ཆབ་ཚང་འཇམ་དཔལ་གྱིས།
ༀ་བདེ་ལེགས་སུ་གྱུར་ཅིག
སྔོན་གྱི་ཐུགས་བསྐྱེད་བཙན་པོས། །
བསྟན་འགྲོའི་མགོན་དཔུང་དམ་པར། །
བསམ་བཞིན་སྲིད་པ་འཛིན་ཕྱིར། །
རྒྱལ་ཡུམ་ལྷུམས་སུ་ཞུགས་སོང་། །
ཞལ་རས་ཟླ་བའི་དཀྱིལ་འཁོར། །
ཙོང་ཁའི་ཡུལ་ནས་ཤར་བས། །
བརྩེ་ཆེན་བསིལ་འོད་འཇམ་པོ། །
འཛམ་གླིང་ཡོངས་ལ་འཕྲོས་སོང་། །
བླ་ལྷས་བརྟག་འབྲས་ཉི་ཟེར།།
སྟག་འཚེར་གྲོང་དུ་བབས་དུས།།
ཡང་སྤྲུལ་པད་མ་གཞོན་ནུས།།
འཁྲུལ་མེད་མཛད་པ་བསྟན་སོང་།།
རི་བོ་གྲུ་འཛིན་དབུས་ཀྱི།།
གསེར་ཁྲིར་མངའ་གསོལ་མཛད་ཕྱིར།།
ཞལ་གྱི་དཀྱིལ་འཁོར་བསྒྱུར་བས།།
སྡུག་གི་མུན་པ་སངས་སོང་།།
ལྷ་ལྡན་ཡུལ་གྱི་རྟེན་གཙོ།།
ཤ་ཀྱཱ་མུ་ནེའི་མདུན་ནས།།
རྒྱལ་ཚབ་རྭ་སྒྲེང་མཆོག་ལས།།
དབུ་སྐྲ་གཙུག་ཕུད་བཞེས་སོང་།།
རྒྱལ་ཚབ་རྭ་སྒྲེང་མཆོག་གིས།།
མཁྱེན་པའི་སྟོབས་ཀྱིས་གཟིགས་ཏེ།།
སྲིད་གསུམ་དབང་དུ་བསྒྱུར་བའི།།
མཚན་གྱི་སྙན་པ་གནང་སོང་།།
ཡོངས་འཛིན་སྟག་བྲག་མདུན་ནས།།
འདུལ་བའི་བསླབ་སྡོམ་བཞེས་ཏེ།།
མདོ་སྔགས་བསྟན་པའི་གཞི་མ།།
མི་ནུབ་རྒྱལ་མཚན་བསྒྲེངས་སོང་།།
ཚུ་རོལ་སྐྱེ་བོའི་སྣང་ངོར།།
ཐོས་བསམ་སྒོམ་པའི་ལས་ཀྱིས།།
མདོ་སྔགས་རིག་པའི་གནས་ཀུན།།
མཁྱེན་པའི་ཀློང་དུ་བསྡུས་སོང་།།
སྐྱེས་འཕྲེང་གོང་མའི་མཛད་པ།།
སྲིད་གསུམ་རྩེ་རུ་གདེག་ཕྱིར།།
མི་འཇིགས་གདོང་ལྔའི་ཁྲི་ལ།།
ཞབས་ཟུང་མེ་ཏོག་བཀོད་སོང་།།
གངས་ལྗོངས་ཆོས་སྲིད་གནས་བབས།།
རྒུད་པའི་མཐའ་རུ་བསྐྱལ་བ།།
གང་གི་མདུན་དུ་གཡུགས་ཀྱང་།།
ཞུམ་མེད་བདག་གིར་བཞེས་སོང་།།
དཔོན་ངན་རུལ་སུངས་ཚོགས་ཀྱིས།།
ཁྲལ་དང་འུ་ལག་བསྡམས་པས།།
མི་སེར་སྡུག་ལ་སྦྱར་ཀུན།།
ལེགས་བཅོས་ལས་ཁུངས་བཙུགས་སོང་།།
ཆོ་འཕྲུལ་སྨོན་ལམ་ཆེན་མོར།།
མཁས་མང་ཁྲི་ཕྲག་འཛོམས་སར།།
ལུང་རིགས་དགག་བཞག་སྤོང་གིས།།
