རྔ་བ་རྒྱལ་ཁམས་པ།
མཚན་མོ་དེར། གྲང་རླུང་ཤུར་ཤུར་ལྡང་ཞིང་། སྡོང་ལོ་ཤིག་ཤིག་འདར། ལམ་ལམ་འབར་བའི་མེ་ལྕེའི་ཁྲོད་ནས། མི་རྐང་ལྟ་བུའི་གླིང་བུ་འཛེར་སྐད་ཅན་ཞིག་ཐེངས་འགར་གྲགས་རྗེས། སྟོབས་རྩལ་ཅན་གྱི་དམག་དཔུང་ཞིག་གི་རྔམས་བརྗིད་དང་། ཡིད་དབང་འཕྲོག་པའི་མཛེས་མ་དག་གིས། གླུ་གར་དང་རོལ་མོའི་རམ་འདེགས་ཀྱི་ཁྲོད། བོད་ཀྱི་གྲྭ་སའི་ཞྭ་མོ་དང་། ཟླ་གམ་སྨུག་པོ་གྱོན་པའི་མི་དབང་ཞིག་གར་སྟེགས་སུ་ཕེབས་ཏེ། མདུན་དུ་གོམ་པ་འགའ་སྤོས་ནས། “ཨ་ལོ་ཧ”ཞེས་ཀུན་ལ་ཕྱག་ཕེབས་ཀྱི་གུས་ཞབས་བསྟན། ཡུལ་འདིའི་གྲོང་དང་གྲོང་ཁྱེར་གྱི་ལམ་ག་ཆེ་ཆུང་དང་། ཟ་ཁང་། ཚོང་ཁང་། ཡུལ་སྐོར་གྱི་ས་ཚུགས་ཕལ་ཆེ་བར། ནང་དོན་གོ་མི་ཐུབ་པའི་ཡུལ་སྐད་ཀྱི་མིང་ཚིག་སྣ་ཚོགས་པ་རེ། གང་ཡིན་སར་ས་ཁྱབ་རྡོ་ཁྱབ་ཏུ་བཀོལ་སྤྱོད་བྱས་ཡོད་ཀྱང་། ཡུལ་དང་སྐད་ཀྱི་བདག་པོ་ངོ་མ་དག་ནི། ཨིན་ཇིའི་སྐད་ཡིག་དང་། མི་རིགས་མཉམ་འདྲེས་ཀྱི་འདུ་ལོང་ནང་ཐིམ་ནས། རང་གི་སྐད་ཡིག་དང་རིག་གཞུང་ཞེས་པ། ཡུལ་སྐོར་བར་ཤོད་རྒྱུའི་ངོ་མཚར་བའི་གཏམ་རྒྱུད་ཅིག་ཏུ་འགྱུར་བཞིན་པ་ནི། ངས་ད་ཐེངས་ཀྱི་འགྲུལ་བཞུད་རིང་མོ་ལས། ཁྱེད་ལ་བཏེགས་པའི་ཆང་སྐྱུར་ཕོར་བ་གང་ཡིན།
ངའི་བུ་ཆུང་གི་ཡིད་སྨོན་ལྟར། ཉིས་སྟོང་བཅུ་གཉིས་ལོར་ “ཡིད་སྨོན་ཅིག་བྱེད”ཅེས་པའི་བྱིས་པའི་ཐེབས་རྩ་ཚོགས་པ་ཞིག་གིས། ང་ཚོ་ནང་མི་གསུམ་དང་། ཆུང་མའི་མ་རྒན་བཅས། ང་ཚི་མི་བཞིར་བདུན་གཅིག་གི་རིང་། ཨ་རིའི་སྐམ་ས་གཙོ་བོ་དང་འཇར་པན་གཉིས་ཀྱི་བར་དུ་ཆགས་པའི་བྱང་ཞི་བདེ་རྒྱ་མཚོའི་མཚོ་གླིང་། ཧ་བ་ཡས་ཞེས་བསྐལ་བའི་ཆགས་སྟངས་ཉིད་ཀྱིས་གླིང་ཕྲན་བརྒྱད། མཐིང་མདོག་གི་ནམ་མཁར་བཞད་པའི་སྨིན་དྲུག་ལྟར། ལུག་རྒྱུད་དུ་སྤྲེལ་བའི་མཚོའི་གླིང་མ་སྙན་གྲགས་ཅན་དེར་འགྲུལ་བསྐྱོད་ཀྱི་ངོས་ལེན་རོགས་སྐྱོར་ཐོབ།
