༅།། རླུང་རྟའི་སྟག་སེང་ཁྱུང་འབྲུག་སྐོར་ལ་ཅུང་ཟད་དཔྱད་པ།
བོད་ཀྱི་དར་ལྕོག་ནི་སྤྱིར་བཏང་བོད་ཀྱི་དམག་དར་འཕྱར་སྲོལ་ལས་བྱུང་བ་ཡིན་ལ། དེ་ཡང་སྔོན་བཙན་པོ་རིམ་བྱོན་གྱི་སྐབས་དམག་དཔུང་ངམ་རུ་ཁག་སོ་སོར་ཁ་དོག་དང་མཚོན་རྟགས་མི་འདྲ་བའི་དམག་དར་དུ་མ་ཡོད་ཅིང་། དེ་ལ་རལ་གྲིའི་ཡུ་བ་ཅན་དང་མདའི་ཡུ་བ་ཅན་སོགས་མང་དུ་ཡོད། གང་ལྟར་བར་སྐབས་ཤིག་ནས་ས་གནས་གང་དུ་བོད་ཀྱི་དམག་དཔུང་ཡོད་པ་མཚོན་བྱེ ད་དུ་རི་རྩེ་དང་ལ་ཁ་རྣམས་སུ་དམག་དར་བསྒྲེང་འཛུགས་བྱས་པས་ལ་རྩེ་འམ་ལབ་ཙེ་ཞེས་གྲགས། དེའི་ཕྱིར་དེང་དུས་ལབ་ཙེའི་ནང་དུ་མདའ་མདུང་དར་གྱིས་བརྒྱན་ནས་འཛུགས་ཀྱིན་ཡོད་པའི་རྒྱུ་མཚན་དེ་རེད།
བར་སྐབས་ཤིག་ནས་དམག་དར་དེ་གྲོང་དང་ཁྱེར་དུ་འཛུགས་སྲོལ་དར་བ་མ་ཟད། དར་ལྕོག་གི་ངོས་སུ་གཟུངས་སྔགས་སོགས་གསུང་རབ་དཔར་བྲིས་བྱས་ཏེ་ཁྱིམ་ཚང་རེ་རེའི་ཁང་ཐོག་དང་འབྲོག་པའི་སྦྲའི་ཐོག་ཏུ་འང་འདོགས་སྲོལ་བྱུང་བས། ད་ལྟ་བོད་ཨ་མདོའི་ཁུལ་དུ་ཅོ་དར་དང་དར་མདུང་ཟེར་ཞིང་། དབུས་ཕྱོགས་དང་ས་ཁུལ་གཞན་ནས་དར་ལྕོག་གམ་རླུང་རྟ་ཞེས་གྲགས་ ལ། ད་ལྟའི་ཆར་རྒྱལ་ཁབ་གཞན་པའི་ནང་དུ་མཚོན་ན་དར་ལྕོག་ནི་བོད་མིའི་ངོ་བོ་མཚོན་བྱེད་ཞིག་ཏུ་གྱུར་ཡོད་པ་དཔེར་ན། དར་ལྕོག་ཞིག་གང་ན་ཡོད་ན་དེ་གར་བོད་མི་ཞིག་ཡོད་པའམ། ཡང་ན་བོད་མི་དང་འབྲེལ་ཡོད་ཞིག་ཡོད་པ་གསལ་སྟོན་ཐུབ་ཀྱི་ཡོད།
དེ་ལྟར་རིམ་གྱིས་འགྱུར་བ་སོང་གིན་སོང་གིན་མཐར་འབྱུང་རྩིས་ནས་བསྟན་པའི་གང་ཟག་སྒེར་སོ་སོའི་སྲོག་ལུས་དབང་ཐང་རླུང་རྟ་བཞི་དང་། འབྱུང་བའི་ཁམས་ཉམས་པ་གསོ་ཕྱིར། དར་ལྕོག་གི་ངོས་སུ་རླུང་རྟའི་སྟག་སེང་ཁྱུང་འབྲུག་ཟེར་བའི་གཟུགས་བརྙན་དང་། རླུང་རྟ་བསྐྱེད་པའི་ཤིས་ཚིག་བཅས་དཔར་ཏེ་འཛུགས་པ་དང་། ཤོག་བུའི་ངོས་སུ་དཔར་བཏབ་ནས་རླུང་ལ་བསྐུར་བས་རླུང་རྟ་ཞེས་གྲགས་པ་ཡང་བྱུང་། གང་ལྟར་རླུང་རྟ་ལ་ར་རླུང་དང་ཀ་ཀླུང་སྟེ་འབྲི་ཚུལ་མི་འདྲ་བ་གཉིས་ཡོད་མོད། དང་པོ་ལྟར་བྲིས་ན་རྒྱུ་མཚན་ལྡན་སྙམ།
