གཅན་ཚ་དཔལ་ལྡན།
རྒྱ་ནག་ནི་ཚོང་ཟོག་ཕྱི་བཙོང་ཐད་འཇར་མན་ལས་མཐོ་རུ་སོང་སྟེ་ད་ཆ་འཛམ་གླིང་ཐོག་ཚོང་ཟོག་ཕྱི་བཙོང་གི་རྒྱལ་ཁབ་ཆེ་ཤོས་དེ་ཆགས་ཡོད་ལ། མོ་ཊ་ཚོང་བསྒྱུར་དང་རྣོ་ལྕགས་ཐོན་སྐྱེད་བྱེད་མཁན་གྱི་རྒྱལ་ཁབ་ཆེ་ཤོས་དེ་ཡང་ཆགས་ཡོད་ཚུལ་དབྱེ་ཞིབ་པས་བརྗོད་ཡོད་འདུག
ཕྱི་ཚེས་ ༡༠ ཉིན་པེ་ཅིན་ནས་སྤེལ་བའི་གསལ་བསྒྲགས་ཤིག་གི་བཀོད་གསལ་ལྟར་ན། རྒྱ་ནག་གི་ཕྱི་ནང་འདྲེན་གྱི་ཚོང་ཟོག་གི་འཕེལ་ཚད་དེ་ན་ནིང་གི་ཟླ་ ༡༢ པའི་ནང་ཧོབ་ཀྱིས་མཐོ་རུ་ཕྱིན་ཡོད་པར་མ་ཟད། དེ་ནི་ཐོག་མའི་འཆར་གཞི་ལས་ཐོལ་བརྒལ་བྱུང་ཡོད་པ་ཞིག་རེད། དེའི་ནང་ལོ་འདིའི་ཕྱི་འདྲེན་གྱི་སྔོན་རྩིས་བརྒྱ་ཆ་ 4,0% ཡིན་པ་དང་ལག་ལེན་ཐོག་བརྒྱ་ཆ་ 17,7% ལས་བརྒལ་ཡོད་པ་དང་། ནང་འདྲེན་གྱི་སྔོན་རྩིས་བརྒྱ་ཆ་ 31,0% ཡིན་པ་དང་ལག་ལེན་ཐོག་བརྒྱ་ཆ་ 55,9% ལས་བརྒལ་ཡོད་པ་རེད། གོང་ཚེས་ཉིན་རྒྱ་ནག་གཞུང་འབྲེལ་ཚོང་ལས་དྲ་བའི་ཐོག་ཕྱི་ལོ་ ༢༠༠༩ ལོའི་རྒྱ་ནག་གི་ཕྱི་ཕྱོགས་སུ་ཚོང་ཟོག་ཕྱི་གཏོང་དང་ནང་འདྲེན་བྱས་པའི་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་ཡོད་པ་རེད། དྲ་ཚིགས་དེའི་ཐོག་གནས་ཚུལ་བཀོད་དོན་ལྟར་ན། ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༢ པའི་ནང་རྒྱ་ནག་གི་ཚོང་ཟོག་ཕྱི་ནང་འདྲེན་གྱི་རིན་གོང་གི་གྲངས་འབོར་ནི་ཨ་སྒོར་དུང་ཕྱུར་ ༢༤༣༠ དང་ཁྲི་སྟོང་ཕྲག་ ༢ ཡིན་ལ། དེའི་བརྒྱ་ཆའི་ 32.7% ཟིན་གྱི་ཡོད། དེའི་ནང་ཕྱི་བཙོང་རིན་གོང་གི་གྲངས་འབོར་ནི་ཨ་སྒོར་དུང་ཕྱུར་ ༡༣༠༧ དང་ཁྲི་སྟོང་ཕྲག་ ༣ ཡིན་ལ་དེའི་བརྒྱ་ཆའི་ 17.7% ཟིན་གྱི་ཡོད་འདུག འདི་ནི་ཟླ་རེར་ཕྱི་གཏོང་གི་ཚད་གཞིའི་གྲངས་འབོར་གྱི་མཐོ་ཤོས་བཞི་བ་དེ་ཆགས་ཡོད་པ་རེད། ནང་འདྲེན་གྱི་ཚད་གཞིའི་རིན་གོང་ནི་ཨ་སྒོར་དུང་ཕྱུར་ ༡༡༢༢ དང་ཁྲི་སྟོང་ཕྲག་ ༩ ལྷག་ཡིན་པ་རེད་ལ། དེའི་བརྒྱ་ཆའི་ 55.9% ཟིན་ཏེ་ཟླ་རེའི་ནང་འདྲེན་གྱི་ཚད་གཞི་མཐོ་ཤོས་སུ་བསྙེགས་ཡོད་པ་རེད་འདུག དྲ་ཚིགས་དེའི་ཐོག་ ༢༠༠༩ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་ཚོང་ལས་རྣམ་གྲངས་ཐད་དབྱེ་ཞིབ་ཅིག་བྱས་པའི་ནང་། ན་ནིང་རྒྱ་ནག་གིས་ཚོང་ཟོག་ཕྱི་ནང་འདྲེན་བྱས་པའི་སྤྱིའི་གྲངས་འབོར་ནི་ཨ་སྒོར་དུང་ཕྱུར་ 22,072 དང་ཁྲི་སྟོང་ཕྲག་ ༧ ཡིན་མོད། དེ་ནི་ཕྱི་ལོ་ ༢༠༠༨ ལོའི་ཡོང་འབབ་དང་བསྡུར་ན་བརྒྱ་ཆ་ 13.9% ལས་དམའ་རུ་ཕྱིན་ཡོད་པ་རེད། དེ་ལྟ་ནའང་ ཕྱི་ལོ་ ༢༠༠༧ ལོའི་ལོ་ཧྲིལ་པོའི་ཡོང་འབབ་ཀྱི་གོང་ཚད་ལས་སྔར་བཞིན་མཐོ་བ་ཡོད་པ་རེད། དེ་ལས་ཕྱི་འདྲེན་གྱི་ཚད་གཞི་ནི་ཨ་སྒོར་དུང་ཕྱུར་ 12,016 དང་ཁྲི་བདུན་སྟོང་ཟིན་པ་དང་བརྒྱ་ཆ་ 16% མར་ཆགས་ཡོད་པ་རེད། ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་ 10,056 ཟིན་པ་དང་བརྒྱ་ཆ་ 11.2% མར་ཆགས་ཡོད་པ་རེད་འདུག ཕྱི་ལོ་ ༢༠༠༩ ལོ་ཧྲིལ་པའི་ཐོབ་ཚད་ཀྱི་གྲངས་འབོར་ནི་ཨ་སྒོར་དུང་ཕྱུར་ ༡༩༦༠ དང་ཁྲི་བདུན་སྟོང་ཡིན་པ་རེད། གནས་ཚུལ་ནང་མུ་མཐུད་ནས་བཀོད་དོན། ཕྱི་ལོ་ ༢༠༠༩ ལོའི་རྒྱ་ནག་གི་ཚོང་རོགས་ཆེ་ཤོས་དེ་ནི་སྔར་མུས་བཞིན་ཡུ་རོབ་མནའ་མཐུན་ཡིན་པ་དང་། ཡུ་རྒྱ་གཉིས་བར་ཁྱོན་ཨ་སྒོར་དུང་ཕྱུར་ 3640 དང་ཁྲི་དགུ་སྟོང་ལྷག་གི་རིན་གོང་ཡོད་པའི་ཚོང་ལས་བྱེད་ཐུབ་ཡོད་ལ། བརྒྱ་ཆའི་ཆགས་ཚད་ 14.5% ཟིན་གྱི་ཡོད། དེ་བཞིན་དུ་ཨ་རིར་ཡང་རྒྱ་ནག་གི་ཚོང་རོགས་ཆེ་ཤོས་གཉིས་པ་དེ་ཆགས་ཡོད་ལ། ཨ་རྒྱ་གཉིས་བར་མ་གནས་ཨ་སྒོར་དུང་ཕྱུར་ 2982 དང་ཁྲི་དྲུག་སྟོང་གིས་ལྷག་གིས་ཚོང་འབྲེལ་བྱེད་ཐུབ་ཡོད་འདུག་ལ། བརྒྱ་ཆའི་ཆགས་ཚད་ནི་ 