ཐེབས་ཚོགས་དེས་ང་ཚོའི་བདམས་གསེས་ལྟར། གནམ་གྲུ་དང་། མགྲོན་ཁང་། ཡུལ་སྐོར་ས་ཚིགས། རླངས་འཁོར། ཡུལ་སྐོར་ལས་འཆར་གྱི་དུས་ཚོད་བཅས་གཏན་འབེབས་ཀྱིས། འགྲོ་གྲོན་ཆ་ཚང་སྔ་གཏོང་ཐོག་ཉིན་བདུན་རིང་གི་ཟས་དོད་ཨ་སྒོར་༢༢༠༠ ངེད་ཚང་གི་དངུལ་ཁང་དུ་བླུགས། དེའི་སྟེང་ངེད་བཟའ་མི་གཉིས་སྤྱི་མོས་ཀྱིས། ཁ་ལི་ཧྥོ་ནེ་ཡ་མཚོ་འགྲམ་གྱི་ཁུག་སོ་དག་ཏུ་ཆགས་པའི་གྲོང་དང་གྲོང་ཁྱེར་ཁག་ཅིག་དང་། ཨོ་རེ་དགོན་མངའ་སྡེའི་ས་ཁུལ་ཁག་ཅིག་བཅས། མངའ་སྡེ་གསུམ་གྱི་སྤྲོ་འཁྱམས་ས་ཁུལ་གྲགས་ཆེ་བ་འགའ་ཞིག་ཏུ་བདུན་གཉིས་རིང་གི་ཡུལ་སྐོར་ཞིག་བྱ་རྒྱུའི་མོས་མཐུན་བྱུང་། དེའང་ཉིས་སྟོང་བཅུ་བཞིའི་སྤྱི་ཟླ་བརྒྱད་པའི་ཚེས༡༢ནས༢༢བར་བདུན་གཉིས་རིང་འགྲུལ་བཞུད་དུ་འགྲོ་རྒྱུ་བྱས།
བོད་མིའི་ཁ་དཔེར་ “སྤྲང་བོ་རབ་ཁར་ཕྱུག”ཅེས་པའི་དཔེ་ལྟར། ཡུལ་གང་ཞིག་ཏུ་འགྲུལ་བཞུད་ཅུང་རིང་མོ་ཞིག་བྱེད་དགོས་ཚེ། ཅ་དངོས་ཆེ་ཕྲ་རྫོགས་མཐའ་མེད་པ་ཞིག་འཁྱེར་དགོས་པ་ངེད་ཚང་གི་ཁྱད་ཆོས་རེད། མི་རེར་མ་མཐའི་གྱོན་ཆས་ཆ་བཅུ་དང་། ཆུ་སྐོལ་བྱེད་ཀྱི་ཐབ་ཀ བཏུང་སྣོད། དྲོད་ཁུག ཁ་པར་དང་ཀློག་ཀླད་ཆུང་ངུ་། དཔེ་ཆ། ཁྲུས་ཆལ་སྐོར། ད་དུང་མ་རྒན་གྱི་སྐྲ་རྫུན་སྐྲ་རྒྱོང་མི་མགོ་དང་བཅས་པ། སྐེད་པར་འདོགས་རྒྱུའི་ཁུག་མ། རྒྱབ་ན་ཁུར་རྒྱུའི་ཁུག་མ། ལག་ཁུག འདྲུད་ཁུག་སོགས་ཁུག་མ་ཆེ་ཆུང་། འབྲོག་ཁྱིམ་ཞིག་རུ་འགེལ་སྐབས་ཀྱི་དངོས་ཟོག་འདྲ་བ་ཞིག་གྲ་སྒྲིག་བྱེད་དགོས་པ་རེད།
