གངས་རིའི་ཉི་མ།
ཉིན་འགའི་སྔོན་ལ་གྲོགས་པོ་ཞིག་བརྒྱུད་དེ་མགར་རྩེ་འཇིགས་མེད་ལགས་ཀྱིས་བསྒྲིགས་པའི་༼བཙན་པོའི་སྙིང་སྟོབས༽་ཞེས་པའི་དཔེ་ཆ་དེ་མཐོང་བྱུང་། དཔེ་ཆ་དེའི་ཁ་བྱང་བཀླགས་པ་དང་ཐེངས་གང་མང་ལ་གོ་མྱོང་བ་མ་ཟད། རང་ཉིད་ཀྱི་གྲོགས་བཟང་པོ་གསར་སྐྱེས་ལགས་ཀྱིས་དཔེ་ཆ་དེ་བཀླག་ཐུབ་ཚེ་རིན་ཐང་ཧ་ཅང་མི་དམའ་བ་ཞིག་འདུག་ཅེས་ངོ་སྦྱོར་བྱས་བ་ཡང་ཡུན་གྱིས་དྲན་གསོས་ཀྱི་འདུག གང་ལྟར་རེས་གཟའ་སྤེན་པའི་ཉིན་བཀླགས་པ་ཡིན། དཔེ་ཆ་འདིི་བཀླགས་རྗེས་ང་རང་འདང་རྒྱག་ཆེན་པོ་ཞིག་གི་ནང་ལྷག་སོང་བ་མ་ཟད། འདས་ཟིན་པ་ཞིག་སླར་ཡང་དྲན་གསོ་བྱེད་དུ་བཅུག སེམས་སུ་མི་སྐྱིད་པའི་ཚོར་བ་དྲག་པོ་ཞིག་རང་བཞིན་གྱིས་སྐྱེས་མོད། ཡིན་ནའང་དེ་ནི་རང་ཉིད་ཀྱིས་བདམས་པའི་ལམ་ཞིག་ཡིན་པས་སུ་གང་ལ་ཡང་ཁག་དཀྲི་བྱེད་ས་མ་རྙེད། ཚོར་བ་དེ་རང་ཉིད་ཀྱི་སེམས་ནས་ཡང་ཡང་འཕྱུར་ཏེ་འཇགས་ཐབས་ཀྱང་རང་ཉིད་ཀྱི་སེམས་སུ་བྱེད་དགོས་སོང་།
༼བཙན་པོའི་སྙིང་སྟོབས༽་ཞེས་པའི་དཔེ་ཆ་དེ་བཀླགས་རྗེས། རྩོམ་པ་པོ་དེ་དག་གི་རྩོམ་ཡིག་ལས་སེམས་ལ་མི་རིགས་རིང་ལུགས་ཀྱི་བག་ཆགས་ཟབ་མོ་ཞིག་བཞག་པས། ལྷན་དུ་མགར་རྩེ་འཇིགས་མེད་ལགས་ཀྱི་བྱ་གཞག་འདིར་སེམས་སྟེང་ནས་མོས་གུས་ཆེན་པོ་ཞིག་རང་བཞིན་དུ་ཤོར། དེ་དང་མཉམ་དུ་ཡང་བསམ་བློ་ནན་མོ་རེ་བཏང་ན། དེབ་དེའི་ནང་གི་རྩོམ་ཡིག་མང་དག་ཅིག་ལ་རྩོམ་ཡིག་གི་ངོ་བོ་ཟིན་ཙམ་མ་ཡིན་པར་རྒྱབ་ལྗོངས་ལ་བློ་ཡུལ་ལ་མི་ཤོངས་བའི་བསམ་བློའི་གོ་རྟོགས་དང་སྐད་ཆའི་རིན་ཐང་ཞིག་སྦས་འདུག་འདོད། དཔེར་ན་མགར་གསེར་ཏོག་ལགས་ཀྱིས་བརྩམས་པ་༼ཚེ་སྲོག་གིས་བཞེངས་པའི་ཟིན་ཐོ༽་དང་སྟག་དམར་ཡག་ལགས་ཀྱིས་བརྩམས་པ་༼ཆབ་སྲིད་བཙོན་མ་འགའི་སྐད་ཆ་ཟིན་བྲིས་སུ་བཏབ་པ༽་སོགས་ལ་དངོས་གནས་དམིགས་བསལ་ཀྱིས་བསམ་བློ་གཏོང་ས་དང་རྒྱབ་ལྗོངས་ན་གོ་བ་ཆེན་པོ་ཞིག་ལེན་རྒྱུ་འདུག