གཡུ་རྔོག་དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ
༄། །རྣམ་ཀུན་མཆོག་ལྡན་གདོད་ནས་དག་པ་ཆོས་དབྱིངས་མཐའ་བྲལ་མཁའ་སྤྱོད་དགའ་མའི་འབྱམས་ཀླས་སྟོང་ཆེན་ཟུར་མིག་ལ་འཁྱུད་བདེ་ཆེན་མྱོས་བུམ་དྲོད་འབར་བའི། །རྩེ་དགའ་མ་ཉམས་བཅུ་དྲུག་ལང་ཚོས་ཨ་ཝ་དྷུ་ཏིའི་གཞོན་ནུ་རབ་དགྱེས་གཟུང་འཛིན་མུན་པའི་གོ་སྐབས་རིང་འཕྲོག་མིག་འཕྲུལ་ལྟ་བུའི་ཟློས་གར་མཁན། །ཁྱབ་བདག་དང་པོའི་མགོན་པོ་ཞེས་བྱ་སྲིད་ཞིའི་དཀྱིལ་འཁོར་ཀུན་ལ་ཁྱབ་ཅིང་སྟོབས་བཅུའི་རལ་བ་འོད་ཀྱིས་འཁྱུད་པའི་ཞབས་སེན་འཆར་ཁའི་མཛེས་སྡུག་འབུམ། །ཆུ་ཟླའི་རྣམ་རོལ་དག་པ་རབ་འབྱམས་དགེ་ལེགས་དཔལ་ཡོན་རྫོགས་ལྡན་མགྲོན་བསུ་བདག་བློའི་ཨུཏྤལ་དམར་པོའི་ཚལ་དུ་སྙན་ངག་ཆེན་པོའི་རྒྱན་དུ་དཔྱངས། །
ཚངས་ཆེན་མྱོས་པའི་མཚོ་ལས་ལེགས་འཁྲུངས་བདེ་འབྱུང་རལ་བའི་ཟུར་ཕུད་རྒྱན་གྱུར་རིན་ཆེན་བཻ་ཌཱུར་རྒྱུད་མངས་དཀར་པོ་འཇམ་མཉེན་ཕྱག་སོར་གྱིས་བསྣུན་ཏེ། །མཐའ་དག་ཤེས་བྱའི་དབྱངས་བདུན་མ་ལུས་སྙན་འཇེབས་གླུ་ཡི་མཛོད་དུ་ལེགས་དྲངས་མཛེས་སྡུག་ལྷག་པའི་ལྷ་མཆོག་གང་དེར་དད་གསུམ་མེ་ཏོག་སིལ་མའི་དཔྱ། །དེ་རིང་བདག་བློ་སྙན་ཚིག་རིག་པའི་བསུང་ཞིམ་ཕྱོགས་ཀྱི་འཁོར་ལོར་དཀྲིགས་ཏེ་གང་ཁྱེད་དགྱེས་པའི་མཆོད་པར་འབུལ་ན་མགྲིན་པ་ལོངས་སྤྱོད་འཁོར་ལོའི་མཛོད། །ཁྱབ་བདག་པདྨའི་མཚན་ཅན་གང་གི་རྟོགས་པ་བརྗོད་པའི་སྙན་ངག་མཆོད་སྤྲིན་དྲི་ཞིམ་མེ་ཏོག་ཕང་ཕུང་བརྩེགས་པའི་བྱིན་རླབས་ཆར་ཆེན་དབབ་ཏུ་གསོལ། །
གང་ལ་ཛམ་བུའི་མཚན་གྱི་ཅོད་པཎ་གསེར་ལྡན་དགའ་མའི་རྣ་བ་མཛེས་པའི་མ་དག་ཞིང་ལས་སྐལ་བ་རབ་སྦོམ་དབྱིག་འཛིན་ལྷོ་ཡི་དཀྱིལ་འཁོར་དུ། །འཕགས་མཆོག་མིག་མི་འཛུམ་པ་གང་ཉིད་སྤྲེལ་རྒན་ས་སྐྱོང་དགེ་སློང་སྔགས་འཆང་སྒྱུ་འཕྲུལ་དྲ་བའི་སྐུ་རུ་བཞེངས་ཏེ་སྙིགས་མ་མུན་པའི་གཡུལ་ཟློག་པ། །གང་གིས་བདག་གིར་རིང་ནས་བཞེས་པའི་བསིལ་ལྡན