༈ མདོ་མཛངས་བླུན་ལས། གསེར་དབྱིག་གི་ལེའུ། Posted on 2013-01-01 By ཁ་བརྡ་ 6 Comments on ༈ མདོ་མཛངས་བླུན་ལས། གསེར་དབྱིག་གི་ལེའུ། འདི་སྐད་བདག་གིས་ཐོས་པ་དུག་གཅིག་ན། བཅོམ་ལྡན་འདས་གཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་ཆེན་པོའི་དགེ་འདུན་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་དེ་ན་ཁྱིམ་བདག་ཅིག་གི་ཆུང་མ་ལ་བུ་ཞིག་བཙས་ཏེ། མིང་ཡང་གསེར་གྱི་དབྱིག་ཅེ་བཏགས་ནས་བྱེད་གཟུགས་ལེགས་པ། བཟང་བ། ཤིན་ཏུ་མཛེས་པ། འཇིག་རྟེན་ན་ཟླ་མེད་པ། ཁྱེའུ་དེ་སྡོན་གྱི་ལས་ཀྱིས་ལག་པ་གཉིས་ཁུ་ཚུར་བཅངས་ནས་བྱུང་ངོ་། །ཁྱེའུ་དེའི་ཕ་མ་ཡ་མཚན་དུ་གྱུར་ཏེ་བཀྲ་མི་ཤིས་སོ་སྙམ་ནས་ཁྱེའུ་དེའི་ཁུ་ཚུར་གཉིས་ཕྱེ་སྟེ་བལྟས་ན། ཁྱེའུའི་ལག་མཐིལ་ན་གསེར་གྱི་དོང་ཚེ་རེ་རེ་ཡོད་དོ། །ཕ་མ་གཉིས་རབ་ཏུ་དགའ་སྟེ་གསེར་གྱི་དོང་ཚེ་གཉི་ག་བླངས་ཏེ། བླངས་པའི་ཤུལ་ན་ད་དུང་ཡང་ཡོད་པར་གྱུར་ནས་ཡང་བླངས་སོ། །དེ་བཞིན་དུ་ཕ་མ་གཉིས་ཀྱིས་གསེར་གྱི་དོང་ཚེ་ལག་མཐིལ་ནས་བླངས་པས་བང་མཛོད་གང་ཡང་བུའི་ལག་ནས་དོང་ཚེ་ཟད་པར་མ་གྱུར་ཏོ། །ཁྱེའུ་དེ་ཕྱིས་ཆེར་སྐྱེས་ནས་ཕ་མ་ལ་བདག་རབ་ཏུ་འབྱུང་ངོ་། །ཞེས་གསོལ་པ་དང་། ཕ་མས་ཀྱང་ཡིད་བཞིན་དུ་གནང་ངོ་། །ཞེས་སྨྲས་སོ། །དེ་ནས་ཁྱེའུ་གསེར་དབྱིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ལ་ཐུགས་བརྩེ་བའི་སླད་དུ་སྟོན་པས་བདག་ལ་རབ་ཏུ་འབྱུང་བར་ཅི་གནང་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཁྱེའུ་གསེར་དབྱིག ཁྱོད་རབ་ཏུ་འབྱུང་བར་གནང་ངོ་། །ཞེས་བཀའ་སྩལ་ཏོ། །དེ་ལྟར་སངས་རྒྱས་ཀྱིས་གནང་ནས་ཁྱིའུ་གསེར་དབྱིག་སྐྲ་དང་ཁ་སྤུ་བྲེགས་ཏེ་ཆོས་གོས་གྱོན་ནས་དགེ་སྦྱོང་དུ་གྱུར་ཏོ། །ཕྱིས་ལོ་གྲངས་ཚང་སྟེ་བསྙེན་པར་རྫོགས་རན་ནས་དགེ་འདུན་ལ་དད་པ་གསོལ་ཏེ་བསྙེན་པར་རྫོགས་པར་གསོལ་ཏོ། །བསྙེན་པར་རྫོགས་པའི་དགེ་འདུན་ལ་རིམ་གྱིས་ཕྱག་འཚལ་ཏེ། མཐར་གྱིས་ཕྱག་འཚལ་བ་ན་ལག་པ་གཉིས་ས་ལ་གར་རེག་པར་གསེར་གྱི་དོང་ཚེ་རེ་རེ་ཡོད་དེ། དེ་བཞིན་དུ་མཐར་གྱིས་ཕྱག་འཚལ་བ་ཐམས་ཅད་དུ་གསེར་གྱི་དོང་ཚེ་ཡོད་པར་གྱུར་ཏོ། །བསྙེན་པར་རྫོགས་ནས་བརྩོན་འགྲུས་བསྒོམས་པས་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