ཝེ་ཀེ་རང་བཙན་གྱིས་བརྩམས།
གསང་གྲོལ་གྱིས་བསྒྱུར།
རྒྱ་ནག་དམར་ཤོག་གིས་རྒྱལ་ནང་དུ་བོད་ཁུལ་གྱི་ངོ་རྒོལ་ལས་འགུལ་ལ་དྲག་པོའི་བཙན་གནོན་དང་། བོད་ཀྱི་བསམ་བློའི་དབུ་ཁྲིད་ལ་མཚན་སྨད་སྐུར་འདེབས། བོད་ཀྱི་ཤེས་ཡོན་པའི་མི་སྣ་རྩེ་གྲས་ལ་མནར་གཅོད་གཏོང་བ་དང་ལྷན། ཕྱི་རྒྱལ་ཁག་ཏུ་དྲིལ་བསྒྲགས་ལས་དོན་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་ཆེ་རུ་གཏོང་ཡོད་པ་གཤམ་གསལ།
༡། ཡུ་རོབ་དང་ཨ་རིའི་རྒྱ་ཡིག་གི་གསར་འགོད་བརྒྱུད་ལམ་སྟེང་སྒོར་ཟུར་ལྔའི་༼དྲ་རྒྱ་བརྒྱུད་དཀྲུགས་ཤིང་གཏོང་མཁན་ལ་སྒོར་ཟུར་ལྔའི་གླ་ཆ་སྤྲོད་ཀྱི་ཡོད་པའི་ཆ་ནས་མིང་དེ་ལྟར་བཏགས༽གྲིབ་ནག་མཐོང་བ་དང་། རྒྱ་མིའི་གཉེར་བའི་དྲ་ཚིགས་ཁག་ཉོས་ཏེ་རྒྱ་ནག་དམར་ཤོག་གིས་བོད་ལ་འཛིན་པའི་སྲིད་ཇུས་དྲིལ་བསྒྲགས་དང་། ཏྰ་ལའི་བླ་མར་སྐྱོན་བརྗོད་བྱེད་པ།
༢། དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་དུས་ལྟར་ཨ་རི་དང་། ཁ་ན་ཊ། ཨོ་སི་ཁྲུ་ལི་ཡ། ཡུ་རོབ་རྒྱལ་ཁབ་ཁག་ལ་བོད་རིག་པའི་ཆེད་ལས་མི་སྣ་བཏང་སྟེ་གཏམ་བཤད་དྲིལ་བསྒྲགས་བྱས་པ་དང་། ཆེད་ལས་མི་སྣ་འདི་དག་ནི་པེ་ཅིན་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་བོད་དོན་དྲིལ་བསྒྲགས་ལས་ཁུངས་ཀྱི་མི་སྣ་གཙོ་གྲས་ཡིན། བོད་རིག་པའི་ལྟེ་གནས་ནི་འཐབ་ཕྱོགས་གཅིག་གྱུར་མངའ་འོག་གི་ལས་ཁུང་ཞིག་རེད།
༣། ཟློས་གར་ཚོགས་པ་གཏོང་སྟེ་ལོ་སར་ལ་མཚམས་འདྲི་བྱས་པ། བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གིས་ལོ་མང་རིང་བོད་ཀྱི་ལོ་སར་སྤྲོ་ཚོགས་སྒྲུབ་པ་དང་། སྔ་ལོ་ནས་བཟུང་ལས་གཞི་གསར་བ་ཞིག་ཁ་སྣོན་བྱས་ཡོད་དེ། མགྲོན་འབོད་གནང་བའི་བོད་མི་རེ་ལ་ལག་རྟགས་དམར་པོ་ཞིག་གི་ནང་ཨ་སྒོར་བརྒྱ་རེ་བཅུག་ཡོད་པ་ཞིག་སྤྲོད་ཀྱི་ཡོད་འདུག ༢༠༠༦ ལོ་ནས་བཟུང་ཟློས་གར་ཚོགས་པ་ལོ་ལྟར་སིད་སི་ལ་འཁྲབ་སྟོན་དུ་ཕྱིན་པ་དང་། ས་གནས་བོད་མི་ཚོའི་ངོ་རྒོལ་བྱེད་ནའང་འགྲོ་གྲོན་ལ་མི་ལྟ་བར་ས་ཁུལ་ཆུང་བ་རེ་ནས་འགུལ་སྐྱོད་བྱེད་ཀྱི་ཡོད།
༤། ལོ་ལྟར་ཕྱི་སྡོད་བོད་མི་ལྟ་སྐོར་ཚོགས་པ་གོ་སྒྲིག་བྱས་ཏེ་རྒྱལ་ནང་དུ་ལྗོངས་རྒྱུ་དང་ཟ་འཐུང་རྒྱས་སྤྲོས་བྱེད་ཀྱི་ཡོད།