་གངས་ཀྱི་འཇིག་རྟེན་ཆེན་པོའི་དབང་ཕྱོགས་ས་ཡི་ཐིག་ལེར་སྦྲུམ་པ་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་། །དེ་དེར་གནའ་ནས་སངས་རྒྱས་བྱང་སེམས་བགྲང་ཡས་ས་ཡི་རྡུལ་སྙེད་འབུམ་ཕྲག་ཆུ་དྭངས་སྣོད་ཀྱི་ངོས་སུ་ཟླ་བའི་སྣང་བརྙན་ཅི་བཞིན་དུ། །
འགྲོ་ཁམས་མོས་པའི་འཇུག་ངོགས་དེ་དེར་གསང་གསུམ་བྱིན་རླབས་འོད་ཀྱི་གཟེགས་མ་སྒྲིབ་གཉིས་མུན་པའི་གཤེད་དུ་འབར་བ་འདོད་དགུར་བཀྱེས་པའི་རྟེན་འབྱུང་ལས། །རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར་མགོན་པོ་གང་གི་གཟུགས་སྐུའི་མེ་ཏོག་གཟིགས་པ་ལྔ་ཡི་བསུང་ཞིམ་འཐུལ་བཞིན་མཁའ་ཁྱབ་སྐྱེ་རྒུའི་གཉེན་དུ་བལྟམས། །ཇི་ལྟར་མཁའ་ལྡིང་བུས་པ་གཞོན་ནུས་འདབ་ཆགས་ཐམས་ཅད་ཟིལ་གྱིས་གནོན་བཞིན་མགོན་ཁྱེད་ན་ཚོད་ཕྲ་མོའི་དུས་ནས་རྒྱལ་སྲས་གཞོན་ནུའི་རིགས་སད་དེ། །སྒོ་གསུམ་ཟླ་བ་གཞོན་ནུའི་དཀྱིལ་འཁོར་ཉེས་བྱས་ཆུ་འཛིན་སྒྲིབ་གཡོག་ལས་གྲོལ་ཡ་རབས་དམ་པའི་འོད་དཀར་གཟེགས་མ་ཁོར་ཡུག་ལྷ་ལམ་ཡངས་པོར་བཀྱེས། །
རབ་དཀར་གངས་ཀྱི་འཛིན་མའི་དབུ་རྩེ་ལྷ་ལམ་འདེགས་པའི་ཀ་བ་ཅི་བཞིན་ཉི་ཟླའི་རྣ་ཆ་རེས་ཀྱིས་དཔྱངས་ཤིང་སྤྲིན་དཀར་འོག་པགས་དུས་ཀུན་བཀླུབས། །དཀན་གཟར་བྲག་རིའི་མུ་ཁྱུད་རབ་བརྗིད་ནགས་ཀླུང་སྟུག་པོའི་སྨད་གཡོགས་འཕྱང་འཕྲུལ་དྲག་ཏུ་འབབ་པའི་རྦབ་ཆུའི་དོ་ཤལ་ལྷ་ལས་བརྐྱངས་པའི་དར་དཀར་བཞིན། །བརྗིད་ཆགས་རྫོགས་ཆེན་གངས་རིའི་ཁྲོད་དེར་རྒྱལ་ཀུན་གསང་གསུམ་མིག་འཕྲུལ་ལྟར་བསྒྱུར་ཨོ་རྒྱན་གུ་རུ་དཔའ་བོ་དཔའ་མོ་གྲངས་མེད་རྡུལ་སྙེད་རབ་དཀྲིགས་ཏེ། །ཟབ་གསང་གཏེར་གྱི་ཕྱག་རྒྱ་གཉན་པོ་གོར་མའི་ལྷུམས་སུ་བཀའ་ཡིས་རྒྱས་བཏབ་དུས་བབས་སྤྲུལ་པའི་གཏེར་གྱི་འཁོར་བསྒྱུར་མཆོག་གྱུར་བདེ་ཆེན་གླིང་པ་ཞེས། །
གནས་གསུམ་མཁའ་འགྲོའི་སྙིང་གི་མཛའ་བོས་བདེ་མཆོག་སངས་རྒྱས་མཉམ་སྦྱོར་ལ་སོགས་པདྨའི་བཀའ་ཡི་སྒོ་འཕར་ལེགས་ཕྱེས་ཕྱི་རབས་གདུལ་བྱའི་དཔལ་དུ་སྨིན། །