ལྷ་རམས་དམ་བཅའ་བཞག་སོང་།།
རྒྱལ་བསྟན་རིགས་པའི་སྟོབས་ཀྱིས།།
འཛིན་དགོས་ཆོས་སྒྲ་བསྒྲགས་པས།།
སྐྱེས་སྦྱངས་ཉི་ཟླའི་འོད་སྣང་།།
འཇིག་རྟེན་ཡོངས་ལ་ཁྱབ་སོང་།།
རིས་མེད་མཁས་པའི་མདུན་ནས།།
དབང་ལུང་མན་ངག་ཐམས་ཅད།།
གསན་བསམ་དཔྱིས་ཕྱིན་མཛད་དེ།།
བསྟན་འགྲོའི་གཙུག་ནོར་བཞེངས་སོང་།།
དམར་པོའི་དམག་ཤེད་དྲག་པོས།།
བོད་ས་ཡོངས་སུ་བཟུང་སྟབས།།
བསྟན་སྲིད་སླར་གསོའི་ཆེད་དུ།།
གཞན་ཡུལ་ཆིབས་ཁ་བསྒྱུར་སོང་།།
ཕེབས་ལམ་ལྷུན་རྩེ་རྫོང་དུ།།
མ་འོངས་སྔོན་གཟིགས་ཚུལ་གྱིས།།
བོད་གཞུང་དགའ་ལྡན་ཕོ་བྲང་།།
གསར་འཛུགས་རྟེན་འབྲེལ་བསྒྲིགས་སོང་།།
རང་ས་རང་བདག་ཆེད་དུ།།
འཐབ་ནུས་གཅིག་ཏུ་སྤུང་ཕྱིར།།
མང་གཙོའི་ཀ་བ་གསུམ་ལྡན།།
བཙན་བྱོལ་སྲིད་གཞུང་བཙུགས་སོང་།།
གཞུང་དང་མི་མང་གཉི་གའི།།
བརྒྱུད་ལམ་ཟམ་པ་ལྟ་བུའི།།
ཆོལ་གསུམ་ཆོས་བརྒྱུད་བཅས་པའི།།
སྤྱི་འཐུས་གསར་འཛུགས་མཛད་སོང་།།
སྒྲིག་འཛུགས་སྲ་བརྟན་ཆེད་དང་།།
དམངས་ཀྱི་ཁེ་ཕན་ཕྱིར་དུ།།
མང་གཙོའི་སྒྲོམ་གཞི་ཅན་གྱི།།
རྩ་ཁྲིམས་གཏན་འབེབས་གནང་སོང་།།
ཕོ་མོ་འདྲ་མཉམ་མེད་པའི།།
ལམ་སྲོལ་ངན་པ་མཐའ་དག།
དུས་ཀྱི་འགྲོས་དང་མཐུན་པར།།
ལེགས་བཅོས་མཛད་པ་བསྐྱངས་སོང་།།
མི་རིགས་རིག་གཞུང་བཅས་པ།།
ཆགས་འཇིག་གཡང་ལས་བསྐྱབ་ཕྱིར།།
གཉིས་སྨན་དབུ་མའི་ལམ་གྱི།།
ཕུལ་བྱུང་ཐབས་ཇུས་བསྟན་སོང་།།
དྲང་བདེན་གཞི་རྩར་བཞག་སྟེ།།
འཚེ་མེད་ཞི་བའི་ལམ་བརྒྱུད།།
བོད་ཀྱི་རྩ་དོན་འཐབ་རྩོད།།
རྒྱལ་སྤྱི་ཅན་དུ་བསྒྱུར་སོང་།།
དཀའ་རྙོག་གང་ཞིག་ཡིན་ཡང་།།
འཚེ་མེད་ཞི་བའི་ལམ་ནས།།
གྲོས་མོལ་བརྒྱུད་དེ་སེལ་ཐབས།།
ལམ་སྟོན་སྲིད་འདིར་བསྟན་སོང་།།
འཛམ་གླིང་ཀུན་ལ་ཞི་བདེ།།
ཆོས་ལུགས་ཡོད་ཚད་མཐུན་བསྒྲིལ།།
ཁོར་ཡུག་སྲུང་སྐྱོབ་འབྱུང་ཕྱིར།།
ལམ་སྟོན་སྒྲོན་མེ་སྤར་སོང་།།