༥། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་སྡོད་གཞུང་སྒྲུབ་ཁང་ཟེར་བ་དེ་༢༠༡༠ ལོ་ནས་བཟུང་ཕྱི་སྡོད་བོད་མིའི་ལས་དོན་ཐད་ཞུགས་པ་དང་། བལ་ཡུལ་དང་སིད་སི་སོགས་རྒྱལ་ཁབ་ཁག་ལ་ཚོགས་ཆུང་བཏང་སྟེ་བོད་མི་ཚོར་རུལ་སུངས་ཀྱི་ལས་དོན་བསྒྲུབས།
༦། རྒྱ་ནག་རྒྱལ་ཡོངས་ཕྱིར་ལོག་རྒྱ་མིའི་མཉམ་འབྲེལ་ཚོགས་པ་ཡིས་ཕྱི་སྡོད་རྒྱ་མི་མགྲོན་འབོད་བྱེད་པ་དང་ལྷན་བོད་མི་ཁ་ཅིག་མགྲོན་འབོད་བྱས་ཏེ་རྒྱལ་ནང་གི་ཚོགས་འདུར་ཞུགས་པ་དང་། བོད་ཀྱི་སྲིད་ཇུས་དྲིལ་བསྒྲགས། ཏྰ་ལའི་བླ་མ་དང་རང་བཙན་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག
༧། ཕྱི་སྡོད་བོད་མི་ཚོ་ཕྱིར་རྒྱལ་ནང་དུ་གཉེན་འཕྲད་སྐྱོད་པར་སྔར་ལས་དཀའ་ཁག་ཆེ་རུ་ཕྱིན་ཡོད་ལ། ཕྱིར་རྒྱལ་ནང་དུ་ལོག་པའི་ཡིག་ཆ་བཟོ་བར་རྙོག་འཛིང་ཆེ་བ་དང་། འགེངས་ཤོག་སྙན་ཞུ་སྤྲད་རྗེས་རྒྱལ་ནང་ནས་ཆོག་མཆན་འཐོབ་པར་སྒུག་དགོས་ལ། འགེངས་ཤོག་སྙན་ཞུ་དེ་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ལ་གཏོང་བ་དང་། ས་གནས་མངགས་གཏོང་ཁང་བརྒྱུད་ནང་མི་ལ་ཆབ་སྲིད་ཀྱི་རྒྱབ་ལྗོངས་མེད་ཚེ་གཞི་ནས་མཆོག་མཆན་སྤྲོད། འཐབ་ཕྱོགས་གཅིག་གྱུར་ཁང་གིས་ད་རུང་བོད་ལྗོངས་སུ་འགྲོ་བསྐྱོད་ཆོག་པའི་དཔང་ཡིག་ཞིག་ཀྱང་གཏོང་བ་དང་། དེ་དག་འགྲུབ་ཚེ་གཞི་ནས་ནང་མི་གཉེན་འཕྲད་དུ་འགྲོ་ཆོག་ལ། ཆེས་མགྱོགས་ནའང་བདུན་ཕྲག་༣དང་༤དགོས་བ་རེད། མིག་སྔར་བོད་ཁུལ་མང་ཆེ་བར་གཉེན་འཕྲད་དུ་འགྲོ་བར་བཀག་སྡོམ་བྱས་ཡོད་པ་རེད། རྒྱལ་ནང་དུ་བོད་རང་སྐྱོང་ལྗོངས་ལ་འགྲོ་བསྐྱོད་ཀྱི་ཆོག་མཆན་དཔང་ཡིག་སྤྲོད་པར་དབང་ཆ་ཡོད་པའི་ལས་ཁུངས་བཞི་ཡོད་དེ། འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་། ཡུལ་སྐོར་ལྗོངས་རྒྱུ་ལས་ཁུངས། ཚོང་འབྲེལ་ལས་དོན་ཁང་། རང་སྐྱོང་ལྗོངས་ཕྱི་འབྲེལ་ལས་དོན་ཁང་བཅས་རེད།
༨། བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་༦༠ལོན་པའི་མཛད་སྒོའི་སྟེང་ཕྱི་སྡོད་བོད་མི་༡༣་ཞུགས་ཡོད་ལ། ཁོ་ཚོ་ནི་སིད་སི་ནས་མི་༥། བལ་ཡུལ་ནས་མི་༢། ཨོ་སི་ཁྲི་ལི་ཡ་ནས་མི་༡། སིད་ཊན་ནས་མི་༡། དབྱིན་ལན་ནས་མི་༢། ཨི་ཊ་ལིས་ནས་མི་༡། རྒྱལ་ནང་དུ་ཕྱིར་ལོག་པའི་བོད་མི་༡ བཅས་ཡོད་པའི་འདི་ནས་མིང་འདོན་གྱི་མིན།
