རྔ་བ་རྒྱལ་ཁམས་པ།
ང་ཚོ་ཕྱེད་ཞིག་རལ་དུ་སོང་བའི་ཟམ་ཐོག་དེ་ནས་ཡར་སོང་། ལམ་དེའི་གཡོན་ཕྱོགས་སུ་རྡོ་གསེག་གི་ཁྲོད་མི་ཞིག་གིས་སྒྱེ་མོ་ཞིག་བཟུང་ནས་ཅི་ཞིག་འཚོལ་བའི་ལས་ཀྱིས་བྲེལ། ང་ཚོས་རླངས་འཁོར་བཀག་སྟེ་མི་དེར་སྐད་ཆ་ཞིག་དྲིས། མི་དེས་་ལྷ་ཁང་དེ་ནི་འདིའི་ཡར་ཕྱོགས་ཀྱི་ནགས་ཁུགས་སུ་ཡོད་པ་རེད། ཅེས་ཟེར། དེ་ནས་ངས་ཁོས་ཅི་ཞིག་འཚོལ་བཞིན་ཡོད་མེད་དྲིས་པས། མི་དེས་ཁོའི་ཁང་རྒྱབ་ཀྱི་ལྡུམ་ར་རྒྱན་བྱེད་ཀྱི་རྡོ་རིགས་འདེམས་གསེས་བྱེད་བཞིན་ཡོད་ཅེས་ཟེར། དེ་ནས་ཡར་འཁྱུགས་ཙམ་ཕྱིན་པས། ཉེ་འཁོར་ནགས་རིས་བསྐོར་བའི་སྤང་ཐང་ཁོད་དེ་ཙམ་སྙོམ་རྒྱུ་མེད་པ་ཞིག་ཏུ། བོད་ལུགས་དར་ལྕོག་ཁ་ཤས་ཤིག་རླུང་གིས་ལྷབ་ལྷིབ་སྐྱོད་བཞིན་པ་མཐོང་། གཡས་ཕྱོགས་ཀྱི་ནགས་གཤམ་ཐང་ངོས་ཅུང་ཁད་མཐོ་ས་ཞིག་ན། ཟླ་ཤས་གོང་ང་ཚོའི་མངའ་སྡེ་ནས་མཇལ་མྱོང་སོག་པོའི་ལུགས་ཀྱི་དགོན་པ་དང་བཀོད་པ་གཅིག་མཚུངས་ལྟ་བུའི་འདུ་ཁང་ཞིག་མཇལ། གཡོན་ངོས་སུ་ཕར་ལྟས་ཚོད་ལ་དགེ་འདུན་གྱི་བཞུགས་ཤག་གམ། དཔེ་མཛོད་ཁང་འདྲ་ཨེ་ཡིན་སྙམ་པའི་ཁང་བ་ཐོག་རྩེག་གཉིས་ལྡན་རྒྱ་ཕིབས་ཅན་ཞིག་མཐོང་། ང་ཚོས་རླངས་འཁོར་ར་བའི་འགྲམ་གྱི་ཤིང་སྡོང་ཆེན་པོ་དེའི་འོག་ཏུ་བཞག་སྟེ། འཛུལ་སྒོ་ནས་ནང་དུ་ཕྱིན། ར་བའི་ནང་འཁོར་སྐྱོད་ཀྱིས་ང་ཚོ་སླེབས་ཡོད་པའི་བརྡ་ཞིག་བཏང་རུང་ལན་རྒྱག་མཁན་ཞིག་མ་བྱུང་། ངའི་ཆུང་མས་དགོན་པར་མི་སུའང་མེད་པ་འདྲ། ཁ་པར་ཞིག་ཐོངས་ཞེས་ལབ་ཀྱིན་འདུག ངས་ཁ་པར་ཞིག་བཏང་བས་ཁ་སྔོན་མགྲོན་ཁང་ནས་དགོན་པ་དེར་ཁ་པར་གཏོང་སྐབས་ལན་འདེབས་མཁན་གྱི་བུད་མེད་དེའི་གསུང་སྐད་གྲགས་འོང་། བུད་མེད་དེ་ནི་ཕྱི་རྒྱལ་བ་ཞིག་ཡིན་པ་འདྲ་ཞིང་། མོས་བོད་དབུས་ཕྱོགས་ཀྱི་ཁ་སྐད་ཤིན་ཏུ་སྙིང་རྗེ་མོ་ཞིག་གསུང་གིན་འདུག