སྟག་སེང་ཁྱུང་འབྲུག་སྐོར་ལ་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་ཡོད་མོད། རང་གི་བསམ་ཚུལ་ཅུང་ཟད་བཤད་ན་འདི་ལྟར་ཡིན། སྟག་ནི་ནགས་ན་གནས་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ཤིང་མཚོན་ཞིང་། སྐྱེ་གཟུགས་སེམས་ཅན་གཞན་ལས་མཛེས་པས་སྐྱེས་བུའི་ལུས་མཚོན་གྱི་ཡོད། སེང་གེ་ནི་གངས་རི་འམ་རི་ལ་གནས་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ས་མཚོན་ཞིང་། དཔའ་སྙིང་སེམས་ཅན་གཞན་ལས་ཆེ་བས་སྐྱེས་བུའི་དབང་ཐང་མཚོན་གྱི་ཡོད། ཁྱུང་ནི་མཁའ་ལ་སྤྱོད་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ནམ་མཁའ་དང་རླུང་མཚོན་ཞིང་། གཤོག་རྩལ་འདབ་ཆགས་གཞན་ལས་ཆེ་ཞིང་སྟེང་ནས་སྟེང་དུ་བགྲོད་པ་ཡིན་པས་སྐྱེས་བུའི་རླུང་རྟ་མཚོན་གྱི་ཡོད། འབྲུག་ནི་རྒྱ་མཚོར་གནས་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ཆུ་མཚོན་ཞིང་། ཚེ་ཐག་སྲོག་ཆགས་གཞན་ལས་ཆེས་རིང་བས་སྐྱེས་བུའི་སྲོག་མཚོན་གྱི་ཡོད། དབུས་ཀྱི་རྟ་མཆོག་གིས་སྐྱེས་བུའམ་གང་ཟག་སྒེར་མཚོན་གྱི་ཡོད།
དེར་བརྟེན་སྐྱེས་བུའི་ལུས་ལ་ན་ཚ་མེད་ཅིང་སྐྱེ་གཟུགས་ཀུན་གྱི་ཡིད་དུ་འོང་བའི་རྟེན་འབྲེལ་དུ་རྒྱ་སྟག་སྡེར་བཞི་ངོམ་པ་དང་། ཡང་སྐྱེས་བུའི་དབང་ཐང་རབ་ཏུ་རྒྱས་ཏེ་གཞན་སྣང་ཟིལ་གྱིས་གནོན་པའི་རྟེན་འབྲེལ་དུ་གངས་སེང་གཡུ་རལ་རྒྱས་པ། ཡང་སྐྱེས་བུའི་རླུང་རྟ་ཤིན་ཏུ་དར་ཏེ་གང་བསམ་ཡིད་སྨོན་ལྟར་འགྲུབ་པའི་རྟེན་འབྲེལ་དུ་ཁྱུང་ཆེན་གཤོ ག་རྩལ་རྒྱས་པ། ཡང་སྐྱེས་བུའི་ཚེ་ཐག་ཆུ་བོའི་རྒྱུན་ལྟར་རིང་ཞིང་སྙན་གྲགས་ཕྱོགས་བཅུར་རྒྱས་པའི་རྟེན་འབྲེལ་དུ་གཡུ་འབྲུག་སྤྲིན་གྱིས་བརྒྱན་པ་བཅས་དབུས་ཀྱི་རྟ་མཆོག་གི་ཕྱོགས་བཞིར་འབྲི་གྱིན་ཡོད་པ་རེད།
སྐྱེས་བུའི་མཚོན་དོན་རྟ་མཆོག་རྒྱན་གྱིས་བརྒྱན་ཞིང་ནོར་བུ་བཀལ་བ་ནི། སྐྱེས་བུའི་བསམ་དོན་འགྲུབ་ཅིང་ཕུན་ཚོགས་སྡེ་བཞིའི་མངའ་ཐང་མཐའ་མེད་དུ་རྒྱས་པའི་རྟེན་འབྲེལ་གྱི་མཚོན་དོན་ཡིན་ནོ།།
ཞེས་དཔྱད་སྒོ་ཙམ་དུ་རིག་པའི་རྡོ་རྗེས། གྲོགས་པོ་བློ་བཟང་ཤེས་རབ་ཀྱིས་དྲ་ཐོག་ནས་དྲིས་པའི་ལན་དུ་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༢༨ ཉིན་ཤར་མར་བྲིས་སོ།།