༩། རྒྱལ་ཡོངས་ཕྱིར་ལོག་རྒྱ་མིའི་མཉམ་འབྲེལ་ཚོགས་པ་ནི་མིང་ཐོག་ནས་དམངས་ཁྲོད་ཚོགས་པ་ཞིག་ཡིན་ནའང་། དེ་ནི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་འདྲེ་ལག་བརྐྱངས་ཡོད་པའི་ཚོགས་པ་ཞིག་ཡིན་ལ། ༢༠༠༧ ལོ་ནས་བཟུང་བོད་དུ་དམར་ཤོག་ལས་དོན་ཁྱབ་བསྒྲགས་བྱས་པ་དང་། ཕྱི་རྒྱལ་ཁག་ཏུ་གསང་བའི་ངང་ཕྱི་སྡོད་བོད་པ་ཚོགས་མི་རུ་བསྡུ་བཞིན་ཡོད་ལ། ངོས་འཛིན་ཐུབ་པའི་ཚོགས་མི་བོད་པ་༨ ཡོད་པ་དང་། ཁོང་ཚོ་ནི་སིད་སི་ནས་༢། བལ་ཡུལ་དུ་༡། ཐེ་ཝན་དུ་༡། ཨ་རི་ལ༡། འཇར་མན་དུ་༡། དབྱིན་ལན་དུ༡། ཨི་ཊ་ལིས་སུ་༡ བཅས་ཡོད་ལ་འདིར་མིང་འདོན་གྱི་མིན།
༡༠། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་སྡོད་གཞུང་སྒྲུབ་ཁང་ཟེར་བར་ལས་འཆར་གསར་བ་ཞིག་ཡོད་དེ། ཕྱི་སྡོད་བོད་མིའི་ཐེབས་རྩ་ཞིག་ཆེད་དུ་བཙུགས་ནས་བོད་མི་ཚོ་ཕྱིར་རྒྱ་ནག་ནང་ཁུལ་ཏུ་རྒྱ་ཡིག་སྦྱོང་དུ་ཡོང་བར་སྐུལ་མ་བྱ་རྒྱུ་དེ་ཡིན་ལ། ད་ལོ་བོད་མི་གཞོན་སྐྱེས་གཉིས་རྒྱལ་ནང་དུ་རྒྱ་ཡིག་སྦྱོང་དུ་བསྐྱལ་ཡོད་པ་དང་། གཅིག་གྲོང་ཁྱེར་ཁྲིན་ཏོའུ་དང་། གཞན་དེ་གྲོང་ཁྱེར་ཁོན་མིན་དུ་ཡོད།
༡༡། དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་ཕྱི་སྡོད་བོད་མི་མང་པའི་རྒྱལ་ཁབ་ཏུ་ལས་བྱེད་མི་སྣ་གཏོང་ཡོད་ལ། ཁོ་ཚོས་ཕྱི་འབྲེལ་མི་སྣའི་མིང་ཐོག་ནས་ལས་དོན་སྒྲུབ་ཀྱི་ཡོད། ཁོ་ཚོ་ལ་ཆེད་དུ་བཙུགས་པའི་དངུལ་མཛོད་ཡོད་ལ་ཕྱི་འབྲེལ་ལས་ཁང་གིས་དོ་དམ་བྱེད་ཀྱི་མེད། མི་སྣ་འདི་ཚོ་མང་ཆེ་བ་བོད་རིགས་ཡིན་པ་རེད། འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་ཕྱི་འབྲེལ་ལས་ཁུངས། དྲིལ་བསྒྲགས་ལས་ཁུངས་བཅས་ཀྱི་དབར་བོད་ཀྱི་ལས་དོན་ཐད་ནང་ཁུལ་འཆམ་མཐུན་མེད་པ་རེད། མིག་སྔར་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ལ་གཤམ་གསལ་རྒྱལ་ཁབ་ཁག་ཏུ་ལས་བྱེད་མི་སྣ་ཡོད་དེ། རྒྱ་གར་ལྡི་ལི་གསར་བར་༡། རྒྱ་གར་ཀ་ལི་ཀ་ཏ་རུ་༡། བལ་ཡུལ་ཀ་ཐ་མན་གྲུར་༢། ཨ་རི་ཉིའུ་ཡོག་ཏུ་༡། སིད་སུ་ཛུ་རེའུ་ཁུ་༡། ཁ་ན་ཊའི་ཨོ་ཊ་ཝ་རུ་༡ བཅས་ཡོད་ལ། མིང་ཐོ་འདི་ནས་ཕྱིར་སྒྲགས་མི་བྱ།