ད་དུང་ང་ཚོ་མ་སོང་ཡར་སྔོན་དུ་ངའི་ཆུང་མས་མཛུབ་དཀྲིས་དང་། སྐེ་རྒྱན། རྣ་ལུང་སོགས། ལུས་ལ་འདོག་རྒྱུ་དང་། ཁྱིམ་དུ་སྒྲིག་རྒྱུའི་དངོས་པོ་སྣ་ཚོགས་ཤིག དངུལ་ཁང་ནས་སྒམ་ཞིག་ཀླས་ཏེ་ནང་དུ་བཅུགས། ངས་ནི་རྒྱན་ཆ་དེ་ཚོའི་རིན་ཐང་དང་རྒྱུ་སྤུས་ཅི་ཡིན་ཅུང་ཟད་ཙམ་ཡང་ཧ་གོ་གི་མེད། དེ་བས་ང་ལ་ངའི་ཁུ་བོ་བཀའ་དྲིན་ཅན་གྱིས་གནང་བའི་རྡོར་སེམས་ཀྱི་གསེར་སྐུ་རྙིང་བ་ཞིག་ཡོད། དེ་བོར་བརླག་འདྲ་ཤོར་ཨེ་ཡོང་སྙམ་ནས་ཅུང་བློ་དོགས་ཤིག་སྐྱེས་མོད། དངུལ་ཁང་ལ་ནི་སྐུ་འདྲ་འཇོག་པའི་སྲོལ་མེད་པས་མ་བཞག རྐུན་སྐྱོབ་ཀྱི་རིག་སྔགས་ནི་ཁྱིམ་གྱི་གང་ཡིན་སར་བཏབ་པོ།།
ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པར། ངས་རླངས་འཁོར་བཏང་སྟེ། ཆུང་མའི་མ་རྒན་དང་མོའི་འགྲུལ་བཞུད་ཀྱི་ཅ་དངོས་རྣམས་ཚུར་བསུས་ཏེ་འགྲོ་ཆོག་ཆོག་བྱས། དུས་ཚོད་བཅུ་གཅིག་དང་སྐར་མ་བཅོ་ལྔའི་ཐོག མི་ཞིག་གིས་ཁ་པར་བཏང་སྟེ། བྱིས་ཐེབ་ཀྱིས་བཀོད་མངགས་བཞིན། ང་ཁྱེད་ཚོ་གནམ་ཐང་དུ་བསྐྱེལ་བར་སླེབས་ཡོད། ཅེས་ཟེར། ངས་སེམས་ལ་ཆུང་མའི་སྤུན་རྒན་གཉིས་ལས་གང་རུང་ཞིག་ང་ཚོ་བསྐྱེལ་བར་ཕེབས་རྒྱུ་ཡིན་པ་ལས། བྱིས་ཐེབས་ཀྱིས་གྲ་སྒྲིག་གནང་རྒྱུ་ཡིན་པ་སེམས་ནས་བརྗེད་ཚར་འདུག འཕྲལ་མར་ཕྱི་ལ་སོང་སྟེ་ཅིག་བལྟས་པས། སྒོ་འགྲམ་དུ་ལེ་མོ་ཟིན་དཀར་བོ་ཧ་ཅང་ཆེ་ལེགས་ཤིག་བཞག་ཡོད་པ་མཐོང་ཞིང་། མིི་དེ་ཚུར་ཕེབས་ནས་ངའི་ལག་པར་འཇུ་བཞིན་རང་ཉིད་ངོ་སྤྲོད་གནང་།
ངས་ཁོ་ལ་གུས་ལན་སློག་པ་དང་མྱུར་མོར་ནང་དུ་ཕྱིན་ནས། དོ་བོ་ཆེ་ཆུང་བཞི་དང་རྒྱབ་ཁུག་གཉིས་རླངས་འཁོར་གྱི་འགྲམ་དུ་བསྐྱལ། མི་དེས་དེ་དག་རླངས་འཁོར་རྒྱབ་ངོས་ཀྱི་ཅ་དངོས་འཇོག་སྣོད་དུ་བཅུགས། རླངས་འཁོར་གྱི་འཛུལ་སྒོ་ཕྱེས་ཏེ་སྲེག་ཇ་དང་། མངར་ཁུ། བག་ལེབ། འཁྱག་དར་སོགས། ནང་ལོགས་སུ་གྲ་སྒྲིག་ཞུས་ཡོད་པས། ཁྱེད་ཚོས་གང་འདོད་ལྟར་ལོངས་སུ་སྤྱོད་ན་འགྲིགས་ཞེས་རླངས་འཁོར་སྒོ་བརྒྱབ་ཏེ། ཁ་ལོ་བ་རང་གི་བཞུགས་གནས་ཆོད་ཅན་དེའི་ནང་དུ་བསྡད་རྗེས་ལམ་དུ་ཆས། རླངས་འཁོར་ཕུགས་ཀྱི་རྐུབ་སྟེགས་སྟེང་ང་དང་མ་རྒན་བསྡད། མདུན་ངོས་ཀྱི་རྐུབ་སྟེགས་སྒང་ངའི་ཆུང་མ། རླངས་འཁོར་གཡོན་ཕྱོགས་ནས་གྱེན་དུ་བཞག་པའི་རྐུབ་སྟེགས་སྟེང་ངའི་བུ་ཆུང་བསྡད།