ཁ་བརྡ་རྩོམ་སྒྲིག་པ་ལགས། skyepཟེར་བ་འདི་ལ་བོད་ཀྱི་ཐ་སྙད་ཇི་ལྟར་བེད་སྤྱོད་བྱས་ན་འགྲིག བདག་གིས་གནམ་སའི་འབྲེལ་ཐག་གམ་གནམ་སའི་འབྲེལ་མཐུད་ཟེར་ན་འདོད་ཀྱང་། ཁྱེད་ཅག་གི་ཐ་སྙད་གང་ཞིག་གནང་ཡོད་གསལ་བཤད་ཞིག་གནོང་རོགས་ཞུ། གལ་སྲིད་འདི་ལྟར་བེད་སྤྱོད་བྱས་ན་འགྲིག་ཚེ་ཐ་སྙད་ཀྱི་འཁྲིས་སུ་འགོད་རྒྱུ་དང་མེད་ན་ཁྱེད་ཅག་གི་ཐ་སྙད་ཞིག་གནོང་རོགས་ཞུ།
ཁྱོད་ཀྱི་སྟག་སེང་ཁྱུང་འབྲུག་འགྲེལ་བཤད་དེ། །
དོན་ལ་གནས་དང་མི་གནས་ཅི་རིགས་འདུག །
ཚབས་ཆེན་ཞིག་གི་ནི་འབྲུག་རྒྱ་མཚོར་གནས། །
གཡུ་འབྲུག་སྤྲིན་པའི་ཁྲོད་དུ་གནས་པ་དེ། །
རྒྱ་བོད་ཀུན་གྲགས་ཡིན་པ་མ་གཏོགས་པར། །
གཡུ་འབྲུག་རྒྱ་མཚོར་གནས་པའི་བཤད་སྲོལ་འདི། །
རྒྱ་བོད་གཉིས་ལ་དེ་ཙམ་གྲགས་མི་ཆེ། །
དེ་བཞིན་སེང་གེ་གངས་སམ་རི་ལ་གནས། །
ཞེས་པའི་འགྲེལ་བཤད་དེ་ནི་མི་འགྲིག་སྟེ། །
སེང་གེ་གངས་ལ་གནས་དང་ཡང་ན་ཐང་། །
གནས་པ་མ་གཏོགས་སེང་གེ་ས་ཡི་རིར། །
གནས་པའི་འགྲེལ་བཤད་ཅིག་ནི་ད་སྔ་མེད། །
སྔ་མོའི་བོད་ཀྱི་གངས་སེང་གངས་རིར་གནས། །
ད་ལྟའི་ཨ་ཧྥུ་རི་ཀའི་སེང་གེ་དག །
ཡངས་ཤིང་རྒྱ་ཆེའི་རྩྭ་ཐང་ལ་གནས་པས། །
སེང་གེ་ས་རིར་གནས་པའི་འོལ་བཤད་དེ། །
དོན་ལ་མི་གནས་ཉིད་ཀྱི་རྟོག་བཟོར་ཤེས། །
རིག་འཛིན་ཆེན་པོ་རོལ་བའི་རྡོ་རྗེའི་གཏེར་ལས་བྱུང་ཞེས་པའི་རླུང་རྟ་ཡར་བསྐྱེད་ཀྱི་བསང་མཆོད་དཔེ་ཆ་ཞིག་ལས། ཀྱེེ༑ དབུས་ཀྱི་ཕྱོགས་ན་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་ལྷ་ནི། །རྟ་མཆོག་རྒྱལ་པོ་བྷ་ལ་ཧ། །མྱུར་མགྱོགས་ཆེ་བའི་དགྲ་ལྷ་བསངས་། །བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །ཀྱེེ༑ ཤར་གྱི་ཕྱོགས་ན་གནས་པའི་ལྷ། ། རླུང་རྟ་དར་བའི་དགྲ་ལྷ་ནི། །དུང་སེང་གཡུ་ཡི་རལ་པ་ཅན། །དཔའ་རྩལ་ཆེ་བའི་དགྲ་ལྷ་བསངས། ། བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །ཀྱེེ༑ ལྷོ་ཡི་ཕྱོགས་ན་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་ལྷ་ནི། །གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན། །ངར་སྐད་ཆེ་བའི་དགྲ་ལྷ་བསངས། ། བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །ཀྱེེ༑ ནུབ་གྱི་ཕྱོགས་ན་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་ལྷ་ནི། །རྒྱ་སྟག་མཚལ་གྱི་ཐིག་ལེ་ཅན། །དཔའ་རྔམ་ཆེ་བའི་དགྲ་ལྷ་བསངས། ། བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །ཀྱེེ༑ བྱང་གི་ཕྱོགས་ན་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་ལྷ་ནི། །ཁྱུང་ཆེན་ནོར་བུའི་ཐོར་གཙུག་ཅན། །སྟོབས་ཤུགས་ཅན་གྱི་དགྲ་ལྷ་བསངས། །བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །ཀྱེེ༑ ཕྱོགས་བཞི་མཚམས་ན་གནས་པའི་ལྷ། །འབྱུང་བ་ལྔ་ཡི་ལྷ་རྣམས་བསངས། །འབྱུང་བའི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །ཞེས་སོགས་གསལ་བ་འདིར་ཡང་དགོངས་པ་བཞེས་རྒྱུ་མང་ངོ་།།
སེང་གེ་ནི། རང་རེས་གངས་སེང་དང་འདམ་སེང་ཞེས་སེང་གེ་རིགས་གཉིས་སུ་ཕྱེ་བ་དང་། རྒྱལ་དར་དང་རི་མོར་འབྲི་བའི་སེང་གེ་དེ་ནི་གངས་ལ་གནས་ཤིང་དེ་ཡང་བསྐལ་པ་བཟང་དུས་ཀྱི་སྲོག་ཆགས་ཤིག་ཏུ་འདོད་ཀྱང་དགེ་ཆོས་ལགས་ཀྱིས་ཐ་གཅིག་ཏུ་འགག་པར་མཛད་འདུག སེང་གེའི་ཐ་སྙད་ཀྱང་རང་རེས་འདམ་སེང་དུ་འབོད་པ་དེར་རྒྱ་གར་བས་སེངྷ་ཞེས་འབོད་པས་དེ་ཟུར་ཆག་པར་མངོན། དེ་ལྟར་རང་རེའི་གངས་སེང་དུ་འཁྲུལ་པ་དེ་ནི་འདམ་སེང་ལས་གཞན་མིན་པ་ཁ་མཚོན་གཅོད་ཐུབ་སྙམ། དེས་ན་དེའི་གནས་ཡུལ་ཡང་གཙོ་བོ་ནགས་ཚལ་ཡིན་པར་ངེས་སོ།།
འབྲུག་ནི་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་མིན་ཡང་། རང་རེའི་ཤོད་སྲོལ་ལ་དགུན་མཚོ་ནང་ཉལ་ནས་དབྱར་ནམ་མཁར་འཕུར་བཞིན་པ་མཐོང་བའི་ལོ་རྒྱུས་མང་ལ། མི་རིགས་དཔེ་སྐྲུན་ཁང་ནས་བཏོན་པའི་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་མཐོང་གྲོལ་ཀུན་གསལ་མེ་ལོང་ཞེས་པར་ཡང་འབྲུག་རྒྱ་མཚོ་ན་གནས་པས་ཆུའི་ཁམས་མཚོན་ཞེས་པ་སོགས་རྒྱས་པར་འཁོད་པས་དེར་དཔྱད་པར་ཞུ།།