༡༢། ༣།༡༤ དོན་རྐྱེན་རྗེས་བོད་ཁུལ་གྱི་ཁ་པར་ལ་སྐོག་ཉན་བྱེད་ཀྱི་ཡོད་ལ། བདེ་འཇགས་ཚན་པའི་སྔོན་ཐོན་གྱི་འཕྲུལ་ཆས་ནང་འདྲེན་བྱས་ཡོད་པ་དང་། འཕྲུལ་ཆས་ནང་བོད་ཡིག་གི་མིང་ཚིག་གལ་ཆེན་ཁག་བཅུག་ཡོད་ལ། གལ་སྲིད་གླེང་མོལ་སྐབས་གལ་ཆེན་མིང་ཚིག་དེ་ཚོ་འཆར་སྐབས་འཕྲུལ་ཆས་ཀྱིས་རང་འགུལ་ངང་བརྡ་གཏོང་བ་དང་། བདེ་འཇགས་མི་སྣས་གླེང་མོལ་གྱི་སྒྲ་འཇུག་ལ་ཉན་ཐུབ། ལྟ་སྤྱོད་མི་མཐུན་པ་དང་དོགས་གཞི་ཅན་གྱི་མི་སྣའི་ཁ་པར་ལ་ཆུ་ཚོད་༢༤རིང་མི་ཡིས་ལྐོག་ཉན་བྱེད་ཀྱི་ཡོད། གལ་ཆེན་མིང་ཚིག་ཁག་ནི་དཔེར་ན་ཏྰ་ལའི་བླ་མ་དང་། རང་དབང་། རང་བཙན། རྩ་འཛུགས། རྒྱ་གར། རྡ་རམ་ས་ལ། འབར་གས། མེ་མདའ། མེ། འབར་རྫས་ལ་སོགས་པ་རེད།
༡༣། མིག་སྔར་བོད་རང་སྐྱོང་ལྗོངས་ཁྱབ་ཁོངས་འོག་གི་བོད་མི་ཚོར་སྤྱིར་བཏང་གི་ཕྱིར་བསྐྱོད་ལག་ཁྱེར་བཟོ་མཚམས་བཞག་ཡོད་ལ། གཞུང་འབྲེལ་གྱིས་ཕྱིར་བསྐྱོད་དགོས་བའི་བོད་མི་ཚོར་ཆབ་སྲིད་ཐད་ནས་རྟོག་ཞིབ་ནན་མོ་བྱེད་ཀྱི་ཡོད། ༣།༡༤ དོན་རྐྱེན་རྗེས། ཕྱི་སྡོད་བོད་མི་ཚོ་བོད་ཁུལ་ནས་དུས་ཡུན་རིང་པོ་སྡོད་ཆོག་པའི་ཡིག་ཆ་རྩ་བའི་ཆ་ནས་བཟོ་རྒྱུ་མཚམས་བཞག་ཡོད་འདུག ཤེས་རྟོགས་ལྟར་ན་མི་གཉིས་ལ་དུས་ཡུན་རིང་པོ་སྡོད་ཆོག་པའི་ཡིག་ཆ་རག་ཡོད་པ་དང་། གཅིག་ནི་བལ་ཡུལ་གྱི་ཐར་དགེ་གླིང་ཡིན་ལ་ཁོ་ནི་རང་ལྗོངས་ཀྲུའུ་ཞི་གཞོན་པ་རྒྱ་རི་བློ་བཟང་བསྟན་འཛིན་གྱི་༼ལྷ་ཀླུའི་ཁྱིམ་རྒྱུད༽་གཉེན་ཉེ་ཡིན་འདུག གཞན་དེ་ནི་སིད་སི་ཡི་ཀུན་རྡོ་རིན་པོ་ཆེ་ཡིན་ལ། ཁོ་ནི་འཕགས་པ་ལྷ་དང་འབྲེལ་བ་དམ་ཟབ་ཡོད་མཁན་ཞིག་ཡིན་འདུག
༡༤། བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་སུ་བསོད་ནམས་རིག་འཛིན་ཟེར་བའི་བོད་མི་འགོ་གཙོ་གཞོན་པ་ཞིག་ཡོད་ལ། ༢༠༡༠ ལོའི་ཟླ་༨ པར་ཁོང་གིས་ལྷ་སར་གཉེན་འཕྲད་དུ་སླེབས་པའི་བོད་མི་ཁ་ཤས་ལ་གསོལ་ཚིགས་བཏང་སྟེ་སྣེ་ལེན་བྱས་པ་དང་། ཁོང་གིས་གཏམ་བཤད་ཀྱི་གོ་རིམ་ནམ་ཡང་གཅིག་པ་ཡིན་ཏེ། སྔོན་ཆད་ཀྱི་དཀའ་སྡུག་ཕྱིར་དྲན་དང་ད་ལྟའི་འཚོ་བ་མངར་མོ་གླེང་བ། བཅོས་བསྒྱུར་སྒོ་འབྱེད་དང་བོད་ཀྱི་གནས་སྟངས་ཡག་རབས་གླེང་བ། ཏྰ་ལའི་རུ་ཚོགས་ལ་སྐྱོན་བརྗོད་དྲག་པོ་བྱེད་པ་བཅས་རེད། ཕྱི་སྡོད་བོད་མི་ཞིག་གིས་ཁོ་ལ་ཏྰ་ལའི་བླ་མས་ཕྱི་རྒྱལ་དུ་ཕྱག་ལས་ཅི་ཞིག་གནང་གི་ཡོད་པ་དང་། གསུང་བཤད་ཅི་ཞིག་གནང་གི་ཡོད་པའི་ཐད་ནས་ཁྱེད་ཀྱི་ཁྱབ་བསྒྲགས་དང་ཁྱད་པར་ཆེན་པོ་ཡོད་པས་ཁྱེད་རང་མི་དངོས་སུ་ཏྰ་ལའི་བླ་མར་མཇལ་དུ་ཕྱིན་ཏེ། ཐད་ཀར་འབྲེལ་བ་གནང་ཚེ་དོགས་པ་སེལ་ཐུབ་པ་རེད་ཅེས་བརྗོད་མ་ཐག་བསོད་འགོ་གཙོ་གཞོན་པ་ཁོང་ཁྲོ་ལངས་ནས་མདུན་ཅོག་སྟེང་ལག་པ་ཞིག་བརྡབས་ཏེ་ཕྱིན་ཡོད་འདུག