སྐབས་རེར་ངས་མོས་ཅི་ཞིག་གསུང་གིན་ཡོད་མེད་ཧ་གསལ་བོ་ཞིག་མ་གོ་བས། ཨིན་སྐད་ཐོག་ནས་དྲིས་པས་མོས་ཨུ་ཚུགས་ཀྱིས་བོད་སྐད་ཐོག་ལན་འདེབས་པར་བྱེད། མོས་ཁ་པར་ལས་ཁྱེད་ཚོ་གང་དུ་ཡོད། མགྲོན་ཁང་དུ་ཡོད་དམ་ཞེས་དྲིས། ངས་མེད། ང་ཚོ་ད་ལྟ་དགོན་པར་སླེབས་ཡོད་ཅེས་ཞུས་པར་མོས་ཁ་པར་སྒོ་བརྒྱབ་སོང་། སྐབས་དེར་བོད་ཀྱི་གྲྭ་རྒན་དགུང་ལོ་བདུན་ཅུ་ཡས་མས་སུ་སླེབས་ཨེ་ཡོད་སྙམ་པ་ཞིག་ཕེབས་བྱུང་། ང་ཚོར་འཚམས་འདྲི་དང་འབྲེལ་འདུ་ཁང་སྒོ་ཕྱེ་ཕྱེ་བ་ཡིན། ཁ་སྔོན་རླུང་འཚུབ་ཀྱི་རྐྱེན་པས་ང་ཚོར་ད་ལྟའང་གློག་མི་འདུག ཅེས་གསུང་ཞོར་འདུ་ཁང་ཕུགས་ཀྱི་མཆོད་སྟེགས་ཐོག་མཆོད་མེ་ཁ་ཤས་ཤིག་བསྒྲོན་སོང་། ཁྱེད་ཚོས་མཆོད་མཇལ་དང་སྨོན་ལམ་ཐོབས། ང་སོང་ནས་ཇ་ཞིག་བསྐོལ་ཡོང་ཞེས་ཕྱི་ལ་ཕེབས་སོང་། ང་ཚོས་ཕྱག་འཚལ་ནས་མཆོད་མཇལ་གྲུབ་རྗེས་མ་རྒན་དང་ཆུང་མ་མ་བུ་ཕྱི་ལོགས་སུ་ཕྱིན། ང་རང་དབུས་ཀྱི་ས་གདན་ཐོག་བསྡད་ནས་གསོལ་འདེབས་བསྔོ་སྨོན་གང་རྒྱས་ཤིག་དང་། ཡོ་གའི་ཉམས་ལེན་དང་འབྲེལ་བའི་སྒོམ་གྱི་ཉམས་ལེན་ཡང་ཤེས་ཚོད་ཅིག་བསྐྱངས། ཆོས་སྤྱོད་གྲུབ་འཕྲལ་ཕྱི་ལ་བུད་ནས་བལྟས་པས།
ངའི་བུ་ཆུང་གིས་དགོན་པ་འདིར་ཡོད་པའི་རྨ་བྱ་མ་བུ་གཉིས་དང་ལྷན་དུ་རྩེད་མོ་རྩེད་ཀྱིིན་པ་མཐོང་། གནས་འཛིན་དགེ་བཤེས་དང་ངའི་ཆུང་མ་མ་སྨད་འདུ་ཁང་མདུན་ངོས་གཡོན་ཕྱོགས་སུ་ཡོད་པའི་མདུན་ཅོག་ཆེན་པོ་ཉི་གདུགས་ཅན་དེའི་འོག་ཏུ་བསྡད་ནས་གསོལ་ཇར་རོལ་གྱིན་འདུག ངས་འདུ་ཁང་ཕྱི་ངོས་ཀྱི་རྩིག་ངོར་སྒྲིག་པའི་འཁོར་ལོ་སྐོར་བཞིན་སྐོར་བ་གཅིག་བརྒྱབ་རྗེས་ཐད་ཀར་ཁོང་ཚོའི་འཁྲིས་སུ་སོང་། དགེ་བཤེས་མཆོག་གིས་ང་ཚོར་འོ་ཇ་དྲོན་མོ་དང་། ཤིང་ཏོག