། །ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། །བཅོམ་ལྡན་འདས། དགེ་སློང་གསེར་དབྱིག་འདིས་སྔོན་བསོད་ནམས་ཅི་ཞིག་བགྱིས་ན། ཐོག་མ་བཙས་ནས་ད་ཙམ་གྱི་བར་དུ་གསེར་གྱི་དོང་ཚེ་ཐོགས་པ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། རྟག་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུངས་ཤིག་དང་། ཁྱོད་ལ་བསྟན་པར་བྱའོ། །ཞེས་བཀའ་སྩལ་པ་དང་། ཀུན་དགའ་བོས་དེ་བཞིན་དུ་ཐོས་པར་འཚལ་ལོ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་དགུ་བཅུ་རྩ་གཅིག་གི་ཕ་རོལ་ན་སངས་རྒྱས་གསེར་ཐུབ་ཅེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ་དམ་པའི་ཆོས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ནི་བརྗོད་ཅིང་དཔག་ཏུ་མེད་དོ། །སངས་རྒྱས་དེ་དགེ་འདུན་དང་བཅས་ནས་ཡུལ་རྒྱུ་ཞིང་གཤེགས་པ་ལས་ཁྱིམ་བདག་རིགས་ཆེ་ཞིང་མཐོ་བ། འབྱོར་པ་དང་ལོངས་སྤྱོད་ལྡན་པ་རྣམས་ཞལ་ཟས་རྣམ་པ་སྣ་ཚོགས་བཤམས་ཏེ་སངས་རྒྱས་དང་། ཉེ་གནས་འཕགས་པའི་དགེ་འདུན་ལ་མཆོད་པར་བྱས་སོ། །དེའི་ཚེ་མི་དབུལ་པོ་ལོངས་སྤྱོད་ཅི་ཡང་མི་བདོག་པ་ཞིག་རྟག་ཏུ་རི་ལ་ཤིང་འཐུ་ཞིང་འཚོང་ངོ་། །ཕྱིས་ཤིང་བཙོངས་པའི་རིན་དུ་དོང་ཚེ་གཉིས་ཤིག་རྙེད་ནས་མི་དབུལ་པོ་དེས་སངས་རྒྱས་དགེ་འདུན་དང་བཅས་པ་རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲངས་ཏེ་གཤེགས་པ་མཐོང་ནས་རབ་ཏུ་དགའ་མགུ་རངས་ཏེ་དོང་ཚེ་གཉིས་བདོག་པ་སངས་རྒྱས་དང་དགེ་འདུན་ལ་ཕུལ་བ་དང་། བཅོམ་འདས་ཀྱིས་དེ་ལ་ཐུགས་བརྩེ་བར་དགོངས་ཏེ་དོང་ཚེ་གཉིས་བཞེས་དེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་མི་དབུལ་པོ་དེས་དོང་ཚེ་གཉིས་ཤིག་སངས་རྒྱས་དང་དགེ་འདུན་ལ་ཕུལ་བས། བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ལག་ན་གསེར་གྱི་དོང་ཚེ་རྟག་ཏུ་ཐོགས་པར་གྱུར་ཏོ། །ནོར་དང་། རིན་པོ་ཆེ་དང་། འཆོ་བའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་མི་དབུལ་པོ་དེ་ནི་དགེ་སློང་གསེར་དབྱིག་འདི་ཡིན་ཏེ། མི་འདིས་ཅི་སྟེ་དགྲ་བཅོམ་པའི་འབྲས་བུ་ཐོབ་ན་ཡང་མ་ཡོངས་པའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཚད་དཔག་ཏུ་མེད་དོ། དེ་བས་ན་ཀུན་དགའ་བོ། སེམས་ཅན་ཐམས་ཅད་ཀྱིས་སྦྱིན་པ་སྦྱིན་པའི་ལས་ལ་བརྩོན་པར་བྱའོ། །དེའི་ཚེ་ཀུན་དགའ་བོ་དང་། འཁོར་མང་པོ་རྣམས་སངས་ཀྱིས་གསུངས་པ་འདི་ཐོས་ནས་དད་ཅིང་མོས་པར་གྱུར་ཏེ། ལ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ། ལ་ལ་ནི་ལན་ཅིག་ཕྱིར་ལྡོག་པ་དང་། ཕྱིར་མི་ལྡོག་པ་དང་། དགྲ་བཅོམ་པ་ཐོབ་བོ། །ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །འཁོར་ཐམས་ཅད་སངས་རྒྱས་ཀྱིས་གསུངས་པ་ལ་མངོན་པར་དགའོ། །གསེར་དབྱིག་གི་ལེའུ་སྟེ་བརྒྱད་པའོ། ། མཁོ་སྤྲོད་པ་ཚུལ་ཁྲིམས་ཟླ་བ། བརྩམས་སྒྲུང་།, རྩོམ་རིག
སྤྱི་ལོའི་ལོ་གསར་བཀྲ་ཤིས་བདེ་ལེགས། དེ་རིང་གསེར་དབྱིག་གི་ལེའུ་མཇལ་བ་རྟེན་འབྲེལ་བཟང་བོ་བྱུང་། སྒྲུང་དེ་གཡག་རྒོད་བྱིས་པའི་འཇོག་ཆོག་བཀའ་འཁྲོལ་གནང་རོགས། རྔ་ན་མཁས་གྲུབ་གྱིས་
གསེར་དབྱིན་གྱིས་གསུང་གི་བྱིན་བརྱབས་ཤིན་ཏུ་ཆེ། ཕྱི་གསར་ལ་བཀྲིས་བེད་ལེགས་ཞུ།་ང་ཚོ་ཚང་མ་བོད་པ་རེད་ནང་པ་སངས་རྒྱས་པ་སེམས་པ་བཟང་པོ་བྱེད་དགོས་རེད་
མདོ་ཚིག་འདི་ན་སྤེལ་བ་དེས།། ཀུན་གྱིས་མདོ་དོན་རྟོགས་པར་ཤོག། མདོ་དོན་རྟོགས་ནས་རང་གཞན་ཀུན།། གཏན་བདེ་ཐར་པའི་སར་ཕྱིན་ཤོག།
ཁྱིའུ་ཞེས་པ་ཁྱེའུ་ཞེས་རྩ་བའི་མ་དཔེར་ཞུས་དག་དགོས། ༼བཅོམ་འདས་ཀྱིས་དེ་ལ་ཐུགས་བརྩེ་བར་དགོངས་ཏེ་དོང་ཚེ་གཉིས་བཞེས་ཏེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ།༽ བརྗོད་པ་འདིར་བརྗོད་པ་ཤས་ཆད་པར་སྣང་སྟེ། བཞེས་ཏེ། ཞེས་པའི་བྱ་ཚིག་གི་བྱེད་པ་པོ། སངས་རྒྱས་གསེར་ཐུབ་ཡིན་དགོས། དྷ་ས་ཆོས་དོན་ལས་ཁུངས་ནས་བཏོན་པའི་མ་དཔེར་ཡང་དེ་ལྟར་ཡོད་པས། སྡེ་དགེ་སོགས་དཔེ་ཆ་གཞན་དང་བསྡུར་དགོས། མདོ་འདི་སྒྲོགས་པ་པོ་ཀུན་ལ་དད་པ་འཕེལ་ཞིང་ལས་འབྲས་ལ་ངེས་པ་རྙེད་པས་མཁས་པ་མཛངས་པ་ལ་ཕན་པ་དང་། སྒྲུང་སྙན་པ་ཐོས་པས་བླན་པོ་ཡང་ཕན་པས། མདོ་འདི་ལ་མཚན་མཛངས་བླུན་ཞེས་མཚན་གསོལ་པ་ཐོས། བདག་བཙུན་ཆུང་ཡིན་པའི་དུས་ལ་དགེ་རྒན་ལས་འདི་ཡི་བཤད་པ་ཚར་གཅིག་ཐོས་ཏེ། དེ་ནས་བདག་གིས་ཁྱིམ་ཚང་གི་མཆོད་ཁང་ན། བཀྲ་ཤིས་ལྷུན་པོའི་སྤར་མ་ལེགས་པ་ཞིག་ཡོད་པ་བཀླགས། དེ་ནས་དཔེ་ཆ་དེ་༡༩༩༨ལོར་སླར་ཡང་ཀློག་པ་ན། ཨུ་པ་གུཔྟའི་ལེའུ་ན། ཨུ་པ་གུཔྟ་རང་བཞིན་གྱིས་དྲང་བས བྲན་མོ་དེ་ལ་མེ་ཏོག་རྒྱལ་བར་བྱིན་ཏེ་མ་རངས་པ་མེད་པར་བྱས་སོ།། ཞེས་པས་ལ་དྭགས་གཤམ་ཕྱོགས་པས། རྒྱལ་བ་ཞེས་པའི་ལེགས་པའི་དོན་ཡིན་པ་དེ་ཆོས་སྐད་ན་ཡོད་པར་ངེས་སོ།།