འཚེ་མེད་ཞི་བར་བརྟེན་ནས།།
བོད་མིའི་བསྟན་སྲིད་ཆེད་དུ།།
འཐབ་རྩོད་རྒྱུན་སྐྱོང་བྱས་པས།།
ཞི་བདེའི་གཟེངས་རྟགས་ཕུལ་སོང་།།
གོ་ལའི་ཞི་བདེའི་དེད་དཔོན།།
རང་དབང་རྩོད་པའི་དབུ་ཁྲིད།།
མཛད་པས་ཨ་རིའི་གྲོས་ཚོགས།།
གསེར་གྱི་གཟེངས་རྟགས་ཕུལ་སོང་།།
སྐུ་གསུང་ཐུགས་ཀྱི་མཛད་པ།།
ཡོད་ཚད་གཞན་དོན་བཏང་བས།།
འཛམ་གླིང་ཆེ་དགུ་ཡོངས་ཀྱིས།།
གྲངས་མེད་གཟེངས་རྟགས་ཕུལ་སོང་།།
སྔར་སྲོལ་ལམ་ལུགས་བསྒྱུར་ནས།།
དམངས་ཀྱིས་རང་རང་དབུ་ཁྲིད།།
འོས་འདེམས་བརྒྱུད་ནས་བསྐོ་བའི།།
གསར་བཏོད་བརྩེ་བས་གནང་སོང་།།
དམངས་ཀྱིས་བསྐོས་པའི་དཔོན་ལ།།
ལོ་ངོ་བཞི་བརྒྱར་བརྒྱུད་པའི།།
སྲིད་ཀྱི་འགན་དབང་ཡོངས་རྫོགས།།
གསོལ་བསྩལ་བཀའ་དྲིན་བསྐྱངས་སོང་།།
ཐུན་མིན་ཆོས་སྲིད་རིག་གཞུང་།།
མི་ཉམས་རྒྱུན་གནས་ཡོང་ཕྱིར།།
ཁེར་གཙང་སློབ་གྲྭ་གཞིས་ཆགས།།
དགོན་སྡེ་བརྒྱ་ཕྲག་བསྐྲུན་སོང་།།
མ་འོངས་སོན་རྩར་དགོངས་ཏེ།།
འདབ་གཤོག་གཉིས་ལྡན་ལྟ་བུའི།།
ཤེས་ཡོན་སློབ་གསོའི་སྒྲོམ་གཞི།།
རྩ་འཛིན་ལམ་སྟོན་མཛད་སོང་།།
ཆོལ་ཁ་ཆོས་བརྒྱུད་རྩོད་པའི།།
སྲོལ་ངན་མཐའ་དག་བཀག་སྟེ།།
མཐུན་བསྒྲིལ་དམ་གཙང་ཅན་གྱི།།
གངས་ལྗོངས་གསར་པ་བསྐྲུན་སོང་།།
ལྷག་དོན་བཙན་པོའི་གདོང་རྒྱུད།
ཆད་རྗེས་ཁ་འཐོར་གྱུར་པའི།།
ཆོལ་གསུམ་བོད་མི་ཡོངས་རྫོགས།།
མི་གཅིག་སེམས་གཅིག་མཛད་སོང་།།
ཆོས་ལུགས་ཆོས་བརྒྱུད་ཕན་ཚུན།།
དམ་ཚིག་གཅིག་བསྒྲིལ་མཛད་ཐོག།
རིས་མེད་བསྟན་པ་རྒྱས་པའི།།
སྨོན་ལམ་ལྗགས་རྩོམ་གནང་སོང་།།
བོན་དང་ཆོས་བརྒྱུད་ལྔ་ཡི།།
བསྟན་བདག་བླ་ཆེན་རྣམ་པ།།
ལྷན་འཛོམས་བཀའ་གྲོས་གནང་བའི།།
སྔོན་མེད་གསེར་ལམ་བཏོད་སོང་།།
སྲིད་ན་རྙེད་དཀའི་ལེགས་བཤད།།
མ་ལུས་གཅིག་ཏུ་བཏུས་པའི།།
དཔེ་ཕྲེང་དྲུག་བརྒྱ་ལྷག་ཙམ།།