ཏན་ཤིང་བག་ལེབ་བཅས་ཀྱིས་སྣེ་ལེན་གནང་། རྒན་གྱིས་གསུངས་ན་ཆོས་ཚོགས་འདིར་གྲྭ་བ་གསུམ་ཡོད་པ་ལས། གཉིས་དོན་དག་ཅི་ཞིག་གི་ཆེད་ཕྱི་ལོགས་ཕེབས་སོང་བ་དང་། ཁོང་ཡང་ཉེ་བའི་ལ་དྭགས་དུས་འཁོར་དབང་ཆེན་ནས་ཕྱིར་ཕེབས་མ་ཐག་ཡིན་ནོ་ཟེར། ཕར་བལྟས་ཚོད་ལ་ཆོས་ཚོགས་དེའི་འཁོས་ཀ་དེ་ཙམ་བཟང་རྒྱུ་མེད་པའི་བཟོ་འདྲ་ཞིག་མཐོང་བས། ངས་ཁོང་ལ་དེའི་སྐོར་ནས་སྐད་ཆ་ཞིག་དྲིས་པར། ཁོང་གིས་ཆོས་ཚོགས་དེར་འཆར་ཅན་མི་མང་བོ་ཞིག་ཕེབས་ཀྱིན་ཡོད་པ་དང་།
ས་གནས་ཡུལ་མི་དག་ནི་ཤིན་ཏུ་གཤིས་སྤྱོད་བཟང་བོ་དང་འགྲོགས་འདྲིས་བདེ་བོ་ཡོད་པ་རེད་ཅེས་གསུངས་སོང་། ཁོང་གིས་ད་གིན་ང་ཚོས་མཇལ་མ་ཐག་པའི་སྐྱེད་ཚལ་དེ་ནི། སྔོན་མར་བྷ་བྷི་ར་ཞེས་པའི་བུད་མེད་ནང་བ་ཞིག་གིས་ཤང་བ་བཀའ་བརྒྱུད་ཀྱི་བླ་མ་ཀ་ལི་རིན་པོར་ཆེར་འབུལ་ལམ་ཞུས་པ་ཞིག་ཡིན་པ་དང་། དུས་ཕྱིས་ཀ་ལིའི་དགོན་པ་ནས་ཆོས་ཚོགས་དེ་འཛིན་སྐྱོང་བྱེད་པར་གྲྭ་བ་ཞིག་བཏང་བ། ཨིན་ཇིའི་སྐད་ཡིག་གི་དཀའ་ངལ་ལ་འཕྲད་སྟབས། ཀ་ལིས་ཨ་རི་བ་ནང་བའི་བཙུན་མ་ཞིག་རོགས་སྐྱོར་བྱེད་དུ་མངགས་པ། བཙུན་མ་དེས་གྲྭ་བ་དེས་གང་ཤེས་ངས་ཀྱང་ཤེས་པས། ཁོང་གི་བཀོད་འདོམས་ཀྱི་འོག་ལས་ཀ་བྱེད་འདོད་མི་འདུག་ཅེས། བཙུན་པ་དང་། བཙུན་མ་གཉིས་ཀྱི་བར་རྩོད་གླེང་འགལ་ཟླ་བྱུང་བའི་ཉེར་ལེན་ལས། གྲྭ་བ་དེས་ཆོས་ཚོགས་ཀྱི་མཚན་ཐོབ་སྒོ་བྱང་བཅས་འཁྱེར་ནས་ཕྱིར་ལོག་སྟབས། ས་གནས་དེ་སྦྱོར་འཇགས་གནང་མཁན་བུད་མེད་ཀྱིས།
