གཡུ་སྒང་དགེ་འདུན།
ང་ཚོ་ཆང་རྐྱལ་ཞིག་ཡིན།
ང་ཚོས་ཤ་དང་རུས་པར་ཐིམ་པའི་ལ་ཞེན་གྱི་ཆང་རག་འཐུངས་ཏེ།
ང་དང་ཁྱོད་ཅེས་ངར་འཛིན་གྱི་སྲོག་རླུང་ཁྲོད། གནས་ལུགས་དང་སྒྲུབ་བྱེད་ཀྱིས་བཟི་གཏམ་བཤད།
ཅི་ཡང་མི་ཤེས་པའི་ཅོལ་ཆུང་དག་ལ་བརྟན་བརླིང་གི་མིག་དཔེ་བསྟན།
ང་ཚོ་ཆང་འཐུང་རླབས་ཆེན་ཞིག་ཨེ་རེད།
ང་ཚོ་དུ་རྐྱལ་ཞིག་ཡིན།
ང་ཚོས་འདས་པའི་ལོ་རྒྱུས་ཀྱི་ཐ་མ་རྔུབ་སྟེ།
ད་ལྟའི་རང་གཤིས་ལ་ཤ་འཐིམས་རུས་འཐིམས་སུ་བཏང་།
འབྱུང་འགྱུར་གྱི་མི་རབས་དག་དྲང་བདེན་གྱི་ཐ་མ་འཐེན་མཁན་ཞིག་ཨེ་ཡོང་བལྟས།
ང་ཚོ་དུ་རྐྱལ་རླབས་ཆེན་ཞིག་ཨེ་རེད།
ང་ཚོ་རྐུན་མ་ཞིག་ཡིན།
ང་ཚོས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མཁས་པའི་རྣམ་དཔྱོད་ཀྱི་བང་མཛོད་ནས།
རང་གཞན་ཀུན་ལ་མཁོ་བའི་ལེགས་བཤད་ཀྱི་ནོར་བུ་བརྐུས།
དུས་དང་སྐབས་ལ་བསྟུན་ནས་བསམ་ཚུལ་གྱི་ཚོང་འདུས་སུ་བཀྲམས།
ང་ཚོ་རྐུན་མ་རླབས་ཆེན་ཞིག་ཨེ་རེད།
ང་ཚོ་བཟོ་བ་ཞིག་ཡིན།
ང་ཚོས་༸རྒྱལ་བའི་མཛད་རྗེས་ཀྱི་དར་གོས་རེ་རེ་བཞིན་རུག་སྟེ།
སྤུས་གཙང་གི་ནབས་བཟའ་ཚད་ལྡན་ཞིག་བཙེམ་ཞིང་།
མི་རབས་གསར་པས་གྱོན་ཆོག་ཆོག་གི་ཤོམ་ལྭ་ཞེ་གཅིག་ཨེ་འཁྱོངས་འབད།
ང་ཚོ་བཟོ་བ་རླབས་ཆེན་ཞིག་ཨེ་རེད།
ང་ཚོ་མ་བྱན་ཞིག་ཡིན།
ང་ཚོས་དབུ་ལམ་གྱི་ཟས་སྣ་གཡོས་སྦྱོར་བྱས་ཏེ།
འཛམ་གླིང་གི་སྲིད་དོན་པ་གང་མང་སྣེ་ལེན་བྱས།
རྒྱབ་རྟེན་དང་དཔུང་གྲོགས་ཀྱི་མགྲོན་པོ་ངང་གིས་འདུས།
ང་ཚོ་མ་བྱན་རླབས་ཆེན་ཞིག་ཨེ་རེད།
༢༠༢༠ ཟླ་ ༠༩ ཚེས་ ༢༣ ཉིན།
ལགས་རེད། ང་ཚོ་མི་རིགས་རླབས་ཆེན་ཞིག་རེད།
ང་ཚོས་ཆང་བཙོས་ཤེས་ལ། འཐུང་ཤེས་པས་རེད། །
་
ལགས་རེད། ང་ཚོ་མི་རིགས་རླབས་ཆེན་ཞིག་རེད།
བསང་སྤོས་ལ་མེ་སྤར་ཤེས་ལ། མཆོད་ཤེས་པས་རེད།
་
ལགས་རེད། ང་ཚོ་མི་རིགས་རླབས་ཆེན་ཞིག་རེད།
རྒྱ་སོག་ཨིན་ཊི་ཡ་གསུམ་ནས། ཤེས་རིག་ལེགས་ཚད་བླངས་ཤེས་པས་རེད།
་
ལགས་རེད། ང་ཚོ་མི་རིགས་རླབས་ཆེན་ཞིག་རེད།
རང་བཙན་བཞག་ནས། དབུས་ལམ་ལ་འགྲོ་ཐུབ་མཁན་དེ་རེད།