དེ་དེར་རུ་དམ་སྐྱིད་ཁྲམ་ཞེས་བྱའི་གནས་མཆོག་ས་ཡི་དགེ་བཅུ་ཚང་ཞིང་རྟགས་བརྒྱད་རི་མོས་ཕྱོགས་ཀུན་མཛེས་ཤིང་ཆོས་མཐུན་དགོས་འདོད་འཛོམས་པའི་གནས། །གྲུབ་དབང་པདྨ་རིག་འཛིན་ཞེས་བྱ་གྲུབ་རིགས་བྱེ་བའི་གཙུག་རྒྱན་གང་དེས་སྡེ་དགེའི་ས་སྐྱོང་སངས་རྒྱས་བསྟན་པའི་རྣམ་དཀར་དགེ་བའི་སྦྱིན་བདག་མཐུས། །བཤད་སྒྲུབ་བསྟན་པའི་གཞི་མར་གྱུར་པའི་ཚོགས་མཆོག་དགེ་འདུན་འདུས་པའི་སྡེ་ཆེན་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་ཤིང་མོ་གླང་ལོར་(1685)གསར་འདེབས་མཛད། །གང་སྐུ་བདེ་འབྱུང་རལ་བའི་གཙུག་རྒྱན་དམ་པའི་རང་རྟགས་ཆ་ཤས་ཡོངས་རྫོགས་སྙིགས་མ་མུན་པའི་གཡུལ་ལས་རབ་རྒྱལ་ཚོགས་གཉིས་མཁའ་ལ་ལེགས་བགྲོད་དེ། །མདོ་ཁམས་ཀུན་དའི་སྐྱེད་ཚལ་ཡངས་པོ་ད་ནི་མགོན་དང་དཔུང་དང་བཅས་ཞེས་རྣམ་སད་བྱེ་བའི་ཅ་ཅོའི་དབྱངས་སྙན་སྲིད་གསུམ་ཁྱོན་ན་རབ་ཏུ་སྙན། །འཕགས་ཡུལ་པཎ་ཆེན་བི་མའི་རྣམ་རོལ་བཀའ་བབ་བདུན་ལྡན་མཁྱེན་བརྩེའི་ཟློས་གར་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་ལ་སོགས་རིས་མེད་བསྟན་པའི་ཉི་ཟླ་ཡི། །བཀའ་རྟགས་ཕྱག་རྒྱའི་སྤྲིངས་ཡིག་དམར་པོས་གང་ཉིད་ཟུར་ཆེན་ཆོས་དབྱིངས་རང་གྲོལ་རྫོགས་ཆེན་མཁན་ཆེན་པདྨ་རྡོ་རྗེའི་སྤྲུལ་པའི་རོལ་གར་འཁྲུལ་མེད་དུ། །ངོས་བཟུང་མི་འཇིགས་གདོང་ལྔས་བཏེགས་པའི་གོང་མའི་ཁྲི་འཕང་ཆེན་པོར་མངའ་གསོལ་མུ་ར་སྤྲུལ་སྐུ་མཁན་ཆེན་ཐེག་མཆོག་ཐུབ་བསྟན་པདྨ་ཚེ་དབང་ལ་སོགས་པའི། །མཁས་ལས་ཆེས་མཁས་བཙུན་ལས་ཆེས་བཙུན་བཟང་ལས་ཆེས་བཟང་དམ་པའི་བཤེས་གཉེན་དུ་མའི་ཞབས་སྐྱེས་མེ་ཏོག་གསར་པ་དད་གསུམ་སྐྱེད་ཚལ་རྒྱན་དུ་བསྟེན། །