ལོ་གཅིག་རྗེས་སུ་༢༠༡༡ ལོའི་ཟླ་༨པར། བསོད་འགོ་གཙོ་གཞོན་པ་ཡིས་ལྷ་སར་བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་༦༠འགོར་བའི་མཛད་སྒོ་སྟེང་ཞུགས་པའི་བོད་མི་གསུམ་ལ་གསོལ་ཚིགས་བཏང་སྟེ་སྣེ་ལེན་བྱེད་པ་དང་། ཁོང་གིས་ཡིག་འབྲུ་གཅིག་ཀྱང་མ་ཆད་པར་བོད་ལྗོངས་ཉིན་རེ་ཚགས་པར་སྟེང་གི་ཁྱབ་བསྒྲགས་ཀློག་རྗེས་ཚང་མས་བསམ་ཚུལ་རེ་བརྗོད་རྒྱུ་རེ་བ་བཏོན། སྐབས་དེར་ཡང་བསྐྱར་བོད་མི་ཞིག་གིས་བསམ་ཚུལ་མི་མཐུན་པ་བརྗོད་ཡོད་དེ། ༡། ཏྰ་ལའི་བླ་མར་སྐྱོན་བརྗོད་བྱེད་པར་འདོད་མོས་མེད་པ། ༢། ཁོ་རང་མཛད་སྒོའི་སྟེང་ཞུགས་པ་ནི་ཁོ་རང་སྒེར་གྱི་ཚབ་མཚོན་ཡིན་པ་ལས་གཞན་གྱིས་ཁོ་རང་གི་ཚབ་མཚོན་མི་ཐུབ། ༣། ང་རང་ལྷ་ས་གཅིག་པུ་ལས་རང་ཉིད་སྐྱེས་སའི་ཕ་ཡུལ་དུ་ལོག་མི་ཆོག་པ་ནི་ད་ལྟ་རང་ཁྱབ་བསྒྲགས་བྱེད་པའི་སྲིད་ཇུས་དང་འགལ་ཡོད་པ་རེད་བཅས་བརྗོད་འདུག་ལ། ཐེངས་འདིར་བསོད་འགོ་གཙོ་གཞོན་པའི་དུས་སྟོན་གྱི་སྤྲོ་བ་བརླག་པར་འདོད་ནས་མདུན་ཅོག་སྟེང་ལག་པ་བརྡབ་མི་ཐུབ་པར་དགོད་འཛུམ་ངང་ཤེལ་ཕོར་ཡར་འཀྱགས་འདུག
༡༥། ཡུལ་སྐོར་ལྗོངས་རྒྱུ་ལས་ཁུངས་ནང་ཁུལ་གྱི་ཁུངས་ལྡན་གནས་ཚུལ་ལྟར་ན། ལོ་མང་སྔོན་སིད་སུ་རུ་ཐོག་མར་དོན་གཅོད་ཁང་འཛུགས་སྐབས་པེ་ཅིན་གྱིས་ཡིད་རྟོན་རུང་པའི་བོད་རིགས་ལས་བྱེད་ཞིག་ནང་དུ་བཅུག་དགོས་བའི་རེ་འདུན་བཏོན་པ་དང་། ཕྱོགས་ཡོངས་ནས་ཞིབ་འཇུག་བརྒྱུད་ལྷ་སའི་ཡུལ་བསྐོར་ལས་ཁུངས་ཀྱི་དམར་ཤོག་ཚོགས་མི་ཚེ་དབང་དོན་འཇིགས་སིད་སི་ལ་གཏོང་རྒྱུ་ཐག་བཅད། ཁོ་ནི་ནམ་རྒྱུན་བསམ་བློ་ཡར་ཐོན་ཅན་དང་། དམར་ཤོག་ཚོགས་མི་ཡིན་ལ། ལས་དོན་གྲུབ་འབྲས་བཟང་བ། ད་རུང་བོད་རྒྱ་དབྱིན་གསུམ་དང་། འཇར་མན་སྐད་བཅས་ཤེས་ཀྱི་ཡོད་འདུག སྤྱིར་ན་ལོ་བཞིའི་ནང་ལ་བོད་མི་ལས་བྱེད་ཡག་པོ་གཞན་རེ་བརྗེ་བོ་རྒྱག་རྒྱུ་བྱེད་ཡོད་ལ། ལས་བྱེད་མི་སྣ་གཉིས་གྲ་སྒྲིག་ཀྱང་ཨང་གསར་བྱེད་ཡོད་མོད། ལོ་གསུམ་པའི་སྐབས་སུ་ཚེ་དབང་དོན་འཇིགས་སིད་སི་ནས་གློ་བར་ཏུ་གར་སོང་མ་ཤེས་བའི་སྐབས་དེར་དོན་དག་འདི་སྐད་གྲགས་ཆགས་འདུག