བསམ་བློ་མ་བཏང་ན་རྩོམ་ཡིག་ཙམ་གྱི་ངོ་བོ་ལས་ཟིན་མི་ཐུབ་ཀྱང་། ཀློག་ཞོར་དུ་འདང་ཡང་ནས་ཡང་རྒྱོབས་དང་རིན་ཐང་གཞལ་གྱིས་མི་ཐུབ་པ་གཞི་ནས་རྟོགས་ཡོང་། དེབ་འདིས་ངའི་བསམ་བློའི་ཁ་ཕྱོགས་ལའང་འགྱུར་ལྡོག་ཅིག་བཏང་སོང་བ་མ་ཟད། དམིགས་བསལ་སློབ་ཕྲུག་མང་པོ་ལ་དེབ་འདི་འདྲའི་རིགས་ཀྱིས་འཐབ་རྩོད་ཀྱི་འདུ་ཤེས་རྣོན་པོ་ཞིག་སྟེར་གྱི་འདུག དེ་ནི་རྩོམ་སྒྲིག་པ་མགར་རྩེ་འཇིགས་མེད་གཙོའི་རྩོམ་པ་པོ་རྣམས་ཀྱིས་སྨྱུག་ཁ་ཁྲག་ལ་བསྒྱུར་ནས་བཀོལ་ཆོད་སོང་བ་རེད། ཁོང་ཚོས་ད་དུང་གཏུམ་དྲག་གི་བྱ་སྤྱོད་དང་ཚེ་སྲོག་གི་རྒྱུ་བ་ལ་མ་འཛེམས་པར་དར་དམར་སྐར་འོག་ནས་བདེན་པ་ཐོད་ལ་བཞག་སྟེ་གཏུགས་བཤེར་བྱེད་སྟངས་ལ་བསམ་ན། ཁོང་རྣམས་ནི་མི་རབས་གསར་བའི་གཞོན་སྐྱེས་ཚོས་མིག་དཔེ་རུ་འཛིན་འོས་པའི་རང་དབང་གི་འཐབ་མོ་བ་རྐྱང་རྐྱང་རེད། ང་རང་ལ་མཚོན་ནའང་ངས་རྩོམ་པ་པོ་དག་གིས་བཞེངས་པའི་སྙིང་སྟབས་གསོན་པོ་དེ་ནམ་ཡང་མཐོན་པོ་བླ་རུ་བཀུར་ངེས་ལགས། འདི་འདྲའི་དུས་ང་ཚོ་མཁའ་དབུགས་ཀྱི་བཀོལ་རྒྱ་ཆེ་བའི་རང་དབང་ལུང་པར་བོད་དོན་སྙུག་ཐོག་ཏུ་འཛིན་མཁན་ཅི་ཙམ་ཡོད། ལས་ཞོར་དུ་དུས་ཚོད་བཏོན་ཏེ་འབྲི་ཐུབ་མཁན་ག་ཚོད་ཡོད་ཨང་།
དྲང་མོར་བཤད་ན་འབྲི་མི་ཐུབ་པར་འགག་འདུག་པ་སྟེ་སྤྱི་ཚོགས་སྟེང་གི་རྩོམ་པ་པོ་ཙམ་མ་ཟད། ཐ་ན་སློབ་གྲྭ་ཁག་ཏུ་ཡང་ན་ཚ་དེ་ལྟ་བུ་ཞིག་ཆགས་ཡོད་པས་སྒོར་མོ་མ་སྤྲད་ན་རྩོམ་ཡིག་འབྲི་ཁོམ་མེད། ཉིས་སྟོང་བཅུ་གཅིག་དང་བཅུ་གཉིས་ལ་འདང་ཞིབ་མོ་རེ་བརྒྱབས་ན་ང་ཚོ་སྙུག་ཐོགས་པ་ཚོ་ལྷོད་ལྷོད་ཀྱིས་འདུག་ཁོམ་ཞིག་ཡོད་སྲིད་དམ། མིག་ལམ་ནས་འདི་འདྲའི་འགྱུར་ལྡོག་ཆེ་བའི་གནས་ཚུལ་ཚ་ལམ་ལམ་དེ་དག་ཁ་ཁུ་སིམ་མེར་གློད་བཏང་ན་ལས་རྒྱུ་འབྲས་ཤིག་མེད་དམ། ན་ནིང་ད་ཙམ་ཞིག་ལ་ངས་རང་ཚུགས་ཁྱོན་ནས་ཟིན་མ་ཐུབ་པར་བོད་ནང་རང་གི་ཕ་མ་གཉིས་དང་གཉེན་འབྲེལ་འགར་ཧིན་སྒོར་ཁྲི་ལྔ་ཙམ་བསྐུར་ཐུབ་མིན་གྱི་ཞུ་བ་འཐེན། སྤྱིར་ན་བདག་གི་ཁྱིམ་ཚང་འབྱོར་ལྡན་གྱི་རྒྱུད་པ་ཞིག་མིན་ནའང་《འབར་གྱིན་པའི་བོད》་ཅེས་པའི་དཔེ་དེབ་ཅིག་འདོན་རྩིས་ཡོད་པའི་དམིགས་ཡུལ་དང་དགོས་པ་བཤད་སྐབས། ཁོ་ཚོས་བློས་བཏང་ཆེན་པོས་ཕན་ཚུན་རེས་ཏེ་སྒོར་ཁྲི་ལྔ་ཙམ་བསྐུར་ཐབས་བྱས། དེ་དུས་ངས་༼བཙན་པོའི་སྙིང་སྟོབས༽་ཞེས་པ་མཐོང་མྱོང་མེད་ནའང་། ད་ལྟ་མགར་རྩེ་འཇིགས་མེད་ལགས་ཀྱི་མཇུག་བྱང་བཀླགས་སྐབས་ངེད་གཉིས་ཀྱི་བསམ་ཚུལ་གཅིག་ཙམ་རེད། སྟབས་ལེགས་པ་ཞིག་ལ་ཁོ་ཡི་དམིགས་ཡུལ་བསྒྲུབས་ཏེ་མི་རབས་གསར་བའི་བུ་རབས་ཚ་རྒྱུད་ཚོར་བཤམས་སྟོན་བྱེད་ཐུབ་སོང་བ་རེད། སྟབས་སྡུག་པ་ཞིག་ལ་ངའི་བསམ་དོན་འགྲུབ་མ་སོང་བ་མ་ཟད་ཕ་མ་རྣམས་ཀྱང་སེམས་སྡུག་གི་ཀློང་དུ་བརྫངས། ཕ་མ་དང་སྤུན་མཆེད་འགས་ཡང་ཡང་དུ་དེབ་གཟུགས་དེ་ཁྱོད་རང་ཉིད་ཀྱི་རྩོམ་ཡིག་ལས་བསྒྲུབ་ན་ཟེར། ངས་གཏན་ནས་ཉན་འཇོག་ཙམ་ཡང་མ་བྱས། རྒྱུ་མཚན་དང་པོ་ནི་རང་ཉིད་ཀྱི་བོད་ཡིག་གི་ཤེས་ཚད་ཧ་ཅང་དམའ་བ་མ་ཟད་རྩོམ་ཡིག་ཆག་འཕྲོ་འགས་གཏན་དུ་བཞུད་སོང་བའི་དཔའ་བོ་ཚོའི་རྣམ་ཤེས་རླབས་པོ་ཆེ་དག་བཀུག་ཐུབ་པའི་ནུས་པ་མེད།
ཕྱོགས་གཅིག་ནས་བཟོ་བཅོས་བྱས་བྱས་ཏེ་བཏོན་པའི་དབང་དུ་བཏང་ན་ཡང་དེ་ནི་ཉིན་གཅིག་གཉིས་ཀྱི་ཟུར་ལྟས་ཙམ་ལས་གང་ཡང་མ་ཡིན་འདོད། རྒྱུ་མཚན་གཉིས་པ་སྟེ།དཔྱད་རྩོམ་འདི་དག་གིས་ངེས་པར་དུ་རང་རེ་བོད་མི་རིགས་ཀྱི་རྒྱལ་གཅེས་སྙིང་སྟོབས་ཀྱིས་རབ་ཏུ་ཕྱུག་པའི་རླབས་ཆེན་དཔའ་བོ་དཔའ་མོ་རྐྱང་རྐྱང་གི་ལྷག་བསམ་དང་བྱས་རྗེས་མཚོན་གྱི་ཡོད་པས། བདག་ལ་རང་རེའི་བོད་མི་རིགས་ཀྱི་ལོ་རྒྱུས་དང་འཛམ་གླིང་གི་ལོ་རྒྱུས་གཉིས་གཤིབ་བསྡུར་ཀྱིས་དཔྱད་གཞི་ལོན་པའི་ཤེས་རྒྱ་ཞིག་མ་ངེས་པས། དཔེ་དེབ་དེའི་གྲུབ་ཆ་གཙོ་བོ་བཙན་བྱོལ་ནང་གི་ལོ་རྒྱུས་ཆེད་ལས་བ་དང་བོད་དོན་ཞིབ་འཇུག་བ། རང