མདོ་ལས། གང་གཞན་ལ་ཕྱིན་པ་དེ་ནི་རང་གི་ཡིན་ནོ། །གང་བདག་ཏུ་བཟུང་བ་དེ་ནི་གཞན་གྱི་ཡིན་ནོ། །ཞེས་གསུངས་སོ། །
སྤྱི་ལོའི་ལོ་གསར་བཀྲ་ཤིས་བདེ་ལེགས། དེ་རིང་གསེར་དབྱིག་གི་ལེའུ་མཇལ་བ་རྟེན་འབྲེལ་བཟང་བོ་བྱུང་། སྒྲུང་དེ་གཡག་རྒོད་བྱིས་པའི་འཇོག་ཆོག་བཀའ་འཁྲོལ་གནང་རོགས། རྔ་ན་མཁས་གྲུབ་གྱིས་
ངའི་ལག་མཐིལ་ནང་གི་གསེར་གྱི་དོང་ཙེ་གཉིས་ཀྱང་། སྟོན་པ་ཤྰཀྱ་ཐུབ་པ་དང་། སྟོན་པ་གཤེན་རབ་འབུལ་ལོ། །
གསེར་དབྱིན་གྱིས་གསུང་གི་བྱིན་བརྱབས་ཤིན་ཏུ་ཆེ། ཕྱི་གསར་ལ་བཀྲིས་བེད་ལེགས་ཞུ།་ང་ཚོ་ཚང་མ་བོད་པ་རེད་ནང་པ་སངས་རྒྱས་པ་སེམས་པ་བཟང་པོ་བྱེད་དགོས་རེད་
མདོ་ཚིག་འདི་ན་སྤེལ་བ་དེས།།
ཀུན་གྱིས་མདོ་དོན་རྟོགས་པར་ཤོག།
མདོ་དོན་རྟོགས་ནས་རང་གཞན་ཀུན།།
གཏན་བདེ་ཐར་པའི་སར་ཕྱིན་ཤོག།
ཁྱིའུ་ཞེས་པ་ཁྱེའུ་ཞེས་རྩ་བའི་མ་དཔེར་ཞུས་དག་དགོས།
༼བཅོམ་འདས་ཀྱིས་དེ་ལ་ཐུགས་བརྩེ་བར་དགོངས་ཏེ་དོང་ཚེ་གཉིས་བཞེས་ཏེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ།༽ བརྗོད་པ་འདིར་བརྗོད་པ་ཤས་ཆད་པར་སྣང་སྟེ། བཞེས་ཏེ། ཞེས་པའི་བྱ་ཚིག་གི་བྱེད་པ་པོ། སངས་རྒྱས་གསེར་ཐུབ་ཡིན་དགོས། དྷ་ས་ཆོས་དོན་ལས་ཁུངས་ནས་བཏོན་པའི་མ་དཔེར་ཡང་དེ་ལྟར་ཡོད་པས། སྡེ་དགེ་སོགས་དཔེ་ཆ་གཞན་དང་བསྡུར་དགོས།
མདོ་འདི་སྒྲོགས་པ་པོ་ཀུན་ལ་དད་པ་འཕེལ་ཞིང་ལས་འབྲས་ལ་ངེས་པ་རྙེད་པས་མཁས་པ་མཛངས་པ་ལ་ཕན་པ་དང་། སྒྲུང་སྙན་པ་ཐོས་པས་བླན་པོ་ཡང་ཕན་པས། མདོ་འདི་ལ་མཚན་མཛངས་བླུན་ཞེས་མཚན་གསོལ་པ་ཐོས། བདག་བཙུན་ཆུང་ཡིན་པའི་དུས་ལ་དགེ་རྒན་ལས་འདི་ཡི་བཤད་པ་ཚར་གཅིག་ཐོས་ཏེ། དེ་ནས་བདག་གིས་ཁྱིམ་ཚང་གི་མཆོད་ཁང་ན། བཀྲ་ཤིས་ལྷུན་པོའི་སྤར་མ་ལེགས་པ་ཞིག་ཡོད་པ་བཀླགས། དེ་ནས་དཔེ་ཆ་དེ་༡༩༩༨ལོར་སླར་ཡང་ཀློག་པ་ན། ཨུ་པ་གུཔྟའི་ལེའུ་ན། ཨུ་པ་གུཔྟ་རང་བཞིན་གྱིས་དྲང་བས བྲན་མོ་དེ་ལ་མེ་ཏོག་རྒྱལ་བར་བྱིན་ཏེ་མ་རངས་པ་མེད་པར་བྱས་སོ།། ཞེས་པས་ལ་དྭགས་གཤམ་ཕྱོགས་པས། རྒྱལ་བ་ཞེས་པའི་ལེགས་པའི་དོན་ཡིན་པ་དེ་ཆོས་སྐད་ན་ཡོད་པར་ངེས་སོ།།