ཟླ་འགའི་རྗེས་སུ་ཁོང་གིས་པེ་ཅིན་ནས་གཉེན་འཕྲད་དུ་ཡོང་བའི་གཅུང་མོ་ཁྲིད་དེ་༼ངོ་ལོག་ནས་བྲོས་བྱོལ་༽དུ་ཧྥ་རན་སིར་ཕྱིན་ཡོད་འདུག་ལ་ཧྥ་རན་སི་ནས་ཆབ་སྲིད་ཀྱི་སྐྱབས་བཅོལ་རག་ཡོད་འདུག ཕྱིས་སུ་དོན་གཅོད་ཁང་ལ་བོད་རིགས་ལས་བྱེད་གཏོང་རྒྱུ་སྐྲག་པ་དང་གྲ་སྒྲིག་བྱེད་ཡོད་པའི་ལས་བྱེད་དེ་གཉིས་ཕྱི་རྒྱལ་དུ་གཏོང་བའི་འཆར་གཞི་རྩིད་མེད་གཏོང་བའི་བརྡ་ཐོ་བཏང་། ད་ལྟ་མི་གཅིག་ལྷ་སར་ལས་ཀ་བྱེད་ཀྱི་ཡོད་ལ། གཞན་དེ་པེ་ཅིན་དུ་ཡོད་འདུག
༡༧། བོད་ལྗོངས་ཀྱི་དཔོན་རིགས་དང་ཁོ་ཚོའི་ནང་མི་ཡིས་ལྐོག་ཟ་རུལ་སངས་དང་ཁྲིམས་མེད་ལུགས་མེད་བྱེད་ཀྱི་ཡོད་འདུག་ལ། བོད་ལ་རོགས་སྐྱོར་གྱི་ལས་གཞི་ཆེ་ཆུང་ཅི་འདྲ་ཡིན་རུང་ཁོ་ཚོའི་བརྒྱ་ཆའི་༢༠ནས་༤༠་ལྐོག་ཟ་བྱེད་ཀྱི་ཡོད་འདུག ཐ་ན་ཞིང་སྡེ་ཚན་པའི་ཞིང་ལས་སྐོར་གྱི་ལས་གཞི་ཆུང་ངུ་རེ་ཡང་དཔོན་རིགས་ལྐོག་ཟ་ཅན་དང་ཚོང་བ་གཡོ་སྒྱུ་ཅན་ཚོའི་ཡོད་ཚད་ཁྱེར་འགྲོ་ལ། ལོ་རྗེས་མར་རྟོག་ཞིབ་སྐབས་གོ་རིམ་ཞིག་བརྒྱུད་ནས་དངུལ་རེ་བྱིན། ཡིག་ཆ་རེ་སྤྲད་རྗེས་དོན་དག་གྲུབ་སོང་བ་དང་། རྗེས་སུ་ཡང་བསྐྱར་རྟོག་ཞིབ་བྱེད་མཁན་མི་ཡོང་བ་རེད། ཁྲིན་ཏུན་གྲོང་ཁྱེར་དུ་ལས་ཁུང་ཁ་ཤས་ཀྱིས་ཆེད་དུ་བོད་ལྗོངས་ཀྱི་འཛུགས་སྐྲུན་ལས་གཞི་སྣ་ཚོགས་ཀྱི་དེབ་བྲིས་ཏེ་ཕྱུག་པོ་ཆགས་ཀྱི་ཡོད་ལ། ལས་གཞི་འཆར་ཟིན་དེབ་གཅིག་བྲིས་བའི་གླ་ཆ་ནི་ལས་གཞིའི་ཆེ་ཆུང་ལ་ལྟོས་ནས་སྤྲོད་ཀྱི་ཡོད་པ་དང་། ལས་གཞི་སྒོར་ཁྲི་གཉིས་བརྒྱའམ་གསུམ་བརྒྱ་ཅན་ཞིག་བྲིས་བའི་གླ་ཆར་སྒོར་ཁྲི་༤ཡས་མས་ལེན་གྱི་ཡོད་ལ། བོད་དུ་ཕྱིན་ཏེ་ས་གནས་སུ་བརྟག་དཔྱད་བྱེད་མི་དགོས་པར་ཁོ་ལ་གྲངས་ཀ་ཞིག་དང་ས་མིང་ཞིག་སྤྲད་རྗེས་ཉིན་ཁ་ཤས་རྗེས་ཁྱེད་ལ་རི་མོ་དང་ཡི་གེ་མཉམ་དུ་ཡོད་པའི་ལས་འཆར་དེབ་མཐུག་པོ་ཞིག་སྤྲད་ངེས། ལས་གཞིའི་དེབ་འབྲི་བ་ནི་ཚོང་བ་གཡོ་སྒྱུ་ཅན་ཚོའི་མ་རྩ་ཐོག་མ་ཡིན་ལ། དེ་འགྲུབ་རྗེས་དཔོན་རིགས་དང་ཡང་ན་ཁོ་ཚོའི་ནང་མི་ལ་ལྐོག་དངུལ་སྤྲད་དེ་བསླུ་བྲིད་བྱེད་ཀྱི་ཡོད་ལ། ལས་གཞིའི་བརྒྱ་ཆ་༢༠ སྤྲོད་ཀྱི་ཡོད་པ་ནི་ཀུན་གྱིས་ངོས་ལེན་བྱེད་པའི་ཚད་ཡིན་ལ། འགྲན་བསྡུར་ཡོད་ཚེ་དེ་ལས་མཐོ་རུ་འགྲོ་བ་དང་། མཚམས་རེ་དབར་དུ་མི་སྣ་བརྒྱུད་དགོས་ཚེ་འགྲོ་སོང་མང་ཙམ་གཏོང་དགོས་བ་རེད།