ཁྱད་པར་མདོ་སྔགས་རིག་པའི་གནས་ལ་འཇིིགས་མེད་སྤོབས་པའི་གཏེར་ལ་དབང་འབྱོར་རྨད་བྱུང་ཡོན་ཏན་དུ་མའི་བདག་ཉིད་གདོད་མའི་མགོན་པོ་མིར་སྤྲུལ་པ། །བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་གང་རྫོགས་སྤྲུལ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རྒྱས་པའི་ཞབས་པད་སྤྱི་བོའི་རྒྱན་བླངས་ཏེ། །མདོ་སྔགས་རིག་པའི་ཛཱ་ཧུའི་བུ་མོ་གུས་རྟག་བརྩོན་པའི་རལ་བར་ལེགས་བསྐྱིལ་བཤད་སྒྲུབ་ཡལ་འདབ་ལྔ་བས་འཁྱུད་ལས་རྣམ་གཉིས་དངོས་གྲུབ་རྒྱུན་བཟང་གིས། །སྙིགས་མ་མུན་པའི་ཚ་གདུང་གིས་གཟིར་འགྲོ་ཚོགས་སྒྲིབ་གཉིས་དུཿཁ་ཡོངས་བཅིལ་རྣམ་བྱང་སྐྱེད་ཚལ་མཛེས་པའི་གྲོང་དུ་རིམ་དང་ཅིག་ཅར་དྲངས་པར་བསྔགས། །
སྐྱེ་རྒུའི་བསོད་ནམས་ནུབ་ཁའི་ཉི་འོད་རྒུད་ཚོགས་དབང་ཕྱོགས་ཆུ་ལྷའི་གྲོང་དུ་ལྷ་མིན་དགའ་བའི་ཅ་ཅོ་དང་འགྲོགས་བསྟན་པའི་གོད་ཆགས་ཆེན་པོའི་ཀློང་། །དམ་པ་མང་ཞིག་ཞི་བའི་དབྱིངས་གཞོལ་རྒྱལ་དང་རྒྱལ་སྲས་བཤུམས་པའི་སྤྱན་ཆབ་རྨ་འབྲིའི་རྒྱུན་འགྲོགས་དུས་ངན་སྙིགས་མའི་བགྲང་བྱ་མི་བཟད་ཉམ་ངའི་ཀློང་། །མགོན་ཁྱེད་དམ་པའི་རང་རྟགས་རབ་གསལ་མི་བསྲུན་སྐྱེ་བོའི་བརླང་སྤྱོད་ལ་བཟོད་མངོན་མེད་རིམ་གཉིས་རྣལ་འབྱོར་ཆག་མེད་ཡང་དར་བསྟན་པའི་སྐྱ་རེངས་ཀྱི། །སྣང་བ་དཀར་པོའི་འཛུམ་རྒྱ་གྲོལ་བའི་རེ་བའི་འདུན་པ་རི་ལས་མཐོ་ཞིང་རྣམ་གསུམ་ཚུལ་ཁྲིམས་གཙང་མའི་དྲི་བསུང་ཁོར་ཡུག་ཀུན་ཏུ་དཀྲིགས་པར་གྱུར། །
རྒྱལ་ཀུན་ཐུགས་བསྐྱེད་རྟ་ལྗང་གཞོན་ནུས་ཐུབ་བསྟན་ཉིན་བྱེད་སྣང་བ་གསར་པ་འགྲོ་ཁམས་ཀུན་གསལ་མཛེས་པའི་རྒྱན་དུ་ལེགས་པར་དྲངས་པའི་ལོ་ཟླའི་ཁྲོད། །མགོན་ཁྱེད་སྤོབས་པའི་པདྨ་དཀར་པོ་ནག་ཕྱོགས་གྲང་བས་གཞོམ་གཞིག་བྲལ་བ་མཛད་བཟང་དྲི་བསུང་མངར་བོའི་རྩེ་དགའ་ཕྱོགས་ཀྱི་འཁོར་ལོར་འཐུལ་བ་ཡིས། །བསིལ་ལྡན་གངས་ཀྱི་རི་བོའི་སྤོ་ལ་སླར་ཡང་ཆོས་དང་རིག་པའི་གཞུང་ལུགས་སྦྲང་རྩིའི་རོ་ལ་མངོན་པར་ཆགས་པའི་བློ་གསལ་ར་ཡིག་གཉིས་པའི་ཚོགས། །ཉིན་མཚན་དབྱེ་བ་ཡོངས་སུ་སྤངས་ཏེ་ཁྱེད་དྲུང་དུས་དང་དུས་སུ་བསྙེགས་པའི་དཔལ་ཡོན་རྫོགས་ལྡན་སྤྲིན་བཞིན་འཕྱུར་བའི་རྟོགས་པ་བརྗོད་པའི་མཐའ་མ་རྙེད། །
