རྩེ་སྐར།
གཅིག ༢༠༡༢ ལོར་འཇིག་རྟེན་འཇིག་པར་གླེང་བའི་བཤད་ཡམས་ཀྱི་ཁུངས།
འཛམ་གླིང་གི་མི་ཚང་མ་འཇིག་རྟེན་དཀར་ངོགས་འདིར་རང་རང་གིས་ཐབས་འཚོལ་ཅི་བདོག་གི་འཚོ་བར་རོལ་བཞིན་སྐབས་རེ་རི་སྙིལ་ས་གཡོ་དང༌། ཆུ་ལོག་རླུང་འཚུབ་འབྱུང་བ་སོགས་རང་བྱུང་ཁམས་ཆགས་གྲུབ་ནས་འབྱུང་རྒྱུ་ཡོད་པའི་འགྱུར་ལྡོག་གི་འཇིགས་སྐྲག་དང༌། ཡང་སྐབས་རེར་མིའི་ཚོགས་སྡེ་དང་ཚོགས་སྡེའི་བར་གྱི་ཡ་ང་བའི་དམག་འཁྲུག་དང་སྒེར་གཅོད་གཉའ་གནོན་གྱི་དབང་བསྒྱུར་འོག་ཏུ་དངངས་སྐྲག་བསུན་གཙེར་གྱིས་གནས་ཀྱིན་པར། རང་རང་གི་གནས་ཡུལ་ཁྱིམ་གཞིས་ནི་རྒྱུ་དང་འབྱོར་བར་ཕྱུགས་མི་ཕྱུགས་གང་ལྟར་སུ་ཡིན་ཡང་སྤྲོ་སྐྱིད་ཀྱིས་ཁེངས་ཤིང༌། ཚེ་སྲོག་གི་རྒྱུན་མ་འགག་བར་མ་འོངས་པའི་བདེ་སྐྱིད་ཅིག་གི་ཆེད་དུ་འདུར་ཞིང་སྙེག་བཞིན་ཡོད་ནའང༌། ཉེ་བའི་བར་སྐབས་ཤིག་མི་ཚང་མར་སེམས་འཁྲལ་ལྷག་མ་ཞིག་གིས་སེམས་ལ་དོགས་སྣང་ཞིག་སྐྱེ་རུ་བཅུག་ཅིང༌། ཚན་རིག་དང་ཆོས་ལུགས་ཀྱི་གླེང་ཕྱོགས་ཡོད་ཚད་ལ་བདེན་ཁ་སྟེར་བའི་མི་མང་པོ་ཞིག་དང༌། ལྷག་པར་རིག་གནས་ཀྱི་གོ་རྟོགས་ཞན་པའི་དཀྱུས་མའི་ངལ་རྩོལ་མང་ཚོགས་ཚོར་ཁབ་གསོག་འབིགས་གསོག་གིས་སོ་སོའི་འཚོ་ཚིས་རྩོལ་སྒྲུབ་བྱེད་ཞོར་འཇིགས་སྣང་གི་སེམས་འཁྲལ་ཐེ་བ་ཞིག་བསྣན་ཏེ་ལུས་སེམས་ལ་དཀའ་ངལ་དང་འཚོ་བྱ་ལ་གྱོང་གུད་ཐེབས་བཅུག་ཡོད་ལ། མ་ཟད་མང་པོ་ཞིག་ལ་རང་གི་ཚོང་དོན་སོགས་ལས་ཀ་གཉེར་བའི་འདུན་པ་བརླག་པ་དང༌། རང་སྲོག་གཅོད་འདོད་པ་སོགས་དངངས་སྐྲག་གི་སེམས་ཚོར་ཡང་སྐྱེ་རུ་བཅུག་ཡོད་སྲིད། དེ་ནི་ཚང་མས་ཤེས་གསལ་གྱི་ཕྱི་ལོ་ ༢༠༡༢ ལོ་འཛམ་གླིང་འཇིག་པའི་ལོ་ཡིན་པར་རྟོག་བཏགས་ཀྱིས་བཟོས་པའི་གློག་བརྙན་དེའི་ཤུགས་རྐྱེན་ཡིན་པར་བཤད་ཆོག