གི་དབྱེ་མཚམས་གསལ་པོར་ཕྱེས་སོང་། དེ་ག་རང་རེད།