་དབང་རྩོམ་པ་པོ་སོགས་ལ་དམིགས་བསལ་རེ་བ་ཆེན་པོ་བཅོལ་ཏེ་ནུས་པ་ཞིག་ཐོན་ཐུབ་ན་བསམ། གསུམ་པ་སྟེ་གནས་ཚུལ་ཡ་ང་བ་འདི་མི་ཐོག་འདིར་འུ་ཚོ་མི་རབས་རྒན་གཞོན་གཉིས་ཀྱི་མིག་ལམ་དུ་དངོས་སུ་མྱོང་དགོས་སོང་བས། རྗེས་ཕྱོགས་འུ་ཅག་གི་མི་རབས་ཚ་རྒྱུད་དང་ཡང་སྒོས་འཛམ་གླིང་གི་བོད་དོན་ཞིབ་འཇུག་བ་ཚོས་འོལ་ཚོད་བྱེད་ས་ཞིག་མི་འབྱུང་ཕྱིར། ད་ལྟའི་ཤེས་ཡོན་པ་ཚོས་མིག་མདུན་ནས་བྱུུང་བའི་གྱོད་དོན་འདིར་འགན་ཁུར་ཏེ་དཔྱད་ཞིབ་ནན་མོ་རེ་བྱས་ནས་དཔྱད་རྩོམ་འདི་དག་མ་འོངས་པར་རླབས་ཆེན་གྱི་འཐབ་རྩོད་འདི་ལ་བསྐྱར་དུ་ཞིབ་འཇུག་དང་ལོ་རྒྱུས་འཚོལ་བསྡུ་བྱེད་མཁན་དག་ལ་ཁུངས་འཕེར་ཚད་ལྡན་གྱི་དཔྱད་གཞིིའི་ཡིག་རིགས་ཤིག་འགྱུར་ཕྱིར་ཡིན། དཔེ་དེབ་དེའི་ནང་ད་དུང་དཔའ་བོ་དང་དཔའ་མོ་དག་གི་ལོ་རྒྱུས་ཀྱང་ཞིབ་ཚགས་ཤིག་བསྡུ་བསྒྲིགས་བྱེད་ཁུལ་བྱས་ཡོད་ཀྱང་། རྨི་ལམ་ལྟ་བུའི་ལས་གཞི་འདི་འགྲུབ་མ་སོང་བས།ངས་ད་དུང་ཡིན་ནའང་བསམ་བློ་གཏོང་གི་ཡོད། རྒྱུ་མཚན་ཅིའི་ཕྱིར་དུ་《འབར་གྱིན་པའི་བོད》་ཅེས་པའི་དཔེ་དེབ་འདོན་ཐུབ་མ་སོང་བ་རེད། ངས་ཅི་ལ་འབད་རྩོན་བྱེད་མ་ཐུབ་པ་རེད།
འདི་ལྟར་བསམ་བློ་ཞིབ་མོ་ཞིག་གཏོང་ཁུལ་བྱས་སྐབས། ཚང་མ་རྩོམ་པ་པོ་དག་གིས་ནོར་འཁྲུལ་རེད་ཟེར་ན་ལས་རྒྱུ་འབྲས་ལ་རྩི་དགོས་ངེས་ཡིན་ཞིང་། ཡོད་ཚད་རང་ཉིད་ཀྱི་མགོ་རུ་བླངས་ཚེ།ན་ཟུག་འདི་གཏན་ནས་སེམས་ནས་འཇགས་ཐབས་རང་མི་འདུག དེའི་ཕྱིར་ངས་དཔེ་དེབ་དང་འབྲེལ་བའི་མྱོང་ཚོར་ཞིག་བརྗོད་ཆོག་པར་ཞུ། དཔེ་དེབ་དེ་སྤུས་དག་པོ་ཞིག་ཡོང་ཕྱིར་ངས་རྩོམ་པ་པོ་དག་ལ་འབྲེལ་འདྲེས་གངཡོང་བྱས་ཏེ་མཉམ་དུ་སྙན་ཞུ་བྲིས་པ་ཡང་སྦྲ་རིགས་ཐོགས་མེད་ལགས་སུ་ཞུ་དག་བྱེད་དུ་བཅུག