ཆོས་ཚོགས་དེ་བཞིན་འཛམ་གླིང་ཆོས་ལུགས་རིས་མེད་ཀྱི་རྣམ་པ་མཚོན་པའི་ལྡུམ་ར་ཞིག་ཏུ་བཅོས་བསྒྱུར་གྱིས། ས་གནས་ཚོགས་སྡེར་རྩིས་སྤྲོད་བགྱིས་ཏེ་ད་ལྟའི་སྐྱེད་ཚལ་དང་། འགྲེམས་སྟོན། ཚོང་ལས་སོགས་མཉམ་འབྲེལ་གྱི་ལྟེ་གནས་ཤིག་ཏུ་གྱུར་པ་ཡིན་ཚུལ་གསུངས། ཡང་ཁོང་གིས་སྔོན་མར་ཡུལ་འདིར་མདོ་སྨད་ནས་ཕེབས་པའི་གྲྭ་བ་ཞིག་ཡོད་པ་དང་། གྲྭ་བ་དེ་ཡུལ་འདིའི་བུད་མེད་ཅིག་གིས་རྒྱ་གར་ནས་ཚུར་བླངས་པ་ཞིག་རེད། ཁོང་འདིར་སླེབས་ནས་བུད་མེད་དེར་ལས་ཀ་ཤིན་ཏུ་ལེགས་པོ་བྱས་ཡོད་ནའང་། རྒྱུན་རིང་བོར་ས་དེར་སྡོད་སྙིང་མ་སྐྱེས་པས། ཉིན་ཞིག་བུད་མེད་དེས་མཐོང་སར་ཁ་པར་བརྒྱུད། མི་གཞན་ཞིག་དང་མཉམ་པོར་ངུ་ངག་གིས་སྐད་ཆ་བཤད། ལུས་སེམས་སྐྱོ་བའི་རྣམ་འགྱུར་སྣ་ཚོགས་ཤིག་བསྟན་མཐར། སྦྱིན་བདག་དེར་ངའི་ཨ་མ་ལགས་ནད་གཞི་ཤིན་ཏུ་ལྕི་མོ་ཞིག་གིས་ཟིན་ཡོད་སྟབས། ང་མོ་ལ་ལྟ་སྐོར་དུ་མ་ཕྱིན་ཐུ་མེད་ཡིན་ཚུལ་གྱི་སྒྲུང་སྙིང་རྗེ་བོ་བཟོས་པས་སྦྱིན་བདག་མས་ཀྱང་ངོས་ལེན་གནང་། གྲྭ་བ་དེ་རང་ཡུལ་དུ་འགྲོ་ཁུལ་གྱིས་ནོས་ཡོག་གྲོང་ཁྱེར་དུ་ཕྱིན་ཡོད་པ་དང་། ཉིན་ཞིག་ནོས་ཡོག་ནས་བུད་མེད་དེར་ཁ་པར་བཏང་སྟེ། ཁོང་རང་ཉིད་ཀྱི་ཨ་མར་མཇལ་ཐུབ་པ་བྱུང་བ་དང་། ད་ཆ་ནོས་ཡོག་ཏུ་སླེབས་ཡོད་ཚུལ་གྱི་ལོ་རྒྱུས་རྒོ་བྲོ་བ་མང་བོ་བཤད་རྒྱུ་འདུག གནས་འདི་ནི་ས་ཆ་ཁ་ཁུ་སིམ་པོ། རྩི་ཤིང་ནགས་ཚལ་འཛོམས་པ། དབེན་ཁྲོད་སྙེག་མཁན་ཚོར་ཁྱེད་དུ་གཉེར་ནས་བཟོས་པ་ལྟ་བུ་ཞིག་རེད། ཁོང་གིས་དགོན་གནས་འདིར་རྨ་བྱ་བརྒྱད་ཡོད་པར་གསུངས་མོད། ངས་གཉིས་ལས་མཐོང་མ་བྱུང་། ཕངས་པ་ཞིག་ལ། ངས་མདུན་ངོས་ཀྱི་ཁང་རྩེག་དེ་ཅི་ཞིག་ཡིན་མིན་དང་། ཁ་པར་ནང་ལན་འདེབས་མཁན་གྱི་བུད་མེད་དེ་སུ་ཞིག་ཡིན་མིན་འདྲི་རྒྱུ་ཡིད་ནས་མ་དྲན། ང་ཚོ་ཆུ་ཚོད་གཉིས་རིང་དེར་བསྡད་རྗེས་གནས་འཛིན་དགེ་བཤེས་མཆོག་ལ། མཆོད་དོད་ཨ་སྒོར་བརྒྱ་ཕུལ་ཏེ་བཀའ་དྲིན་ཐུགས་རྗེ་ཆེ་ཞེས་ཞུས་ནས། ཕྱིར་མགྲོན་ཁང་དུ་ལོག་རྒྱུའི་སྟ་གོན་བྱས། དགོན་གནས་དེ་ནས་ང་ཚོའི་མགྲོན་ཁང་བར་ཆུ་ཚོད་གསུམ་ལྷག་འགྲོ་དགོས་པས། བྲེལ་སྟབས་ཀྱིས་རླངས་འཁོར་དུ་འབུད་སྐབས། གནམ་ངོ་ཕལ་ཆེར་སྤྲིན་པ་འཁྲིགས་ཤིང་། བསིལ་རླུང་འཇམ་པོ་ལྡང་བཞིན་ཆར་བ་ཟམ་ཟིམ་ཞིག་བབ་པ་ནི་ལྷ་བླ་མཉེས་པའི་རྟགས་མཚན་ཞིག་ཅི་ལ་མིན། ང་ཚོ་རི་ལས་མར་སྐར་མ་བཅུ་ཡས་མས་ཤིག་སོང་རྗེས། རི་གཤམ་གྱི་ལམ་ཆེན་སྟེང་སླེབས། ཆོས་ཚོགས་དེར་མཇལ་བའི་ཚོར་སྣང་གླེང་སློང་བྱེད་བཞིན་པའི་མུ་ནས། ངའི་བུ་ཆུང་གཉིད་དུ་ཡུར། སྐེད་ལམ་དེ་ནི་རྒྱ་མཚོའི་ཚལ་ག་དང་འབྲེལ་བའི་རི་སྐེད་ཅིག་ནས་ཐད་གར་བརྐྱངས་ཡོད་པས། ལམ་ཁ་དེ་ནས་རི་འདབ་ཀྱི་རྒྱ་མཚོའི་མཛེས་ལྗོངས་ལ་བལྟ་བ་ནི། ཆེས་ཡིད་དབང་འཕྲོག་ཅིང་སྣང་སེམས་སྤྲོ་བའི་ངང་ཚུལ་ཞིག་རེད། དགུང་གྲོ་དེའི་རྒྱ་མཚོའི་མཛེས་ལྗོངས་ནི། གནམ་སྔོན་མོར་སྤྲིན་པ་ལང་ལོང་གཡོ་བ་དང་གཅིག་མཚུངས་ཞིག་རེད། མཚོ་འདབ་འགའ་རེ་ཆེས་ཤིན་ཏུ་མཐིང་མདོག་ཡིན་པས། མཚོ་འདབ་དེ་དག་ལས་འོང་བའི་རླབས་ཀྱི་ཕྲེང་བ་དག་ནི། རང་བྱུང་ཁམས་ཀྱིས་ཁྱེད་ལ་བཏེགས་པའི་བཀྲ་ཤིས་པའི་ཁ་བཏགས་དཀར་པོ་ཞིག་གམ། ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་སྲས་མོའི་མགུལ་བར་འཆང་བའི་མུ་ཏིག་གི་དོ་ཤལ་ཆེན་པོ་ཞིག་རེད་ཅེས་ཀྱང་བཤད་ན་འདོད།
སྒྲུང་སྙན་པོ་བྱུང་། ཆོས་ཚོགས་དེ་ས་གནས་གང་དུ་ཡོད་པ་ཞིབ་གསལ་གསུངས་རོགས།