༡༨། བདེ་འཇགས་ལས་ཁུངས་ཀྱིས་བལ་ཡུལ་ཀ་ཐ་མན་གྲུ་ལ་རྟག་པར་མི་སྣ་གཏོང་གི་ཡོད་ལ། ཁོ་ཚོས་དེ་གའི་གནས་ཚུལ་རྒྱུས་མངའ་ཡིན། བཤད་ཚུལ་ལྟར་ན་བྷོ་ངྷ་རུ་དེབ་ཁང་ཆུང་ངུ་ཞིག་ཡོད་པ་ནི་ཁོ་ཚོ་འཛོམས་ས་ཡིན་འདུག
༡༩། གོང་གི་གསང་བའི་ནང་དོན་ཁག་གཟབ་ནན་ཡིན་པའི་ཚང་མས་སེམས་རྣལ་དུ་ཕབ་ཡོད་པར་སྙམ། མཐར་ཐེངས་འདིའི་ལེའུ་མཇུག་རྫོགས་སྐབས་ཚང་མ་ལ་ཀུ་རེ་གསང་གཏམ་ཞིག་བཤད། དེ་ནི་དུར་ཁྲོད་ཀྱི་གསང་གཏམ་ཡིན་ལ། ཚང་མའི་ཤེས་གསལ་ལྟར་བེམ་པོ་དུམ་བུར་གཏོང་སྐབས་བྱ་རྒོད་ཀྱིས་བར་སྣང་ནས་ལྡིང་སྐོར་རྒྱག་ལ། སྔོན་ཆད་མཚོན་ན་བརྡ་བརྒྱབ་ཚེ་བྱ་རྒོད་ཚོ་རུབ་ཡོང་བ་རེད། ཡིན་ནའང་ད་ལྟ་སྔོན་མ་དང་མི་འདྲ་བར་བྱ་རྒོད་རེ་རེ་ལ་མིང་ཡོད་ལ་མིང་བོས་བ་གོ་མ་ཐག་མར་བབས་ཡོང་། དེ་ནི་ངོ་མ་དགོད་བྲོ་བ་ཞིག་རེད། བྱ་རྒོད་ཚོ་མིང་ཡོད་པ་མ་ཟད་ད་རུང་བོད་མིང་ཡིན་སྟེ། རག་སྡིས་དང་པ་སངས། ཕུན་ཚོགས། རྡོ་རྗེ། བསྟན་འཛིན་ལ་སོགས་པ་རེད། སྐད་ཆེས་མཐོ་བའི་བྱ་རྒོད་དེའི་མིང་ལ་ཚེ་བརྟན་སྒྲོལ་མ་ཟེར་ལ། ཡིད་མི་ཆེས་ན་ལྷ་སའི་དུར་ཁྲོད་དུ་ཕྱིན་ཏེ་ལྟོས་དང་བདེན་ཁོ་ཐག་ཡིན།
མ་རྩོམ་འབྲེལ་ཐག http://woeser.middle-way.net/2011/11/2011.html
ཧ་ཅང་ཡག་པོ་བྲིས་འདུག
བསྒྱུར་མཁན་ལ་ཐུགས་རྗེ་ཆེ་ཞུ། རྒྱ་ནག་ཚང་ལས་རྒྱུ་ཇེ་མང་རེད་བོད་འདི་མགོ་སྟེང་སློག་བསམ་པ་མིན་ནམ་སྙིང་ལངས་པ་ཞིག་ལ་བོད་ནང་ཁུལ་དུ་ཉུལ་མ་མང་པས་དེ་ཚོ་གསལ་སྟོན་ཐུབ་ན་དགོས་ཕན་རེད། ངོ་ཚ་མེད་པའི་བོད་པ་དེ་ཚོའི་སེམས་ལ་གདོན་ཞུགས་པ་ལོས་ཡིན།
འདི་ནི་གསར་ལས་དཀོན་པའི་གསང་གནས་རིན་ཐང་ཆེན་རེད། གསང་བ་འདི་ཨ་རི་སོགས་གསང་བའི་ལས་ཁུངས་ཁག་ལའང་སྤྲོད་དགོས། འདི་འདྲའི་ཁ་ཞེ་གཉིས་མེད་ཀྱི་མི་ནུས་པ་ཅན་རྣམས་ལ་སྙིང་ཁོང་རུས་པའི་སྟེང་ནས་ཐུགས་རྗེ་ཆེ་ཞུ།
འདི་ནི་གསར་ལས་དཀོན་པའི་གསང་གནས་རིན་ཐང་ཆེན་རེད། གསང་བ་འདི་ཨ་རི་སོགས་གསང་བའི་ལས་ཁུངས་ཁག་ལའང་སྤྲོད་དགོས། འདི་འདྲའི་ཁ་ཞེ་གཉིས་མེད་ཀྱི་མི་ནུས་པ་ཅན་རྣམས་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ།