མཐར་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྩོམ་པ་པོ་ཚོར་དྲ་ཐོག་བརྒྱུད་དེ་བསྐུར་ཐབས་བྱས་ཡོད་ལ། རྒྱ་གར་ཏུ་ཡོད་པའི་རྩོམ་པ་པོ་རྣམས་ལ་དཔར་གློག་དང་བརྡ་འཕྲིན་གཉིས་ཀ་བརྒྱུད་དེ་རེ་ཟུང་མ་གཏོགས་ཚང་མར་བསྐུར། དུས་ཡུན་ཟླ་བ་གསུམ་གྱི་རིང་རྒན་རྡོ་རྗེ་དབང་ཕྱུགས་ལགས་ཀྱིས་དཔྱད་རྩོམ་སྤུས་དག་ཅིག་བྲིས་བྱུང་བ་མ་ཟད། མཉམ་དུ་གྲོགས་ཉི་མ་ལགས་ཞེས་འཕྲིན་ཐུང་ཞིག་ཀྱང་བསྐུར་འདུག་པས་ཧ་ཅང་དགའ་སོང་། རྩོམ་ཡིག་དེ་གཅིག་པོ་དུས་ཡུན་ཐུང་ཙམ་ནང་ལག་སོན་བྱུང་། ངས་དཔྱད་རྩོམ་དང་མཉམ་དུ་འཕྲིན་ཐུང་རེ་འབྱོར་བ་གཏན་ནས་མ་བསམ་པར་སློབ་གྲྭའི་བར་གསེང་སྐབས་བདུན་ཕྲག་རེར་དྲ་རྒྱ་ཁང་ལ་རྒྱུག་སྟེ་རྩོམ་པ་པོ་གཅིག་གི་དཔྱད་རྩོམ་ཡིན་ཡང་འབྱོར་ཡོད་ན་བསམ་སྟེ་ཡང་ཡང་བསྔོགས། ཡིན་ཡང་ངའི་རེ་སྒུག་ནི་སྟོང་སེམས་ཙམ་ལས་གང་ཡང་བྱུང་མ་སོང་། ང་རྒྱུན་དུ་ལག་སྟོང་མཆན་སྟོང་ངང་ནང་དུ་ལོག་དགོས་ཁེལ་གྱི་འདུག་པས། ལམ་བར་ནས་སེམས་སུ་འདྲ་མིན་སྣ་ཚོགས་ཤིག་འཆར་འོང་གི འོན་ཏེ་འདུ་ཤེས་ནི་སྐབས་རེ་འཕག་འཚག་གི་ང་རོ་ཧ་ཅང་རྣོ་བའི་སྟབས་ཀྱིས་ངས་རང་སྟེང་ནས་འཇགས་ཐབས་བྱས་པ་ཐེངས་ཉུང་ཉུང་ག་ལ་ཡིན་ཨང་།
གང་ལྟར་རྩོམ་པ་པོ་མང་པོ་ཞིག་ལ་ཁ་པར་བརྒྱུད་དེ་རེ་བ་ཡང་ཡང་ཞུས་པ་ཡིན་ཡང་མང་པོ་ཞིག་གིས་’’འབྲི་ཁོམ་མེད། སློབ་ཁྲིད་བྱེད་མུས་ཡིན། ལ་ལས་ལས་འགུལ་སྤེལ་གྱིན་ཡོད་དང་རེ་ཟུང་གིས་ཁོམ་དུས་འབྲི་ཆོག གཞན་རེ་ཡིས་ཕྱི་རྒྱལ་ལ་ཚོགས་འདུར་འགྲོ་ཡི་ཡོད་པས་ཕལ་ཆེར་འབྲི་ཐུབ་ས་མ་རེད་’’ཅེས་རྩོམ་པ་པོ་རེ་རེས་བརྡ་ལན་རེ་རེ་སྤྲད་ཡོང་ན་ད་སུ་ཞིག་ལ་འབྲི་ཁོམ་ཡོད་དམ་བསམ། སྐབས་དེར་ཁོམ་པོ་ཡོང་ཕྱིར་དང་དཔྱད་རྩོམ་སྤུས་དག་ཡོང་བར་དུས་ཚོད་ཟླ་བ་གཅིག་གི་སྒང་ཟླ་བ་གཉིས་ནུར་འགྱངས་བྱས་ཀྱང་རྗེས་སུ་”ངས་དྲན་པ་བརྗེད་འདུག’’་ཟེར་མཁན་མི་ཉུང་བ་ཞིག་འདུག འདི་འདྲའི་དུས་ཡུན་ཞིག་གི་ནང་ངས་དཔའ་པོ་དང་དཔའ་མོ་ཚོའི་ལོ་རྒྱུས་འཚོལ་བསྡུ་བྱས་པ་དང་སློབ་གྲྭའི་གུང་གསེང་ཡང་རྫོགས་སོང་། མཚམས་འདི་ནས་ངས་རྩོམ་པ་པོ་འདི་དག་ལ་དངོས་གནས་ཅི་ལྟར་འགྲེལ་བརྗོད་བྱེད་དགོས་མིན་ཤེས་ཀྱི་མི་འདུག ངན་སོང་བས་ཟེར་བ་མིན་ལ་ཡག་སོང་བས་ཟེར་བ་དེ་བས་མིན། དེང་རབས་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཁྲོད་ཤེས་ཡོན་པ་ཞིག་གིས་ཟླ་བ་གསུམ་རིང་ལ་དཔྱད་རྩོམ་གཅིག འུ་ཅག་ཐུན་མོང་གི་རང་དབང་དང་ཐོབ་ཐང་སླད་དུ་རང་ལུས་རིན་པོ་ཆེ་ཕངས་མེད་དུ་སྲེག་གི་ཡོད་པར། ང་ཚོས་ཁོང་ཅག་གིས་འཛམ་གླིང་དང་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་གཟི་འོད་འབར་བའི་རླབས་ཆེན་ཞབས་རྗེས་ལ་ཅིའི་ཕྱིར་རྗེས་དྲན་བྱེད་ཐུབ་མ་སོང་བ་རེད། སྤྱིར་ན་ང་རང་གང་ཡང་འཇོན་མཁན་ཞིག་མིན་ཡང་བོད་ཀྱི་ད་ལྟ་དང་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་འདང་རྒྱ་ཆེ་ཞིག་འཕངས་ན་མ་འོངས་པར་འཚོལ་བསྡུ་ཡིག་ཆ་དང་མི་རབས་རྗེས་མའི་བུ་རབས་ཚ་རྒྱུད་ཚོར་བལྟས་ས་ལྟོས་འཇོག་གི་དཔྱད་གཞིའི་དཔེ་དེབ་རེ་འཇོག་རྒྱུ་ཧ་ཅང་གལ་གནད་ཆེན་པོ་མཐོང་སོང་། རྩོམ་འདི་འདྲ་ཞིག་འབྲི་བའི་སྤོབས་པ་མ་མཆིས་ཀྱང་༼བཙན་པོའི་སྙིང་སྟོབས༽་ཞེས་པའི་རྩོམ་ཡིག་དག་རེ་རེ་བྱས་བཀླགས་ཡོང་དུས། ང་ལ་ཚིག་འབྲུ་རྣོ་ངར་ཅན་འགས་ཚ་འདྲི་སློང་བཞིན་ཁྱོད་ཀྱིས་ཅི་ལ་བྱེད་ཐུབ་མ་སོང་ཞེས་མགར་རྩེ་འཇིགས་མེད་གཙོ་བོས་མགར་གསེར་ཏོག་དང་སྟག་དམར་གཡག་སོགས་ཀྱིས་ཡང་ནས་ཡང་དུ་དྲིས་ཡོང་དུས། ངས་ཁོང་ཚོར་ལན་ཅི་ལྟར་འདེབས་དགོས་སམ། ཁོང་ཚོ་ཡང་ང་ཚོ་དང་འདྲ་བ་ལས་དབང་གཅིག་པའི་སྤུན་ཟླ་མ་ཡིན་ནམ། ཁོར་ཡུག་དང་གནས་སྟངས་སོགས་ཕྱོགས་གང་གི་ཐད་ནས་བསམ་ཡང་ང་ཚོ་ལ་ཁོང་ཚོ་བཞིན་ཁྲིམས་སྦྱོར་གྱིས་མནར་གཅོད་གཏོང་སྲོལ་འདུག་གམ། མཚམས་འདིར་ངས་རང་ཚུགས་ཤིག་ཁྱོན་ནས་ཟིན་མ་ཐུབ་པར་རྩོམ་ཡིག་འདི་འབྲི་བའི་སྤོབས་སེམས་རྙེད་སོང་།