རྔ་པ་རྒྱལ་ཁམས་པ་མཆོག སླར་ཡང་མཇལ་བ་དགའ་སྤྲོ་ཆེ། བོད་སྐད་དུ། དགོན་པ་དེ་མིང་ལ་གནས་ཆུང་སྒྲ་གླིང་དང་། ཨིན་སྐད་དུ། Wooe Valley Temple ཟེར། དིང་སང་གནས་ཆུང་སྐུ་རྟེན་དེར་ཕེབས་ནས་བོད་ལུགས་ཆོས་གསུང་གི་ཡོད་འདྲ། ང་དེར་ལན་བཞི་ཙམ་འགྲོ་བར་མ་ཟད། ༡༩༨༣ ནས་༡༩༨༤ཕྱེད་བར་དགོན་པ་དེ་བསྡད་མྱོང་། བུད་མེད་བོད་སྐད་རྒྱབ་མཁན་དེ་གནས་ཆུང་རིན་པོ་ཆེ་སྐུ་གོང་མའི་སློབ་མ་ཡིན་ནམ་སྙམ། དགེ་བཤེས་དེ་དགེ་སློང་ལྟེ་བ་པ་བློ་བཟང་དོན་ལྡན་ཡིན་ནམ་བསམས། དགོན་པ་དེ་བཞེངས་མཁན་ཉི་ཧོང་པ་ལྗོངས་དེ་བུར་ཤིང་ལས་བྱེད་པ་དག་གིས་བརྒྱབས། ཨ་རིར་བྱེ་མ་ཀ་རར་རིན་ཆུང་བར་ཆགས་པ་ན། དེ་དག་ཨ་རི་ས་གནས་གཞན་དུ་སྤོས་པས། དགོན་པ་དེ་ལ་བདག་པོ་རྒྱབ་མཁན་མེད་པ་ལྟ་བུར་ཆགས་ཏེ། དང་པོ་ཀ་ལུ་རིན་པོ་ཆེ་སྐུ་གོང་མའི་སློབ་མ་འགས་བདག་པོ་བརྒྱབས་ཀྱང་། དེ་རྣམས་ཀྱང་གཞན་དུ་སོང་བ་ན། གནས་ཆུང་རིན་པོ་ཆེ་སྐུ་གོང་མས་གཞིག་གསོས་མཛད་དེ། ཕྱི་ལོགས་ཉི་ཧོང་གི་དགོན་པའི་དབྱིབས་ལ་ནང་དུ་བོད་ཀྱི་སྐུ་གསུང་ཐུགས་རྟེན་བཞུགས། གོང་ས་༧ རྒྱལ་བ་རིན་པོ་ཆེ་ཡང་གནས་ཆུང་སྐུ་གོང་མ་གཙོས་དགོན་གནས་ཨ་རི་སློབ་མ་རྣམས་ཀྱིས་༡༩༨༠ཙམ་ལ་དེར་གདན་འདྲེན་ཞུས།
༡༩༨༥ཙམ་ལ་ངས་ཨ་རི་གྲོང་ཁྱེར་ཆེན་མོ་ནེཝ་ཡོརྐ་ནས་ཁྱེར་པའི་ཤིང་སྡོང་ལ་ཤིང་ཏོག་་ཆགས་ཏེ་བྱིའུ་རྣམས་ཀྱིས་ལོངས་སྤྱོད་པར་ཐོས་སོ།
ལ་དྭགས་བློ་བཟང་འཇམ་དཔལ་མཆོག་གིས་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་བའི་ལོ་རྒྱུས་གསལ་བོར་གསུངས་གནང་བར་བཀའ་དྲིན་ཆེ་ཞུ། ཤིན་ཏུ་སྙན་པོ་བྱུང་། དགོན་པ་དེ་དང་བཟོ་བཀོད་གཅིག་མཚུངས་ཤིག་ནོས་ཇར་ཟེ་ན་འདུག དེ་ནི་སྒོ་མང་དགེ་བཤེས་སོག་པོ་དབང་རྒྱལ་ལགས་ཀྱིས་བཞེངས་པ་ཞིག་ཡིན་པར་བཤད། དིང་སང་དགོན་པ་དེ་ནི་ཨ་རི་བ་མི་གཉིས་ཀྱིས་བདག་ཉར་བྱེད་བཞིན་ཡོད་ཚུལ་གསལ།