འཇིག་རྟེན་རྒྱན་དུ་བཞག་སོང་།།
དཔྱད་ཞིབ་བློ་ཡི་ནུས་པ།།
ཚད་ལྡན་སྐྱེད་སྲིང་བྱ་ཕྱིར།།
སྐྱ་བོའི་སློབ་གླིང་དུ་མར།།
རིགས་ལམ་སློབ་ཚན་བཙུགས་སོང་།།
བཙུན་མའི་དགོན་སྡེ་ཁག་ཏུའང་།།
ནང་བསྟན་སློབ་མཐར་ཕྱིན་རྗེས།།
དགེ་བཤེས་མ་ཡི་ལམ་སྲོལ།།
སྔར་མེད་གསར་འཛུགས་མཛད་སོང་།།
ཀུན་སྙོམས་བྱམས་བརྩེ་ཆེན་པོས།།
མིང་ཙམ་ལྷག་མར་གྱུར་པའི།།
དགེ་སློང་མ་ཡི་སྡོམ་རྒྱུན།།
སྤེལ་བའི་མཐུན་འགྱུར་གནང་སོང་།།
ནང་བསྟན་རིག་པའི་བརྗོད་བྱ།།
ཆོས་ཚན་ལྟ་གྲུབ་གསུམ་གྱི།།
རྣམ་གཞག་རིམ་པར་བསྡུས་པའི།།
ཤིང་རྟའི་སྲོལ་ཆེན་ཕྱེ་སོང་།།
མདོར་ན་མདོ་སྔགས་ཡོངས་རྫོགས།།
ལྟ་བ་རྟེན་ཅིང་འབྲེལ་འབྱུང་།།
སྤྱོད་པ་འཚེ་བ་མེད་པའི།།
རིམ་པ་གཉིས་སུ་བསྡུས་སོང་།།
ཆོས་དང་ཡུལ་སྲོལ་བསྲེས་པའི།།
བླ་མའི་ཆོས་ལྟར་གྱུར་པའི།།
བོད་བརྒྱུད་ནང་བསྟན་རྩ་བ།།
ནཱ་ལེནྜ་ལ་གཏུགས་སོང་།།
རྒྱན་དྲུག་མཆོག་གཉིས་ཐོག་ཏུ།།
བརྒྱུད་པ་གཞན་དགུ་བསྣན་ཏེ།།
པཎ་གྲུབ་བཅུ་བདུན་གྲགས་པའི།།
ཞལ་ཐང་གསོལ་འདེབས་མཛད་སོང་།།
གསང་སྔགས་བསྟན་པའི་ཡང་གསང་།།
དུས་ཀྱི་འཁོར་ལོའི་བསྟན་པ།།
ཕྱོགས་དུས་ཀུན་ཏུ་རྒྱས་ཕྱིར།།
དུས་དབང་སོ་བཞི་བསྩལ་སོང་།།
ཚན་རིག་པ་དང་ནང་པས།།
དཔྱད་པའི་གཞི་རྩ་མྱོང་བར།།
གཏུགས་དགོས་མཚུངས་ཚུལ་བཀོད་དེ།།
མཉམ་རུབ་གྲོས་སྣེར་ཁྲིད་སོང་།།
ནང་བསྟན་བཤད་སྒྲ་ཁག་ཏུ།།
ཚན་རིག་བསླབ་གཞིར་བཀོད་དེ།།
གྲྭ་བཙུན་ཚན་རིག་སློབ་པའི།།
ལམ་སྲོལ་གསར་བཏོད་མཛད་སོང་།།
བསྟན་ལ་ཐོས་བསམ་རྣལ་མས།།
ཤེས་ནས་དད་པ་ཐོབ་པའི།།
ཉེར་གཅིག་པ་ཡི་ནང་པ།།
བྱེད་དགོས་ལམ་སྟོན་གནང་སོང་།།
ཆོས་དང་མ་འབྲེལ་བཟང་སྤྱོད།།
མི་ཉམས་རྒྱུན་གནས་སླད་དུ།།
གཞི་ལམ་འབྲས་གསུམ་ལྡན་པའི།།
བསླབ་གཞི་གཏན་འབེབས་གནང་སོང་།།
རང་གཞན་རིས་ཀྱིས་གཅོད་པའི།།