བྱ་འགུལ་འདི་མཇུག་སྐྱོང་ཐུབ་མིན་གྱི་སྐབས་ཤིག་ལ་གྲོགས་པོ་ཞིག་གིས་རྩོམ་ཡིག་ཡག་པོ་འབྲི་ཤེས་པའི་སློབ་མ་འགར་འབྲི་རུ་ཆུགས། ཡང་མིན་ན་དྲ་རྒྱ་ཁག་ནས་རང་ལུས་མེར་བསྲེགས་དང་འབྲེལ་བའི་དཔྱད་རྩོམ་ཁག་ཕྱོགས་བསྒྲིགས་བྱས་ན་ཟེར། སེམས་ཁྲལ་བྱེད་ཀྱིན་པའི་སྒང་དེར་སློབ་གྲོགས་ཤིག་གི་སེམས་གསོ་བྱས་པར་བཀའ་དྲིན་ཆེན་པོ་ཚོར་བ་དང་། ད་གཟོད་ངས་དངུལ་སྒོར་བསགས་པའི་རིན་ཐང་ཚོར་བྱུང་བ་མ་ཟད། རང་ཉིད་ཀྱི་འབྲི་རྩོམ་མིན་ན་གཞན་རྩོམ་དཔར་ན་དཔར་ཚོད་མེད་ཅེས་ནང་གི་སྒོར་མོ་ལ་ཨ་ཁུས་སེར་སྣ་བྱས་མྱོངས། དྲང་མོར་བཤད་ན་རང་གི་ཁྱིམ་ཚང་སྐྱོ་བོ་འདིའི་ཡོང་འབབ་ལ་བསམ་གཞིགས་རེ་བྱས་ན། སྒོར་མོ་ཁྲི་ལྔ་ནི་ལོ་གཉིས་ཀྱི་ཡོང་འབབ་མིན་ནའང་ལོ་གཅིག་གི་ཡོང་འབབ་ཡིན་ངེས་རེད་བསམ་པས། དང་ཐོག་ནས་དཔེ་དེབ་འདི་བཏོན་ན་ཅིས་ཀྱང་རིན་ཐང་ལྡན་པ་ཞིག་སྟེ།བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་དཔྱད་གཞི་ལོན་པའི་དཔེ་དེབ་ཅིག་ལས། སློབ་གྲྭའི་དུས་དེབ་དང་ཚགས་ཤོག་ལྟ་བུ་རྩ་བ་ནས་འདོན་རྩིས་མེད། འདི་ལྟར་བཏོན་པའི་དབང་དུ་བཏང་རུང་ལྷུག་རྩོམ་དང་རང་མོས་སྙན་ངག་ཁ་ཤས་ཀྱི་གསེང་ནས་ཁ་ཆེམས་ལྟར་དཔའ་བོ་རྣམས་ཀྱི་མཛད་པ་ཅི་ལྟར་བསྔོགས་དགོས་སམ།དེ་རིང་ད་དུང་ཡང་སེམས་ནང་འདུ་ཤེས་ཤིག་གིས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་སྟེར་གྱི་འདུག་པ་སྡུག་སྒྲུབ་ཡིན་ཚེ། ཁ་བའི་བདེན་དོན་ཆེད་བཞུད་སོང་བའི་དཔའ་བོ་དཔའ་མོ་ཚོར་མོས་གུས་ཆེན་པོས་མཐོལ་བཤགས་བྱེད་ངེས་ཡིན།
ངས་མགར་རྩེ་འཇིགས་མེད་ཀྱི་དཔེ་དེབ་དེ་མ་མཐོང་། དེར་བརྟེན་ལེགས་ཉེས་ཅི་ཡོད་མི་ཤེས་མོད། ཉིད་ཀྱིས་སེམས་ཤུགས་བསྐྱེད་དེ་དེབ་གཅིག་འདོན་རྩིས་ཡོད་པར་རྗེས་སུ་ཡི་རངས་ཡོད། ལར་ན་དཔྱད་རྩོམ་ཅིག་འབྲི་རྒྱུ་དེ་ལས་སླ་བོ་གཏན་ནས་མ་རེད། བཙན་བྱོལ་ནང་གི་རྩོམ་པ་པོ་མང་ཆེ་ཤོས་ཀྱིས། དཔྱད་