ཁྱད་པར་སྔ་འགྱུར་བཀའ་གཏེར་དག་སྣང་ཟབ་གསང་ཨོ་རྒྱན་པདྨ་རྒྱལ་པོའི་ཕ་ནོར་བུ་ལ་དགྱེས་བཞིན་སྩོལ་པའི་རྨད་བྱུང་མཛད་པའི་ཁུར་ཆེན་དེ། །ལྷུན་པོའི་གཏོས་ལས་ལན་བརྒྱར་འགོངས་ཀྱང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འགྲོ་ཚོགས་སྲིད་པའི་མཚོ་ལས་སྒྲོལ་བའི་ཐུགས་བསྐྱེད་གོ་ཆ་རབ་བཙན་པས། །རྣམ་གསུམ་ངུར་སྨྲིག་གོས་ཀྱིས་མཛེས་པའི་དབུ་རེག་དགེ་སྦྱོང་བཙུན་པའི་ཚོགས་དང་གནག་སྣུམ་རལ་ཁུར་སྐུ་སྟོད་ཁེབས་པའི་སྔགས་འཆང་ཕོ་མོའི་ཚོགས་རྣམས་དང་། །དགེ་བཅུའི་ལས་ལ་མངོན་པར་ཕྱོགས་པའི་དད་ལྡན་ཁྱིམ་པའི་སྐྱེ་བོ་བགྲང་ཡས་ཐུགས་རྗེ་ལྕགས་ཀྱུ་རྣོན་པོས་རབ་བཟུང་མདོ་སྔགས་ཆོས་ཀྱིས་ཚིམས་པར་མཛད། །
མགོན་ཁྱེད་འཆད་པའི་ཡོན་ཏན་མ་ལུས་རྒྱ་གར་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་གངས་ལྗོངས་འཇམ་དབྱངས་རྣམ་གསུམ་ཞེས་གྲགས་ཕྱོགས་གཅིག་བསྡོམས་ཀྱང་དཔེར་མ་མཆིས། །རྩོད་ངག་བསྐལ་པའི་མེ་དཔུང་འབར་བས་ཕས་རྒོལ་རྩྭ་སྐྱའི་གྲོང་ཁྱེར་འབུམ་ཕྲག་ཅིག་ཅར་ཐལ་བའི་འཛིན་མར་བསྒྱུར་ལ་བསྔགས་པའི་སྤྲིངས་ཡིག་ཕྱོགས་སུ་འཕུར། །རྩོམ་ལུས་དུ་མའི་ལེགས་བཤད་དཔེ་ཚོགས་བཅུ་ཕྲག་ལྔ་ལ་ཉེ་བའི་འཕྲིན་ལས་འཛམ་གླིང་ནོར་འཛིན་ཤར་ནུབ་ཀུན་ཏུ་བློ་གསལ་འབུམ་གྱི་གསོས་སུ་བརྡལ། །གནའ་བོའི་དུས་ཀྱི་རོང་ཀློང་ཟུང་འཇུག་བར་དུ་འཇིིགས་གླིང་རྡོ་གྲུབ་བསྟན་ཉི་དེ་རྗེས་དཔལ་སྤྲུལ་མི་ཕམ་བསྡུས་གཟུགས་ཁྱེད་ཉིད་མིན་ན་སུ་ཞིག་མཆིས། །
བཅུ་ཕྲག་བརྒྱད་ཀྱི་དགུང་གྲངས་བཞེས་ཀྱང་བགྲེས་རྒུད་བྲལ་བའི་གང་སྐུའི་མཚན་དཔེ་སར་བ་སར་བའི་མེ་ཏོག་ལྟར་མཛེས་མཐོང་ན་མི་མཐུན་མེད་པའི་སྐུ། །ཆོས་ཀྱི་སྒྲ་དབྱངས་གསང་མཐོར་བསྒྲགས་ཀྱང་ནམ་ཡང་འགག་མེད་ནཱ་དའི་རང་སྒྲ་གང་གསུང་ཚངས་པའི་རོལ་མོའི་དབྱངས་སྙན་ཐོས་ན་འདི་སྣང་བསྒྱུར་བའི་གསུང་། །རིམ་གཉིས་རྣལ་འབྱོར་བདུད་རྩིས་ཁེངས་ཀྱང་ནམ་ཡང་སྒྲིབ་མེད་ཆོས་སྐུའི་དགོངས་ཀློང་དགོས་འདོད་འབྱུང་བའི་བུམ་པ་བཟང་པོ་བདེ་སྟོང་ཟུང་དུ་འཇུག་པའི་ཐུགས། །སྲིད་གསུམ་འཁོར་བ་དོང་དུ་མ་སྤྲུགས་དེ་སྲིད་གསང་གསུམ་རྡོ་རྗེའི་ཁྲི་ལ་གཞོམ་བྲལ་བསྐལ་བ་རྒྱ་མཚོའི་བར་དུ་བཞུགས་པའི་གསོལ་བ་ལན་བརྒྱར་འདེབས། །
སྐྱེ་འཆིའི་མཚན་མ་དབྱིངས་སུ་དག་པའི་རིག་སྟོང་དགོངས་པའི་ཀློང་ཆེན་མཁའ་རུ་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུ་མགོན་པོ་ཁྱེད་ལས་གཞན་མ་དམིགས། །ཇི་སྲིད་བྱམས་མགོན་ཉིན་བྱེད་གཞོན་ནུ་རྡོ་རྗེ་གདན་གྱི་དབང་ཕྱོགས་ས་འཛིན་ལུང་རྟོགས་འོད་ཀྱི་རྩེ་དགའ་འགྱེད་བཞིན་ལྷང་ངེ་ལྷན་ནེར་མ་བྱོན་བར། །རྒྱལ་དང་རྒྱལ་སྲས་བྱེ་བའི་བདག་ཉིད་མདོ་སྔགས་ཆོས་ཀྱི་འཁོར་ལོས་བསྒྱུར་གང་སྲིད་གསུམ་འགྲོ་བའི་མགོན་པོ་གཅིག་བུར་འཚོ་ཞིང་གཞེས་པའི་གསོལ་འདེབས་ན། །ཐུགས་དགོངས་ལྷ་ལམ་ཡངས་པོའི་དཀྱིལ་འཁོར་བརྩེ་ཆེན་སྤྲིན་སྔོན་བང་རིམ་བརྩེགས་ཏེ་ཞལ་བཞེས་ཟབ་མོའི་སྦྲང་ཆར་འབེབ་པའི་གསོལ་བ་ལན་བརྒྱར་འདེབས་ལགས་སོ། །
དེ་སྐད་ཤཱཀྱའི་བསྟན་པ་སྤྱི་དང་བྱེ་བྲག་སྔ་འགྱུར་བསྟན་པའི་མངའ་བདག་རྫོགས་ཆེན་གདན་སའི་སྲོག་དབང་གཅིག་བུ་ཁྱབ་བདག་པདྨ་སྐལ་བཟང་ཞེས། །དོན་ལྡན་མཚན་སྙན་ལྷ་ཡི་རོལ་མོས་སྲིད་གསུམ་མཁའ་དབྱིངས་ཀུན་ནས་ཁྱབ་གང་རྟོགས་པ་བརྗོད་པའི་སྙན་ཚིག་མེ་ཏོག་ཚིག་རྒྱན་དྲི་ཞིམ་འཐུལ་བ་ཅན། །རིག་འཛིན་རྒོད་ལྡེམ་སྤྲུལ་པའི་ཟློས་གར་གཡུ་རྔོག་དོ་སྤྲུལ་གཟིག་ལྤགས་གྱོན་ཏེ་དཀོར་ནག་ལོ་ཏོག་བག་མེད་ཟ་བའི་མགྲིན་བཟང་ཆོས་དབྱིངས་ཡེ་ཤེས་ཀྱིས། །ནུབ་ཕྱོགས་རྒྱང་རིང་རྒྱ་མཚོའི་འགྲམ་ནས་མགོན་ཁྱེད་དངོས་སུ་མཇལ་བ་མེད་ཀྱང་དང་བའི་བློ་ཡིས་ལེགས་པར་སྦྱར་འདིས་སྨོན་འབྲས་ཆར་ཆེན་འབེབ་གྱུར་ཅིག། །།
https://www.youtube.com/watch?v=0za3uRRzSvI