དམག་དང་འཚེ་བས་ཁྱབ་དུས།།
ཡོངས་ཁྱབ་འགན་འཁྲིའི་འདུ་ཤེས།།
འཛམ་གླིང་ཡོངས་ལ་བསྐྲུན་སོང་།།
སྐྱེ་རྒུའི་བསོད་ནམས་དཔལ་དུ་ཉེར་འཁྲུངས་པའི།།
ཟླ་མེད་སྟོན་མཆོག་འཇིག་རྟེན་མིག་གྱུར་པ།།
ཀུན་ལ་རིང་ནས་འདྲིས་འདྲའི་བསྟན་འགྲོའི་མགོན།།
ཤཱཀྱའི་གདུང་འཚོབ་ཆེན་པོ་ཞབས་བརྟན་ཤོག།
རིང་ནས་ལས་སྨོན་བཟང་པོའི་མཐུ་སྟོབས་ཀྱིས།།
སྐྱབས་དང་རེ་སས་སྟོངས་པའི་འཇིན་རྟེན་འདིའི།།
རིས་མེད་ཉམ་ཐག་ཡོངས་ཀྱི་བདེ་རྩའི་ཕྱིར།།
བྱམས་བརྩེས་འགྲུལ་བཞུད་མཛད་ཁྱོད་ཞབས་བརྟན་ཤོག།
མཇལ་བ་ཙམ་གྱིས་བདེ་སྐྱིད་ངང་གིས་འཕེལ།།
མཚན་ཙམ་ཐོས་པས་རེ་བའི་འོད་སྣང་ཐོབ།།
དྲན་པ་ཙམ་གྱིས་སྡིག་སེམས་འཛོམས་མཛད་པའི།།
བསྟན་པའི་དཔལ་གྱུར་དམ་པ་ཞབས་བརྟན་ཤོག།
ཀུན་ལ་ཉེ་རིང་བྲལ་བའི་དགྱེས་འཛུམ་དང་།།
ཕྱག་གཉིས་ཐལ་མོས་ཁེངས་སྤོབས་བསྙིལ་བྱེད་པའི།།
དགེ་སྦྱོང་དཀྱུས་མའི་བརྟུལ་ཞུགས་འཛིན་མཛད་པ།།
སྲིད་ན་རྙེད་དུ་མེད་ཁྱོད་ཞབས་བརྟན་ཤོག།
དགའ་ན་བསྟོད་གླུ་ལེན་ས་ཁྱེད་ཉིད་ཡིན།།
སྡུག་ན་ངུ་སྐད་འདོན་སའང་ཁྱེད་ཉིད་ཡིན།།
ཀུན་སྙོམས་བྱམས་བརྩེ་གཟུགས་སུ་གྲུབ་གྱུར་པའི།།
རྩ་བའི་བླ་མ་ཁྱེད་ཉིད་ཞབས་བརྟན་ཤོག།
ཅེས་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། ༧གོང་ས་༧སྐྱབས་མགོན་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ལ་འཛམ་གླིང་ན་ཆེས་སྙན་པར་གྲགས་པའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་སུམ་ཅུ་འཁོར་བའི་དུས་དྲན་དང་བསྟུན། གང་གི་མཐའ་ཡས་ཤིང་དཔག་པར་དཀའ་བའི་བསྟན་འགྲོ་སྤྱི་དང་བྱེ་བྲག་གི་མཛད་པ་དག་ལས་ཆུ་ཐིགས་ཙམ་ཞིག་རང་ཉིད་ཀྱི་ཚོགས་བསག་སྒྲིབ་སྦྱང་གི་ཆེད་དུ་བྲིས་པས། དེ་དེ་བཞིན་དུ་འགྲུབ་པའི་དགེ་ལེགས་འབྱུང་བར་གྱུར་ཅིག་གུ།། །།
འབྱུང་བར་གྱུར་ཅིག་གུ།། །།