ཚངས་དབྱངས་རྒྱ་མཚོས་མཐོང་བའི་གངས་སེང་གང་དུ་ཡོད།།
ས་སྐྱ་དགོན་གྱི་གངས་སེང་པགས་པ་སུ་ཡིས་ཁྱེར།།
གངས་སེང་དཀར་མོའི་འོ་མ་འཇོ་མཁན་ག་ཚོད་བྱུང།།
སྲིད་པ་རྒད་པོའི་གཏམ་ཁུངས་འཚོལ་ལ་སུ་ཞིག་ངལ།།
དེས་ན་དགེ་ཆོས་ཀྱི་གངས་སེང་ཟེར་བ་ཞིག་མི་འདུག་ཟེར་བ་གང་ལ་ངོས་འཛིན་བྱས་པ་རེད།
གངས་སེང་ངེས་པར་དུ་གངས་རིའི་སྟེང་དུ་གནས་ཡོད་དགོས་པའི་ཨུ་ཚུགས་བྱེད་དོན་མེད་པར་འདོད། མིང་ཙམ་ལ་བརྟེན་ནས་གངས་སེང་ཟེར་བ་ཡིན་གཅིག་མིན་གཉིས་གངས་རིའི་སྟེང་ན་ཡོད་དགོས་ཟེར་ན། གངས་ཅན་པ་ཟེར་བའི་མི་རིགས་དེ་ཡང་ངེས་པར་དུ་གངས་རིའི་སྟེང་ན་ཡོད་དགོས་པ་མ་རེད་དམ། འོན་ཀྱང་ད་བར་དུ་གངས་རིའི་སྟེང་དུ་འཚོ་གནས་བྱེད་པའི་མི་རིགས་ཤིག་རྙེད་མེད་པ་མ་རེད་དམ། དེའི་ཕྱིར་གོ་ལའི་ཡང་རྩེ་དང་འཛམ་གླིང་གི་འཁྱགས་སྒམ་ལྟ་བུར་བརྩི་བའི་བོད་གངས་ཅན་གྱི་ཡུལ་དུ་གནས་པའི་མི་ལ་གངས་ཅན་པར་འབོད་པ་ནང་བཞིན། ཡུལ་གངས་ཅན་དུ་གནས་པའི་སེང་གེ་ལ་གངས་སེང་དུ་འབོད་པ་ཡིན་ན་རྦད་དེ་གནས་ལུགས་མེད་པ་ཞིག་མིན་པ་འདྲ། གངས་ཅན་པ་དང་གངས་སེང་གཉིས་ཀྱི་མིང་འདོགས་སྟངས་ཀྱི་ཀུན་སློང་དང་རྒྱུ་མཚན་གཅིག་པ་ཡིན་ཆོག་གི་མ་རེད་དམ།
བོད་མི་རིགས་ལ་གངས་ཅན་པ་ཟེར་བ་ནང་བཞིན། གངས་གཡག་དང་གངས་སེང་སོགས་ཀྱང་མེད་པའམ་ཡང་ན་ངེས་པར་དུ་ཇོ་མོ་གླིང་མ་ལྟ་བའི་གངས་རི་ཞིག་གི་སྟེང་དུ་ཡོད་ཟེར་དགོས་དོན་ཨེ་ཡོད་ན།
བོད་ཀྱི་ཡུལ་དུ་རྒྱ་ཁྱི་སྣ་ལེབ་མ་གཏོགས་གངས་སེང་ཟེར་བ་ཞིག་མེད། འཕགས་པ་ཚངས་དབྱངས་པས་གཟིགས་པས་སོ་སྐྱེ་ལ་ཡོད་གོ་མི་ཆོད། སྐྱེ་འཕགས་གཉིས་ཀྱི་ས་མཚམས་འཇོག་ཤེས་པར་མཛོད། བོད་པ་རྒྱ་དགའ་འགས་རྒྱ་ཁྱི་སྣ་ལེབ་ལ་སེང་གེའི་མིང་བཏགས་པས། ཁྱི་ལ་སེང་གེའི་མིང་བཏགས་ཟེར་སྲོལ་འདི་བྱུང་བ་རེད། འཇམ་དབྱངས་གོང་མ་ཟེར་བ་ཡང་ཕལ་ཆེ་བ་འདི་འདྲ་ཞིག་མིན་ནམ།