ང་ཚོ་རླངས་འཁོར་རྫིག་པོ་འདི་འདྲའི་ནང་བསྡད་པ་ཐོག་མ་ཡིན་པས། ཚང་མ་ཅུང་འུར་ཉམས་དང་སྤྲོ་འཛུམ་ཞིག་གིས་གང་། རེ་ཞིག་ནས་ངའི་བུ་ཆུང་གིས་མིག་གཉིས་ཧྲིག་ཧྲིག་ངང་། མདུན་ངོས་ཀྱི་བཟའ་བཏུང་དང་། ཤེལ་ཕོར་སྒྲིག་པའི་སྒམ་ཆུང་རྣམས་སྒོ་ཕྱེས་ཏེ་བཟའ་བཏུང་ཅིག་བྱེད་དགོས་པའི་རྣམ་འགྱུར་བསྟན། ངེད་ཚང་གིས་ནམ་རྒྱུན་བཟའ་བཏུང་གྲང་མོའི་རིགས་དང་། ལྷག་པར་རྫས་སྦྱོར་གྱིས་བཟོས་པའི་ཁ་ཟས་དང་འགྱིག་ཕོར་སོགས་བེད་སྤྱོད་བྱ་རྒྱུར་ཤིན་ཏུ་འཛེམ་ཟོན་བྱེད་ཀྱིན་ཡོད་ཁར། ཉེ་བའི་ཉིན་ཤས་སྔོན་ངའི་བུ་ཆུང་ལ་སྣ་ཆམ་ཞིག་ཀྱང་ཕོག་ཡོད་པས། བཟའ་བཏུང་གྲང་མོའི་རིགས་ལྷག་པར་ཡང་སྤྱོད་མི་རུང་ཞེས། ཡང་ཡང་ཨུ་ཚུགས་རྒྱག་བཞིན་ཡོད།
ང་ཚོས་རླངས་འཁོར་གྱི་ནང་ནས་པར་ཁ་ཤས་བླངས་མཐར། མ་རྒན་གྱིས་རང་གི་བུ་རྒྱུད་དང་གྲོགས་པོ་གྲོགས་མོ་ཚོར་ཁ་པར་བརྒྱུད། འདྲ་པར་དང་འཕྲིན་ཡིག་བསྐུར་ནས། ང་ཚོ་ཅི་འདྲའི་བསོད་ནམས་ཅན་རེ་ཡིན་ཚུལ་གྱི་ལབ་གླེང་དང་། ཀུ་རེ་བྱས། ཆུ་ཚོད་ཕྱེད་ཀ་ཡང་མས་ཤིག་ཏུ་ང་ཚོ་ཁུལ་འདིའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར། དོ་བོ་རྣམས་ཐང་དུ་ཕབ་སྟེ་ཁ་ལོ་བར་ཨ་སྒོར་བཅུའི་དྲིན་དོད་ཕུལ་རྗེས། གནམ་ཐང་སྒོ་འགྲམ་དུ་དོ་བོ་ཆེན་པོ་གཉིས་ཀྱི་ལྗིད་ཚད་གཞལ་འཕྲལ། ཐད་ཀར་ང་ཚོའི་དམིགས་གཏད་ཀྱི་འགྲོ་ཡུལ་ཧ་བ་ཡས་སུ་གཏོང་དགོས་པའི་བཀོད་འདོམས་བྱས།
༼མུ་འགོད།༽
གླིང་ཕྲན་འདི་ནི་འཇིག་རྟེན་འདིའི་རྒྱན་གཅིག་ཙམ་དུ་སྣང་། ཁོ་བོ་ཡང་ལོ་རེར་ཐེངས་རེར་གླིང་ཕྲན་འདིར་སྤྲོ་གསེང་སོགས་ཀྱི་ཆེད་དུ་འགྲོ་གིན་ཡོད།