10.6% ཡིན། དེ་མིན་རྒྱ་ནག་གི་ཚོང་རོགས་ཆེ་ཤོས་གསུམ་པ་དེ་ཉི་ཧོང་ཆགས་ཡོད་འདུག་ལ། ཕྱི་ལོ་ ༢༠༠༩ ལོའི་རྒྱལ་ཁབ་གཉིས་ཀྱི་བསྡོམས་པའི་ཚོང་ཟོག་རིན་གོང་གི་ཚད་གཞི་ནི་ཨ་སྒོར་དུང་ཕྱུར་ 2288 དང་བརྒྱ་ཆའི་ཆགས་ཚད་ནི་ 14.2 ཡིན་པ་རེད།
གནས་ཚུལ་ནང་མུ་མཐུད་བཀོད་དོན། ན་ནིང་ཟླ་ ༡༢ ནང་རྒྱ་ནག་གི་ཚོང་རྫས་ཕྱི་བཙོང་གི་ཚད་གཞི་མཐོ་རུ་སོང་ཡོད་པ་དང་། ཕྱི་ཟླ་ ༡༡ པའི་སྔོན་ལ་ཕྱི་གཏོང་གི་ཚད་གཞི་ནི་བརྒྱ་ཆའི་ 45.8% ནས་བརྒྱ་ཆ་ 49.0% བར་འཕར་ཡོད་ལ། ཕྱི་བཙོང་གི་ཚོང་རྫས་གཙོ་བོ་གྱོན་ཆས་ཀྱི་རིགས་དང་འགྱིག་ཤོག་རྒྱུ་ཆ། ཁུག་མ་དང་གློག་ཏོག་ཀྱི་རིགས་དང་དེ་མིན་གྱི་ཚོང་ཟོག་མང་པོ་ཞིག་དབོར་འདྲེན་བྱས་ཡོད་པ་རེད། དེ་སྔོན་རྒྱལ་སྤྱིའི་ནང་དཔལ་འབྱོར་གྱི་ཐོག་ནས་ཉེན་ཚབས་ཞིག་འཕྲད་ཡོད་ནའང་། རྒྱ་ནག་གིས་སྐབས་དེར་ཨ་རི་དང་ཡུ་རོབ། ཉི་ཧོང་གི་ཁྲོམ་ར་སོགས་སུ་ཚོང་ཟོག་བརྒྱ་ཆ་ 60% ལྷག་ཕྱིར་བཙོང་ཐུབ་ཡོད་པ་རེད།
ཕྱི་ལོ་ ༢༠༠༩ ལོའི་རྒྱ་ནག་གི་ཕྱི་བཙོང་དེ་འཇར་མན་ལས་མཐོ་བ་བྱུང་ཡོད་ལ། ན་ནིང་ལོར་རྒྱ་ནག་གི་ཚོང་ཟོག་ཕྱི་བཙོང་གི་གྲངས་འབོར་ནི་ཨ་སྒོར་དུང་ཕྱུར་ཁྲི་ 1.2 ཡིན་ལ་དེ་ནི་འཇར་མན་ལས་ཀྱང་མཐོ་བ་བྱུང་ཡོད་འདུག འདས་ལོའི་ཟླ་ ༡༢ པའི་ཐོན་ཚད་ནི་ལོ་སྔོན་མའི་སྐབས་ལས་བརྒྱ་ཆ་ 18% ལས་མཐོ་བ་བྱུང་ཡོད།
ཨེ་ཤེ་ཡའི་དངུལ་ཁང་དཔལ་འབྱོར་ལས་དོན་ཆེད་མཁས་པ་ཀྲའོ་ཨན་ཇིན་ Zhuang Jian གྱིས་རྒྱ་ནག་གི་མགྱོགས་ཚད་ཆེ་བའི་འདས་ལོའི་ཕྱི་བཙོང་དེ་འདས་པའི་ལོ་གཉིས་ལས་མཐོ་བ་ཡོད་ཚུལ་བརྗོད་ཡོད་འདུག་ལ། ཁོང་གིས་རྒྱ་ནག་ནི་འཛམ་གླིང་ཐོག་ ཚོང་ཟོག་ཕྱི་གཏོང་ཐད་འཇར་མན་ལས་ཆེ་བ་ཞིག་ཆགས་ཡོད་ཀྱང་མ་གཞི་ནས་རྒྱ་ནག་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས་འདི་ལ་ཧང་སངས་དོན་གང་ཡང་མེད་ཅེས་བརྗོད་འདུག་ལ། རྒྱ་ནག་ནི་འཛམ་གླིང་ཐོག་ཚོང་ཟོག་ཕྱི་བཙོང་བྱེད་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པ་ཕུད། ད་དུང་འཛམ་གླིང་སྟེང་མོ་ཊ་ཚོང་བསྒྱུར་དང་རྣོ་ལྕགས་ཐོན་སྐྱེད་བྱེད་མཁན་ཆེ་ཤོས་དེ་ཆགས་ཡོད་ཚུལ་ཡང་དབྱེ་ཞིབ་པས་བརྗོད་འདུག ཨ་རི་དང་ཉི་ཧོང་གཉིས་ལས་གཞན་རྒྱ་ནག་ནི་འཛམ་གླིང་དཔལ་འབྱོར་གྱི་རྟེན་གཞི་ཆེ་ཤོས་ཨང་གསུམ་པ་དེ་ཆགས་ཡོད་འདུག ཡིན་ཡང་འདས་པའི་ལོ་ཤས་ནང་རྒྱ་ནག་གིས་བཟོས་པའི་རྩེད་ཆས་དང་བཟའ་བཅའི་རིགས་ཀྱི་ནང་དུག་རྫས་དང་དང་གནོད་གཞིའི་རིགས་ཀྱི་དངོས་རྫས་སོགས་ཐོན་ཡོད་སྟབས། ད་ལྟ་ཨ རི་སོགས་ཀྱིས་རྒྱ་ནག་ནས་ཐོན་པའི་དངོས་རྫས་ལ་བརྟག་ཞིན་ནན་མོ་བྱེད་ཀྱིན་ཡོད་འདུག
ཡང་དྲ་ཚིགས་འགར་བཀོད་གསལ་ལྟར་ན། ན་ནིང་གི་ཟླ་ ༡ ནས་ཟླ་ ༡༡ བར་རྒྱ་ནག་ནི་འཇར་མན་ལས་བརྒལ་ཏེ་འཛམ་གླིང་ཐོག་ཕྱིར་བཙོང་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་པ་རེད། འདས་ལོའི་ཟླ་ ༡༡ ནང་རྒྱ་ནག་གི་ཕྱི་བཙོང་གི་ཡོང་འབབ་ནི་ཨ་སྒོར་དུང་ཕྱུར་ཁྲི་ 1.07 དང་འཇར་མན་གྱི་ཡོང་འབབ་ནི་ཨ་སྒོར་དུང་ཕྱུར་ཁྲི་ 1.05 ཡིན་པ་རེད་འདུག འདས་པའི་ལོ་ ༡༠ ནང་དུ་ལོ་རེའི་རྒྱ་ནག་གི་ཚོང་ཟོག་ཕྱིར་བཙོང་གི་ཚད་ནི་ 20% མཐོ་རུ་བརྒལ་ཡོད་ནའང་། ཕྱི་ལོ་ ༢༠༠༢ ལོ་ནས་བསྟུད་མར་ལོ་ ༦ ལྷག་གི་རིང་འཇར་མན་ནི་འཛམ་གླིང་ཐོག་ཕྱིར་བཙོང་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཐུབ་ཡོད་པ་རེད། ཡིན་ཡང་ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གི་ཕྱིར་བཙོང་གི་ཚད་ནི་འཇར་མན་ལས་བརྒལ་ཏེ་ད་ཆ་འཛམ་གླིང་ཐོག་ཕྱིར་བཙོང་ཆེ་ཤོས་ཀྱི་རྒྱལ་ཁབ་ཐོག་མ་དེ་ཆགས་ཐུབ་ཡོད་འདུག
རྒྱལ་སྤྱིའི་དཔལ་འབྱོར་གྱི་ཉེན་ཚབས་དེ་རྒྱ་ནག་ལ་མི་འབྱུང་ཆེད་ཕྱི་ཕྱོགས་ཀྱི་མ་རྩ་དེར་ལོ་ ༢ ནས་ ༣ ལྷག་གི་རིང་མུ་མཐུད་ནས་ཤུགས་སྣོན་རྒྱག་དགོས་རྒྱུ་དང་། དེ་ལྟར་བྱས་ན་ཕྱི་ལོ་ ༢༠༡༡ མཚམས་སུ་ད་གཟོད་རྒྱ་ནག་གི་དཔལ་འབྱོར་དེ་ཕྱི་ལོ་ ༢༠༠༨ ལོའི་ཡོང་འབབ་དང་དོ་མཉམ་ཡོང་ཐུབ་ཀྱི་ཡོད་པ་རེད། ཕྱི་ལོ ༢༠༡༠ ལོར་རྒྱལ་སྤྱིའི་དཔལ་འབྱོར་གྱི་རྣམ་པ་རྙོག་འཛིང་ཇེ་ཆེ་དང་དང་རྒྱལ་སྤྱིའི་དགོས་མཁོར་ཡང་ངེས་གཏན་གང་ཡང་མེད་སྟབས། རྒྱ་ནག་ཕྱི་ཕྱོགས་ཀྱི་མ་རྩར་དཀའ་ངལ་རིགས་འཕྲད་སྲིད་པ་ཞིག་དང་། རྒྱལ་སྤྱིའི་ཚོང་ཟོག་སྲུང་སྐྱོབ་རིང་ལུགས་དང་མི་དམངས་དངུལ་སྒོར་གྱི་མཛའ་ཐང་དེ་ཇེ་མཐོར་གཏོང་བའི་གནོན་ཤུགས་འོག་ཕྱིོ་ཕྱོགས་མ་རྩར་དཀའ་ངལ་གྱི་གནས་སྟངས་གཞན་ཞིག་འབྱུང་སྲིད་པའི་ཐད་ལ་དབྱེ་ཞིབ་པའི་འགྲེལ་བཤད་རྒྱག་བཞིན་ཡོད་ལ།
ཡང་དབྱེ་ཞིབ་པ་ཁ་ཤས་ཀྱིས་རྒྱ་ནག་གི་འདས་ལོའི་ཚོང་ཟོག་ཕྱི་བཙོང་གི་ཚད་ནི་འཇར་མན་ལས་མཐོ་བ་བྱུང་ཡོད་པ་དེས་རྒྱ་ནག་ནི་ཚོང་ལས་ཅན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་གསལ་བཤད་ཐུབ་ཀྱང་། ཕྱིར་འདྲེན་གྱི་ཚོང་ཟོག་གི་གྲུབ་ཆ་དང་ནུས་པ་དང་ཐོན་ལས་བཅས་ཀྱི་ཐད་ནས་བལྟས་ན་རྒྱ་ནག་ནི་ཚོང་ལས་སྟོབས་ཆེན་རྒྱལ་ཁབ་ཅིག་རེད་ལབ་ན་ཏག་ཏག་ཅིག་བསྡད་ཀྱི་མེད་པའི་བསམ་ཚུལ་ཡང་བཏོན་་ཡོད་འདུག
དེ་བཞིན་དུ་རྒྱ་ནག་ནི་ཚོང་ལས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་འདི་ལ་ཐེ་ཚོམ་གང་ཡང་མེད་མོད། འོན་ཀྱང་དེ་ནི་ཆེན་པོ་ཡིན་པ་ཙམ་ལས་ཤུགས་དྲག་པོ་ཞིག་མ་རེད། རྒྱུ་མཚན་ནི་དཔལ་འབྱོར་ཡར་རྒྱས་ཐད་དོ་མཉམ་མིན་ལ་གཏན་པོའང་མེད་པ་རེད། དེའི་ཕྱིར་རྒྱ་ནག་དེ་ངེས་པར་དུ་དོ་མཉམ་དང་གཏན་འཇགས་རང་བཞིན་གྱི་ཡར་རྒྱས་ཀྱི་ལམ་ཁ་ཞིག་ཏུ་འགྲོ་དགོས་པའི་བསམ་ཚུལ་ཡང་དབྱེ་ཞིབ་པས་བཏོན་ཡོད་འདུག