གློག་བརྙན་དེ་སྤྱིར་བཏང་གི་རྟོག་བཟོ་ལྟད་མོ་ཞིག་ཏུ་བཟུང་ནས་བལྟ་མཁན་དག་ལ་མཚོན་ན་གནས་སྐབས་ཀྱི་ཚོར་ཤུགས་བསྐྱེད་པའི་ལྟད་མོ་ངོ་མཚར་ཅན་ཞིག་ཏུ་བཟུང་ཆོག་ལ། དེ་ལས་ལྡོག་སྟེ་རྟོག་བཟོས་སྣང་བརྙན་དེ་བཞིན་བདེན་ཚོར་ཞིག་གི་མུ་ནས་བསམ་བློ་གཏོང་མཁན་དག་གི་ངོས་ནས་བཤད་ན། རང་སེམས་མི་བདེ་བའི་འཇིགས་སྐྲག་དང་དོགས་གནས་ཀྱི་དཀའ་ངལ་ལྷག་མ་ཞིག་ཏུ་གྱུར་ཡོད་སྲིད། དེ་ནི་ ༢༠༡༢ ལོ་ཞེས་པའི་གློག་བརྙན་དེས་བསྐྱེད་པའི་གྲུབ་འབྲས་རེད་ཟེར་ཆོག་ལ། གྲུབ་འབྲས་དེ་དང་འབྲེལ་ནས་སྤྱི་ཚོགས་ཁྲོད་རྒྱུ་དངུལ་གྱི་ཁེ་ཕན་མང་པོ་འཚོལ་སྒྲུབ་བདག་ལེན་བྱས་ཡོད་པ་སྨོས་མ་དགོས་པས། དེ་ནི་གློག་བརྙན་དེ་བཟོ་བསྐྲུན་བྱེད་པའི་དམིགས་ཡུལ་གཙོ་བོ་ཡིན་པར་བཤད་ཆོག ཕྱོགས་སྣེ་གཞན་ཞིག་ནས་གླེང་ན་གློག་བརྙན་དེ་འདྲ་ཞིག་བཟོ་གྲུབ་བྱུང་བའི་གཏད་སོ་ནི་ཚན་རིག་པ་ཞིག་གིས་གནམ་སྐར་བརྟག་དོན་གྲུབ་འབྲས་ལ་གཞི་བཅོལ་ནས་བཟོས་པ་ཞིག་ཡིན་ཚུལ་མི་མང་པོ་ཞིག་གིས་གླེང་ཞིང་འུར་ཡོད་ནའང་། གནམ་རིག་སྐར་དཔྱད་ཀྱི་ཚན་རིག་པ་མང་པོ་ཞིག་གིས་གློག་བརྙན་དེ་ནི་བདེན་ལུགས་ཀྱི་ཁུངས་མེད་རྟོག་བཟོ་བྱས་པ་ཞིག་ཡིན་པར་རང་རང་གི་གནམ་སྐར་བརྟག་དོན་མྱོང་གྲུབ་ཀྱི་སྒྲུབ་བྱེད་བཙན་པོས་ས་ལ་བརྡབས་ཏེ་ཐལ་བར་བརླགས་ཡོད།
ཁོ་བོས་བསམ་ན་གློག་བརྙན་དེ་རྟོག་བཟོ་བྱས་པ་ཞིག་ཡིན་ནའང་རྟོག་བཏགས་བྱེད་སའི་འཕྲོས་དོན་དང་ཁུངས་འདེད་གཞི་རྩ་མེད་པ་ཞིག་ནི་མ་ཡིན་ཏེ། གནའ་བོའི་མཱ་ཡ་མི་རིགས་ཀྱི་བཤད་ཡམས་ལུང་བསྟན་ཏེ། ཕྱི་ལོ་ ༢༠༡༢ ལོར་འཇིག་རྟེན་གྱི་ཁམས་འདི་འཇིག་རྒྱུ་ཡིན་པར་བརྗོད་པའི་སྐད་ཆ་ཞིག་ལྷག་ཡོད་པ་དེ་ནི་གློག་བརྙན་དེའི་གཞི་འཛིན་ས་ཡིན་པར་སེམས། མཱ་ཡ་བའི་ཤེས་རིག་དང་ལུང་བསྟན་སྐོར་དྲ་ངོས་ཁག་ཏུ་ཡིག་རིགས་མང་པོའི་ཐོག་བཀོད་འདུག་པས། འདིར་ཐམས་ཅད་བསྐྱར་བརྗོད་ཡང་བརྗོད་བྱེད་པའི་དགོས་པ་མི་འདུག་པ་མ་ཟད་ངལ་བའང་བསྟེན་རྒྱུ་མིན་པས་གཞན་དུ་གཟིགས་པར་འཚལ།