རྩོམ་ཡིག་འདི་ཨ་རི་རླུང་འཕྲིན་དང་ཨེ་ཤ་ཡ་རླུང་འཕྲིན་གཉིས་ནས་རྒྱང་བསྲིང་དང་བོད་ཀྱི་དུས་བབ་ཚགས་པར་སོགས་ནས་ཁྱབ་བསྒྲགས་གང་ཐུབ་བྱེད་ཐུབ་ན་བཟང་།
རྩོམ་ཡིག་འདི་ཨ་རི་རླུང་འཕྲིན་དང་ཨེ་ཤ་ཡ་རླུང་འཕྲིན་གཉིས་ནས་རྒྱང་བསྲིང་དང་བོད་ཀྱི་དུས་བབ་ཚགས་པར་སོགས་ནས་ཁྱབ་བསྒྲགས་གང་ཐུབ་བྱེད་ཐུབ་ན་བཟང་།
འདི་དགོངས་ཚུལ་ཡག་པོ་འདུག
སྐུ་ཞབས་ཝེ་ཀེ་གསང་གྲོལ་གྱིས་བོད་མིའི་བླ་བཙོང་མཁན་དེ་ཚོས་མིང་རེ་རེ་བཏོན་ཐུབ་མེད་པ་ནི་ཅུང་བློ་ཕམ་རེད། ཡིན་ནའང་འདི་ན་མིང་ཤེས་མཁན་འདྲ་ཡོད་ཚེ་ངེས་བར་ཏུ་ཡོངས་བསྒྲགས་བྱེད་དགོས་བའི་དུས་རེད་སྙམ་ལ། རྒྱུགས་ཁྱི་དེ་ཚོ་ལ་ནམ་རྒྱུན་དོགས་ཟོན་དགོས་རྒྱུ་གལ་ཆེན་རེད།
གསང་གྲོལ་ལགས། གསང་གནས་འདི་བོད་སྒྱུར་བྱས་པར་ཐུགས་རྗེ་ཆེ།
“དེ་ནི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་འདྲེ་ལག་བརྐྱངས་ཡོད་པའི་ཚོགས་པ་ཞིག་ཡིན་ལ།”་ཞེས་པ་ལྟ་བུ་མ་ཡིག་གི་ནང་དུ་དེ་འདྲ་འདུག་གམ། འདི་རིགས་སྒྱུར་མི་བཟང་བའི་རྟགས་ཤིག་ཡིན། འདི་རིགས་བྱས་ན་བརྫུན་བཟོའི་རྣམ་པ་ཞིག་ཐོན་ཡོང་བས་མི་བཟང་། རྗེས་ཕྱོགས་གཟོབ། ཐུགས་རྗེ་ཆེ།
དེ་རིང་ཕྱི་ཚེས ༡༡ ཉིན་གྱི་སྔ་དྲོར་སྤྱི་འཐུས་ཚོགས་གཙོ་མཆོག་ནས་མདོ་སྨད་ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོའི་གཏམ་བཤད་གནང་སྐབས། རང་གཞུང་བདེ་སྲུང་ལས་ཁུངས་ནས་ཉེ་ལམ་གྱི་འབྲེལ་ཡོད་གསང་བའི་སྙན་ཐོ་ཞིག་བཏོན་ཡོད་པ་དང་། དེའང་གྲོས་ཚོགས་སོགས་སུ་ཕུལ་ཡོད་པས་བདེ་སྲུང་ལས་ཁུངས་སུ་བཀའ་འདྲི་ཞུས་ཏེ་སྤྱི་ཚོགས་ནང་བཀྲམས་ཐུབ་ན་ཡག་པོ་འདུག་ཅེས་གསུངས་སོང་། སྙན་ཐོ་དེ་སུས་རེག་ན་གང་མགྱོགས་དྲ་ངོས་སུ་འཇོག་རོགས། ངས་རེག་ཐབས་འབད་བརྩོན་ཞུ་མུས་ཡིན།
འཇམ་དཔལ་ཚུལ་ཁྲིམས་ལགས་ཐེར་འདོན་གནང་བར་ཐུགས་རྗེ་ཆེ། མཚམས་རེ་རྒྱ་གཞུང་གིས་ཏྰ་ལ་ཟེར་གྱི་ཡོད་ནའང་ངས་ཏྰ་ལའི་བླ་མ་ཟེར་བའི་ཡིག་འབྲུ་དེ་ཚོ་གློག་ཀླད་འཛུབ་གནོན་སྒང་ནས་ཤོར་འགྲོ་ཡི་འདུག རྗེས་ཕྱོགས་གཟབ་ངེས་ཡིན། གཞུག་ཕྱོགས་འདི་ལྟར་མ་རྩོམ་དང་བསྡུར་ནས་དགོངས་ཚུལ་དང་འཛུབ་སྟོན་གནང་བར་རེ་ལྟོས་བྱེད་ཡོད། ཤར་ཁུག་ལགས་རང་གཞུང་འདི་ཕྱི་གསལ་ནང་གསལ་གྱི་གཞུང་ཞིག་ཡིན་ཟེར་གྱི་ཡོད་པས་གསང་བའི་སྙན་ཐོ་འདི་གང་མགྱོགས་ཕྱིར་སྒྲགས་བྱེད་ངེས་རེད་འདོད།