ཡིན་ཡང་ཧྥ་རན་སིའི་གསར་ཁང་གི་དྲ་ཚིགས་ཐོག་བཀོད་པ་ལྟར་ན། རྒྱ་ནག་དང་འཇར་མན་གཉིས་བར་སྔ་ལོའི་ཕྱིར་བཙོང་གི་ཚད་གཞིའི་ཆེ་ཆུང་འགྲན་པའི་སྐབས་འདིར། རྒྱ་ནག་གིས་ལོ་སྔོན་མའི་ཕྱི་བཙོང་གི་ཚད་གཞི་འཇར་མན་ལས་བརྒལ་ཏེ་ད་ཆ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་ཚུལ་བརྗོད་ཡོད་ཀྱང་། དོན་དངོས་ཐོག་འཇར་མན་གྱི་ལོ་འཁོར་སྤྱི་སྡོམ་གྱི་ཕྱི་བཙོང་གི་ཚད་གཞི་དེ་ལོ་འདིའི་ཟླ་༢ པའི་ནང་གཞི་ནས་རྩིས་བཤེར་བྱ་རྒྱུ་ཡིན་ཚུལ་འབྲེལ་ཡོད་དབྱེ་ཞིབ་པས་བརྗོད་ཡོད་འདུག རྒྱ་ནག་གི་བརྙན་འཕྲིན་ནང་བརྗོད་དོན་ལྟར་ན། ན་ནིང་ལོའི་རྒྱ་ནག་གི་ཕྱིར་བཙོང་གི་ཚད་གཞི་ནི་ཨ སྒོར་དུང་ཕྱུར་ཁྲི་ ༡ དང་སྟོང་ཕྲག་ ༢ ཡིན་པ་དང་ཡུ་སྒོར་ལ་ཕབ་ན་དུང་ཕྱུར་ ༨༤༠༠ ལྷག་རེད་འདུག འཇར་མན་གྱི་ཕྱིར་བཙོང་གི་ཚད་གཞི་ནི་ཡུ་སྒོར་དུང་ཕྱུར་༨༡༦༠ ལྷག་ཡིན་པར་ཚོད་དཔག་བྱས་ཡོད་འདུག འཛམ་གླིང་ཚོང་དོན་ཚོགས་པ་ཞིག་གིས་ ༢༠༠༩ ལོའི་ཟླ་ ༡ ནས་ ༡༠ བར་རོབ་རྩིས་བྱས་པའི་ནང་རྒྱ་ནག་གིས་མ་གནས་ཨ་སྒོར་དུང་ཕྱུར་ ༩༥༧༠ དང་འཇར་མན་གྱིས་ཨ་སྒོར་དུང་ཕྱུར་ ༩༡༢༠ ཕྱི་བཙོང་བྱས་འདུག ཚོང་ཟོག་ཕྱིི་བཙོང་བྱས་པའི་བརྒྱུད་རིམ་ནང་རྒྱ་ནག་གིས་ལྷམ་མགོའི་རིགས་དང་རྩེད་ཆས། ཁྱིམ་སྤྱོད་ཅ་ལག་སོགས་སྤྱིར་བཏང་གི་དངོས་རྫས་རིགས་དབོར་འདྲེན་བྱས་ཡོད་འདུག་ལ། འཇར་མན་གྱིས་རིན་ཐང་ཆེར་ལྡན་པའི་དངོས་རྫས་རིགས་ཕྱིར་གཏོང་བྱས་ཡོད་འདུག་པས་ཚོང་ཟོག་རིན་ཐང་མི་འདྲ་ཞེས་དབྱེ་ཞིབ་པས་འགྲེལ་བརྗོད་བྱས་ཡོད་འདུག
རྩོམ་ཡིག་ཡག་ཐག་ཆོད་ཅིག་འདུག ཤུ་རེ་བྱོས་ཨང་།
ཤེས་བྱ་གསར་བ་དང་དྲ་རྩོམ་འདིའི་ལབ་ཙེ་དང་མདའ་རྒྱན་ཞིག་རེད་ལགས།
ྗཉིད་ཀྱི་རྩོམ་འདི་ཁ་བརྡ་དྲ་རྒྱའི་ལབ་ཙེ་ནང་མདའ་རྒྱན་ཞིག་རེད་ཟེར་བ་ཡིན།