རྒྱལ་བ་ཚངས་དབྱངས་པས་འོ་དེ་གུང་རྒྱལ་གྱི་གངས་རིའི་སྟེང་ནས་གཟིགས་པའི་སེང་གེ་དང་། རྡོ་རིང་བསྟན་འཛིན་དཔལ་འབྱོར་བས་གཉན་ཆེན་ཐང་ལྷའི་མགུལ་ནས་མཐོང་བའི་སེང་གེ་གཉིས་ཀ་གཞི་བདག་དེ་གཉིས་ཀྱི་སྒོ་ཟོག་རེད། གཞི་བདག་གི་སྒོ་ཟོག་ཁྲོད་དུ་འཇིག་རྟེན་མི་ཡུལ་དུ་ཡོད་མེད་གཉིས་ཀ་ཡོད་ལ། བོད་ཡུལ་དུ་ཡོད་མེད་གཉིས་ཀ་ཡང་ཡོད་པས། གཞི་བདག་ལ་ཡོད་པས་གཞི་དེའི་མི་ལ་དེ་ཡོད་པར་བསྒྲུབ་ཐུབ་ཀྱི་མ་རེད། ཁྱད་པར་འདི་ཤེས་པར་གྱིས། སྟག་སྨྱོན་ཁྱོད་ཀྱིས་ཤེས་མི་ཤེས་གཉིས་ཀ་མ་བཤད། ཤེས་དུས་ཤོད། མི་ཤེས་དུས་ཁ་ལ་མཛུབ་མོ་ཆུགས་ནས་སྡོད། སུས་ཁྱོད་ལ་བཙན་སྐུལ་བྱེད་ཀྱིན་འདུག
དགེ་ཆོས་ཀྱིས་བོད་ཀྱི་གངས་སེང་བསད་པ།
བོད་མི་གངས་སེང་ལ་དགའ། གངས་སེང་བོད་མིའི་བླ་སྲོག་ཡིན། རྒྱ་མི་འབྲུག་ལ་དགའ། འབྲུག་རྒྱ་མིའི་བླ་སྲོག་ཡིན། རྒྱ་མི་ལ་འབྲུག་གི་གཏམ་བརྒྱུད་མང་པོ་བཤད་རྒྱུ་ཡོད་ལ། རྒྱ་མི་ཁོ་རང་ཚོ་འབྲུག་གི་རྒྱུད་པ་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད། ཁོ་ཚོའི་མི་རིགས་ལ་འགྱུར་བ་ཇི་འདྲ་སོང་ནའང་བླ་སྲོག་བསད་མེད། དཔེར་ན་ལྷ་མེད་སྨྲ་བ་གཙོ་འཛིན་མའོ་ཙེ་ཏུང་སྐབས་རྙིང་པ་ཡོད་ཚད་མེད་པར་བཟོས་ནའང་། རྒྱའི་རུས་མིང་དང་འབྲུག་གི་བཤད་སྲོལ་ལ་གནོད་པ་བཏང་མེད། ལྷག་པར་དམར་པོ་ཏང་གི་འགོ་གཙོ་ཅང་ཙེ་མེན་གྱིས་ཉིས་སྟོང་ལོའི་སྟོང་ལོ་གསར་ཚེས་ཀྱི་གཏམ་བཤད་ནང་་་ད་ལོ་ནི་འབྲུག་ལོ་ཡིན་ལ། ང་ཚོ་རྒྱ་མི་རིགས་འབྲུག་ལ་དགའ་ཞིང་འབྲུག་གི་རྒྱུད་པ་ཡིན་པས། སྟོང་ལོ་གསར་བའི་འཛམ་གླིང་འདི་ནི་ང་ཚོ་རྒྱ་མི་རིགས་ཀྱི་དུས་རབས་ཡིན་་ཞེས་རྒྱ་མི་རིགས་ཀྱི་བླ་སྲོག་ལ་སྟོབས་ཤུགས་སྤེལ་ནས་མི་རིགས་ལ་སྤོབས་པ་བསྐྱེད།
ང་ཚོ་བོད་མི་རིགས་འཛམ་གླིང་འདིའི་མཐོ་སར་གནས་ཡོད་ལ། མཐོ་ས་དེའི་མཐོ་སའི་གངས་རིའི་རྩེ་ན་སྲོག་ཆགས་ཀྱི་རྒྱལ་བོ་གངས་སེང་གནས་ཡོད། སེང་གེ་དཀར་མོ་གཡུ་ཡི་རལ་ཅན་དེས་ངར་སྐད་སྒྲོག་པ་ཙམ་གྱིས་སྲོག་ཆགས་ཕལ་བའི་གླད་པ་འགད་པ་ལྟར་མཐོ་སྒང་གདོང་དམར་བོད་པའི་དཔའ་བོའི་སྙིང་སྟོབས་ལ་དགྲ་ཡའི་འགྲན་ཡ་མེད་པའི་དཔའ་གདེང་ཐོབ། ཆོས་ཕྱོགས་ནས་བཤད་ན་སེང་གེ་དཀར་མོའི་འོ་མ་གསེར་གྱི་ཀ་ཏོ་ར་བདུན་རྩེག་ནང་ལ་གཏོགས་མི་འཚོགས་པ་དང་། འོ་མ་དེ་ཁ་ལ་རེག་ན་སྐྱེས་བ་མང་པོ་ལ་ངན་འགྲོ་ལ་མི་སྐྱེས་པར་བཤད། གཏམ་བརྒྱུད་འདི་དག་གིས་གངས་སེང་བོད་མིའི་ཤ་ཁྲག་རུས་གསུམ་གྱི་ངོ་བོར་གནས་པའི་བླ་སྲོག་ཡིན་པ་ཤེས། དེ་མིན་ད་དུང་བོད་བཙན་པོའི་སྐབས་སེང་གེ་གནམ་མཆོང་དང་སེང་གེ་ཁ་སྤྲོད་སོགས་རུ(དམག)ཁག་སོ་སོའི་དམག་དར་བྱས་པར་གྲགས་པར་མ་ཟད། རྒྱལ་དབང་བཅུ་གསུམ་པ་ཚང་གི་སྐབས་༡༩༡༤ ལོའི་གཡས་གཡོན་ལ་སྔོན་མར་གཞིར་བཅོས་དམར་ནག་འཇའ་འོད་དྲུག་ལྡན་གྱི་ཉི་མ་གངས་རིའི་རྩེ་ནས་ཤར་བའི་མདུན་དུ་གངས་སེང་ཁ་སྤྲོད་ཀྱིས་ནོར་བུ་བཏགས་པ་བོད་ཀྱི་དར་ཆ་བཟོས་པ་འདིས་ཡང་གངས་སེང་གངས་ཅན་བོད་ཀྱི་བླ་སྲོག་གི་སྙིང་སྟོབས་ཤིག་ཡིན་པ་བསྟན་ཡོད། འདི་ལྟར་ཡིན་ཡང་ཡིད་རབ་ཏུ་སྐྱོ་བ་ཞིག་ནི་ཕྱིས་ཀྱི་ལོ་ཙ་བ་དགེ་ཆོས་ཀྱིས་གངས་ཀྱི་སེང་གེ་གར་ཡང་མཆིས་ཟེར་བ་དང་། གངས་སེང་ཟེར་བ་ང་ཚོ་བོད་པ་ཚོས་མ་བརྟག་མ་དཔྱད་པའི་སྐད་ཆ་རེད། ད་སྐབས་ང་ཚོས་རི་མོར་འབྲི་བཞིན་པའི་གངས་སེང་ཡིན་ཟེར་བ་འདི་རྒྱ་མིའི་རྒྱ་ཁྱི་མགོ་གཟེང་རེད་ཟེར་ནས་བོད་ཀྱི་བླ་སྲོག་གི་གངས་སེང་བསད་འདུག
དགེ་ཆོས་ལགས། ངོ་མ་ཁྱེད་ནི་ལ་རྒྱ་མེད་པའི་་ཉེ་རིང་ཆགས་སྡང་དང་བྲལ་བའི་བྱང་ཆུབ་སེམས་དཔའ་ཞིག་ཡིན་ནམ། ཁྱེད་ནི་སེམས་ཀྱིས་བསྐྲུན་པའི་སྟོབས་ཤུགས་མི་འདོད་པའི་དངོས་གཙོ་བ་ངོ་མ་ཞིག་ཡིན། ཡང་ན་ཁྱེད་ནི་ཆང་སྨྱོན་ལ་སོང་པའི་རིག་འཚོ་མ་ཟིན་པ་ཞིག་ཡིན། ཅི་ཕྱིར་ང་ཚོའི་གངས་སེང་བསད་པ་ཡིན།།
བལྟ་དགོས་ཟེར་ན་མཐོང་རྒྱུ་མེད་པ་གངས་སེང་དཀར་མོ།།
གསོད་དགོས་ཟེར་ན་གསོད་ཐབས་བྲལ་བ་གངས་སེང་དཀར་མོ།།
གངས་སེང་དཀར་མོ་གངས་དང་རྫ་རིའི་མགུལ་ན་ཆི་མེད།།
གངས་སེང་དཀར་མོ་རྩམ་ཟན་རེ་རེའི་་སེམས་ན་ངར་གི།
གངས་ཅན་པ་དང་གངས་སེང་དཀར་མོ་གཉིས་ཡོད་ན་མཉམ་ཡོད་དང་མེད་ན་མཉམ་མེད་ཡིན་དགོས་པ་མཐོང་། མི་ཡུལ་དང་བོད་ཡུལ་ན་ཡོད་མེད་སོགས་བཤད་པ་ནི་ཆེས་རྨོངས་དད་དང་བླུན་པོའི་བསམ་ཚུལ་ཞིག་ཡིན་པ་རེད། བོད་ཡུལ་ན་མེད་ན་གང་དུ་ཡོད་མེད་དང་བདག་པོ་སུ་ཡིན་ཤོད་དང་། འོ་ན་གངས་ཅན་པ་ཟེར་བ་དེའང་མི་ཡུལ་ན་མེད་པ་ཞིག་རེད་དམ།
མིག་གིས་མངོན་སུམ་མཐོང་རྒྱུ་ཡོད་པའི་མི་རིགས་དང་། །