རྩོམ་མིང་ཅན་གྱི་རྩོམ་ཡིག་གང་མང་ཞིག་མཐོང་རྒྱུ་ཡོད་ནའང་། དོན་གྱིས་ཚོར་སྣང་བརྗོད་པའི་རྩོམ་ཡིག་ཞེ་ཅིག་རེད། དེ་ནི་ང་ཚོར་ད་དུང་ཞིབ་འཇུག་སློབ་མ་ཚད་ལྡན་མེད་པའི་རྟགས་མཚན་རེད་ལ། བཙན་བྱོལ་ནང་གི་རྩོམ་པ་པོ་མང་པོ་ཞིག་གིས་དཔྱད་རྩོམ་གྱི་བདེན་པ་དེ་དངོས་ཡོད་དང་དཔྱོད་ཤེས་བར་ནས་འཚོལ་དགོས་པའི་ངེས་ཤེས་ཀྱང་རྙེད་མེད་པ་འདྲ།་ དཔྱད་རྩོམ་ཚད་ལྡན་ཞིག་ཡིན་དགོས་ན་ཚོར་རྩོམ་ཞིག་གི་གོ་ས་ལས་འགོངས་ཏེ། ཀློག་པ་པོའི་གོ་རྟོགས་ཀྱི་ར་བ་ལས་འདས་པའི་གོ་རྒྱུ་ཞིག་དང་རྟོགས་རྒྱུ་དམིགས་བསལ་བ་ཞིག་ཡོད་དགོས་ངེས་ཡིན་ནའང་། བཙན་བྱོལ་ཁྲོད་ན་འདི་འདྲའི་དཔྱད་རྩོམ་ཧ་ཅང་དཀོན་པར་སྣང་། གང་ལྟར་ཉིད་ཀྱི་སེམས་ཤུགས་ལ་རྒྱབ་སྐྱོར་ཞུ།
གངས་རིའི་ཉི་མ་ལགས་ཀྱིས་ཕྲན་གྱི་ཁ་པར་ཨང་གྲངས་9882533773 སྟེང་འབྲེལ་བ་ཞིག་གནང་རོགས།། ཤར་གྱིས།།
འབར་བཞིན་པའི་བོད། འབར་གྱིན་པའི་བོད། འབར་བགྱིན་པའི་བོད། འབར་བགྱིན་ཡོད་པའི་བོད།
གངས་རིའི་ཉི་མ་ཡིས་རང་མྱོང་ཞིབ་པ་བརྗོད་པར་ཐུགས་རྗེ་ཆེ། ཕྲན་ལ་ཡང་དེ་སྔོན་དེ་ལྟར་ཉམས་མྱོང་དུ་མ་འཕྲད་པ་ད་ལྟ་དྲན་གསོ་ཐེངས་ཤིག་བྱུང་། བོད་ཀྱི་སྤྱི་ཚོགས་ཁྲོད་མིང་ཞིག་མེད་ན་མི་རྐྱང་ཞིག་གིས་རྐང་པ་འཛུགས་ཐབས་དཀའ། ལྷག་པར་དུ་གནད་ཡོད་ཀྱི་མི་སྣ་མང་པོས་མཐོང་ཆུང་གིས་མིག་ཟུར་ལྟ་མཁན་དཀོན་ལ། སྤྱི་སྟངས་ཀྱི་མི་ཞིག་གིས་གོ་སྒྲིགས་པས་ཁེ་ཚོང་ཁྱེར་བ་འདོད་ནས་ཕྲག་དོག་གིས་མཐུན་འགྱུར་བྱེད་མཁན་དཀོན། གང་ལྟར་སྤྱི་ཚོགས་ནི་འགྲན་རྩོད་ཀྱི་རང་བཞིན་ཡིན་པས་ལས་སླ་པོ་མི་ཞིག་གིས་རིན་ཐང་དང་ཡིད་ཆེས་སྤྲད་མི་སྲིད་པས་མུ་མཐུད་དུ་མདུན་དུ་སྐྱོད་རྒྱུ་ནི་འཐབ་རྩོད་པ་ཞིག་ལ་མེད་དུ་མེད་པའི་ཆ་རྐྱེན་ཡིན། དེ་བརྟེན། ཅི་ཞིག་བྱུང་ཡང་སེམས་ཤུགས་མ་ཆགས་པ་རང་གི་ཕུགས་འདུན་བཞིན་མདུན་དུ་སྤྱོད་རྒྱུ་ནི་གནད་དུ་མཐོང་།