ལྷ་སྒྲུང་གཞི་བདག་སྒོ་ཟོག་གངས་སེང་དཀར་མོ་གཉིས། །
ཡོད་མཉམ་མེད་མཉམ་ཟེར་བའི་བླུན་པོའི་ཁྱུ་ཚོགས་འདིས། །
སྨྱོན་པ་གཅེར་རྒྱུག་རོ་ལངས་ཟློས་གར་གང་མང་འཁྲབ། །
དེ་བས་མཐོ་སྒང་མི་རིགས་སྲོག་རྩ་གཡག་རྒོད་དང་། །
གདོང་དམར་བོད་རིགས་མི་མང་ཡོད་མཉམ་མེད་མཉམ་གྱི། །
ངར་སྐད་གནམ་དུ་སྒྲོགས་དང་དངོས་ཡོད་གནས་ཚུལ་དང་། །
མཐུན་ཙམ་ཡོང་ཡང་དེ་ཡང་ཉེན་ཁའི་གནས་སུ་ལྷུང་། །
ལོ་རྒྱུས་ཁྲོད་ཀྱི་འགྲོ་བ་མིའི་རིགས་དང་། །
དུད་འགྲོ་སེམས་ཅན་ས་སྟེང་ཡོད་མེད་དེ། །
འགྲོ་བ་མི་ཡི་ཐུན་མོང་སྣང་ཚུལ་ལས། །
དངོས་ཡོད་དངོས་མེད་བསྲེས་ན་དོན་དངོས་སྟོར། །
ཧ་ཧ་དགུ་རོང་གྲུབ་ཆེན་སྨྱོས་པ་འདྲ།།
མི་ཡི་ཡུལ་ན་མཐོང་དུ་མེད་པ་དང་།།
བོད་ཀྱི་ཡུལ་ན་བཙལ་དུ་མི་རྙེད་པའི།།
གངས་སེང་ཞེས་པ་བོད་ལ་དགོས་མཁོ་མེད།།
བོད་ཀྱི་ཡུལ་ན་མེད་པའི་གངས་སེང་ཞིག།
ཡོད་ཀྱང་བོད་མི་ཚོ་ལ་འབྲེལ་བ་མེད།།
མི་ཡི་ཡུལ་ན་མེད་པའི་སྲོག་ཆགས་ཤིག།
ཡོད་ཅེས་བརྩད་ཀྱང་ཨུ་ཚུགས་ཁོ་ན་རེད།།
གངས་སེང་ངེས་པར་དུ་གངས་རིའི་སྟེང་དུ་གནས་ཡོད་དགོས་པའི་ཨུ་ཚུགས་བྱེད་དོན་མེད་པར་འདོད། མིང་ཙམ་ལ་བརྟེན་ནས་གངས་སེང་ཟེར་བ་ཡིན་གཅིག་མིན་གཉིས་གངས་རིའི་སྟེང་ན་ཡོད་དགོས་ཟེར་ན། གངས་ཅན་པ་ཟེར་བའི་མི་རིགས་དེ་ཡང་ངེས་པར་དུ་གངས་རིའི་སྟེང་ན་ཡོད་དགོས་པ་མ་རེད་དམ། འོན་ཀྱང་ད་བར་དུ་གངས་རིའི་སྟེང་དུ་འཚོ་གནས་བྱེད་པའི་མི་རིགས་ཤིག་རྙེད་མེད་པ་མ་རེད་དམ། དེའི་ཕྱིར་གོ་ལའི་ཡང་རྩེ་དང་འཛམ་གླིང་གི་འཁྱགས་སྒམ་ལྟ་བུར་བརྩི་བའི་བོད་གངས་ཅན་གྱི་ཡུལ་དུ་གནས་པའི་མི་ལ་གངས་ཅན་པར་འབོད་པ་ནང་བཞིན། ཡུལ་གངས་ཅན་དུ་གནས་པའི་སེང་གེ་ལ་གངས་སེང་དུ་འབོད་པ་ཡིན་ན་རྦད་དེ་གནས་ལུགས་མེད་པ་ཞིག་མིན་པ་འདྲ། གངས་ཅན་པ་དང་གངས་སེང་གཉིས་ཀྱི་མིང་འདོགས་སྟངས་ཀྱི་ཀུན་སློང་དང་རྒྱུ་མཚན་གཅིག་པ་ཡིན་ཆོག་གི་མ་རེད་དམ།
བོད་མི་རིགས་ལ་གངས་ཅན་པ་ཟེར་བ་ནང་བཞིན། གངས་གཡག་དང་གངས་སེང་སོགས་ཀྱང་མེད་པའམ་ཡང་ན་ངེས་པར་དུ་ཇོ་མོ་གླིང་མ་ལྟ་བའི་གངས་རི་ཁོ་ནའི་སྟེང་དུ་ཡོད་ཟེར་དགོས་དོན་ཨེ་ཡོད་ན།