ད་དུང་གཏམ་རྒྱུད་འདི་དང་གཤིབ་ཅིང་འབྲེལ་བའི་འུར་བརྗོད་ཀྱི་གླེང་ཕྱོགས་གཞན་ཞིག་ཡོད་པ་ནི། ཨེས་རག་པ་རྣམས་ཀྱིས་ནཱུས་བྷི་རུ་ཟེར་བའི་གཟའ་སྐར་ཞིག་འཚོལ་རྙེད་བྱུང་ཞིང༌། གཟའ་སྐར་དེ་ང་ཚོ་འཚོ་སྡོད་ཀྱི་ས་ཡི་གོ་ལ་དང་གཟས་ནས་ཡོང་གིན་ཡོད་ལ། དེ་ནི་ཕྱི་ལོ་ ༢༠༠༣ ལོའི་ཕྱི་ཟླ་ ༡༢ པར་སའི་གོ་ལ་དང་གདོང་ཐུག་རྒྱག་པའི་སྔོན་དཔག་བྱས་ཡོད་ནའང༌། ལོ་དེར་གནོད་དོན་ཅི་ཡང་མ་བྱུང་བས། ཡི་ཤུའི་ཆོས་ལུགས་ལྟར་གྱི་འཇིག་རྟེན་གྱི་ཉིན་མཐའ་མའམ་ཁྲིམས་གཅོད་ཀྱི་ཉིན་མོ་ཟེར་བ་དང་དུས་འཁེལ་བར་བྱས་པ་དང༌། དེ་ནས་སླར་ཡང་མཱ་ཡ་བའི་ལུང་བསྟན་ལྟར་གྱི་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་་ ༡༢ ཚེས་ ༢༡ བོད་ལྟར་ན་དགུན་ཉི་ལྡོག་གི་ཉིན་དང་འཁེལ་བར་བྱས་ཏེ་འུར་ཡོད་པར་ཨ་རིའི་ནཱ་ས་(NASA)མཁའ་དབྱིངས་དོ་དམ་ཁང་གིས་འགྲལ་བརྗོད་བྱས་ཡོད་ལ། གླེང་ཕྱོགས་འདི་དག་ནི་ཕྱི་ལོ་ ༢༠༡༢ ལོར་འཇིག་རྟེན་འཇིག་རྒྱུ་ཡིན་པར་འུར་གཤོབ་ཀྱི་བཤད་ཡམས་སྤེལ་བའི་སྐབས་འཚོལ་བ་ཚོས་འཛམ་གླིང་གི་མི་རྣམས་དཀྲོགས་པའི་གཞི་རྩ་ཆགས་ཡོད།
གཉིས། མཱ་ཡ་བའི་ཤེས་རིག་གི་རིན་ཐང་དང་ལུང་བསྟན་གྱི་རྩ་འཛིན་འཚོལ་བ།
སྤྱིར་འཛམ་བུ་གླིང་འདིར་གནའ་ནས་ད་ལྟའི་བར་འགྲོ་བ་མིའི་རིགས་རྣམས་ཤོག་ཁག་གིས་མི་རིགས་སོ་སོར་རང་རྐྱ་བའི་ཚུལ་དུ་འཚོ་སྡོད་བྱས་མྱོང་བ་དང་བྱེད་བཞིན་ཡོད་ལ། དེ་མཚུངས་ཀྱིས་མི་རིགས་སོ་སོའི་ལོ་རྒྱུས་དང་འབྲེལ་གནའ་དེང་གི་ཆོས་ལུགས་དང་རིག་གནས། སྐད་ཡིག་དང་གོམས་སྲོལ་སོགས་རྣམ་པ་མི་གཅིག་པའི་ཚུལ་དུ་ཡོད་ཅིང༌། རིག་གནས་གང་ཞིག་གིས་མིའི་རིགས་ལ་ཞི་བདེ་དང་བདེན་དོན་གྱི་གྲུབ་འབྲས་བཟང་པོ་སྦྱིན་མྱོང་ཡོད་ལ། ཡང་ན་ཕྱོགས་ཞེན་གྱི་མུ་ན་མཁྲེགས་བཟུང་གིས་རྟོག་བཏགས་ཟེར་སྒྲོས་ཙམ་ལས་རིན་ཐང་ཅི་ཡང་མངོན་དུ་མེད་པའང་མང་པོ་ཞིག་ཡོད་པ་གདོན་མི་ཟའོ།། མཱ་ཡ་མི་རིགས་ལ་མཚོན་ནའང་དེ་དང་གཅིག་མཚུངས་རེད། ཁོ་ཚོ་ལའང་ཁོ་ཚོས་གཙིགས་ཆེན་དུ་འཛིན་པའི་ཆོས་ལུགས་དང་རིག་གནས་ཤིག་ཅིས་ཀྱང་དར་ཡོད་ལ། ཁོ་ཚོའི་ཆོས་དང་རིག་གནས་སམ་ཤེས་རིག་གིས་མིའི་སྤྱི་ཚོགས་ལ་ཁྱད་འཚར་བའི་གྲུབ་འབྲས་རླབས་པོ་ཆེ་ཕུལ་མྱོང་ཡོད་སྲིད་པ་ཞིག་རེད། སྣང་ཚུལ་དེ་རིགས་ནི་ཁོ་བོར་མཚོན་ན་ལྷ་ཡིས་འཕྲུལ་དང་བྱིན་མཐུས་བཟོས་ཤིང་བསྐྲུན་པའི་སྒྱུ་འཕྲུལ་ཞིག་ལ་ངོས་མི་འཛིན་པར། འགྲོ་བ་མིའི་ལུས་སྟེང་གི་རིག་སྟོབས་རྣམ་དཔྱོད་དང་འབྲེལ་ཏེ་སུ་དང་གང་ལ་ཡོད་ཆོག་པའི་ཁྱད་ཡོན་ནམ་གྲུབ་འབྲས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། གཙོ་བོ་དོན་བྱ་ཅི་ཞིག་ཡིན་ན་དངོས་ཡོད་ཀྱི་གནས་ཚུལ་ལས་མ་འདས་པར་ལུགས་མཐུན་ཞིག་གི་མུ་ནས་གྲུབ་དོན་འཚོལ་རྒྱུ་ནི་ཆེས་གལ་ཆེན་ཡིན་པར་འདོད་ཡོད། དེའི་ཕྱིར་མཱ་ཡ་བའི་ཕྱི་ལོ་ ༢༠༡༢ ལོ་ཟླ་ ༡༢ ཚེས་ ༢༡ ཉིན་འཇིག་རྟེན་འཇིག་པར་བཤད་པའི་ལུང་བསྟན་གྱི་རྩ་འཛིན་དེར་ཁོ་བོས་སྔ་ས་ནས་བདེན་ཁ་སྟེར་མི་ཐུབ་པའི་སྣང་ཚུལ་ཞིག་བཟུང་ཡོད།
མཱ་ཡ་བའི་ལུང་བསྟན་ལྟར་ན། ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་ནི་འཇིག་རྟེན་འཇིག་པའི་ཉིན་མོ་སྟེ། ཉིན་དེར་དགོང་མོ་ས་རུབ་པ་ནས་ཕྱི་ཉིན་ནམ་ལངས་ཏེ་ཉི་མ་འཆར་བའི་དུས་ནམ་ཡང་མེད་པར་འཇིག་རྟེན་འདི་མུན་ནག་གི་ཞིང་ཁམས་ཤིག་ཏུ་འགྱུར་རྒྱུ་ཡིན་ཚུལ་དང༌། ཡང་ཉིན་དེར་ས་གཞི་དྲག་ཏུ་གཡོས་ནས་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ཐལ་བའི་རྡུལ་བཞིན་བརླག་པར་འགྱུར་བར་བཤད། དུས་ཚོད་ཀྱི་ངོས་འཛིན་གཏན་འཁེལ་དེ་ནི་མཱ་ཡ་བའི་ལོ་ཡི་བརྩི་ལུགས་ལྟར་ན་ ༣༡༡༣ ལོ་ཡིན་པ་དང༌། ཡོངས་ཁྱབ་སྤྱི་ལོའི་བརྩི་སྟངས་ལྟར་ན་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༢ ཚེས་༢༢ ཉིན་ལ་འཁེལ་ཡོད་པར་བཤད། འཛམ་གླིང་འདིར་མི་རིགས་མི་འདྲ་བ་མང་པོ་ཞིག་ཡོད་པས་དེ་དག་ལའང་ཐོག་མར་འཇིག་རྟེན་ཇི་ལྟར་གྲུབ་ཚུལ་དང་མཐའ་མར་འཇིག་རྟེན་ཇི་ལྟར་འཇུག་རྒྱུ་ཡིན་ཚུལ་སྐོར་མི་རིགས་སོ་སོའི་ཆོས་དང་རིག་གནས་ཀྱི་གཞུང་དོན་ལྟ་གྲུབ་ལྟར་བཤད་རྒྱུན་ནམ་གཏམ་རྒྱུད་སྙིང་རྗེ་བོ་རེ་ཡོད་པས། ང་ཚོས་དེ་དག་ལས་སུ་ཞིག་ལ་བདེན་ཁ་སྟེར་དགོས་སམ། འཛམ་གླིང་ས་མཐོར་གནས་པའི་བོད་མི་རིགས་ལ་མཚོན་ནའང་འཇིག་རྟེན་གྲུབ་ཚུལ་དང་མཐར་བསྐལ་བ་འཇིག་པའི་དུས་མཚམས་བཅས་ཆོས་དང་འཇིག་རྟེན་གཉིས་ཐད་ན་བཤད་རྒྱུ་རེ་ཡོད་པ་དེ་མཚུངས་རེད། ཁག་ཅིག་གིས་ཟེར་ན་མཱ་ཡ་བའི་ཤེས་རིག་ནི་མིའི་རིགས་ཀྱི་འཇིག་རྟེན་འདི་རུ་ངོ་མཚར་ཞིང་ཁྱད་དུ་འཕགས་པ་དེང་རབས་ཚན་རིག་དང་མཐུན་ཆ་ཆེ་བའི་ཤེས་རིག་ཅིག་ཡིན་ཚུལ་སྐོར། ཁོ་ཚོས་གནའ་སྔ་མོ་ནས་སའི་གོ་ལ་ནི་སྒོང་གཟུགས་ཅན་གྱི་འཁོར་སྐར་ཞིག་ཡིན་པ་གཏན་ལ་ཕབ་ཡོད་པ་སོགས་གནམ་རིག་སྐར་རྩིས་དང་འཇིག་རྟེན་གྲུབ་ལུགས་ཐད་ནས་ཚན་རིག་དང་མཐུན་ཆ་ཆེ་བའི་ལྟ་ཚུལ་རེ་ཟུང་རྩ་འཛིན་སྒྲུབ་བྱེད་དུ་བཀོད་ཅིང་། དེང་ཚན་རིག་པ་རྣམས་ཀྱིས་ཀྱང་དེ་ལ་བདེན་ཁ་སྟེར་གྱིན་ཡོད་པར་བརྗོད་དེ། ཕྱི་ལོ་ ༢༠༡༢ ལོར་འཇིག་རྟེན་འཇིག་པར་བཤད་པའི་མཱ་ཡ་བའི་ལུང་བསྟན་དེར་ཡང་ཡིད་ཆེས་དང་བདེན་ཤོས་ཆེ་བའི་སྐད་ཆ་བཤད་ཡོད།
རེད། མཱ་ཡ་བའི་གནའ་བོའི་ཤེས་རིག་ཁྲོད་དེང་གི་ཚན་རིག་དང་མཐུན་པའི་ཆ་ཡོད་པ་ནི་མཱ་ཡ་མི་རིགས་ཀྱི་མེས་པོ་དག་གི་རྣམ་རིག་དཔྱད་སྟབས་ལས་བྱུང་བའི་ཤེས་རིག་གི་ཁྱད་ཡོན་ནམ་གྲུབ་འབྲས་ཤིག་ཡིན་པར་ང་ཚོས་ཀྱང་་ཡིད་ཆེས་དང་བདེན་ཁ་ཕྱིན་ཆོག་པ་ཞིག་རེད། ཡིན་ནའང་དེ་ལྟའི་སྣང་ཚུལ་ནི་མཱ་ཡ་མི་རིགས་གཅིག་པུ་མ་ཡིན་པར་འཛམ་གླིང་གི་མི་རིགས་གཞན་དག་ལའང་ཡོད་སྲིད་པ་དང་ཡོད་ཆོག་པ་ཞིག་རེད། ནང་བསྟན་ཆོས་ལུགས་ཀྱི་གཞུང་དུའང་འཇིག་རྟེན་འདུས་གྲུབ་ཀྱི་ཆ་དང་ལྷག་པར་འཇིག་རྟེན་གྱི་ཆུང་མཐའ་རྡུལ་ཕྲན་དང་རྡུལ་ཕྲ་རབ་ལ་ཕྱོགས་ཆ་ཡོད་མེད་སོགས་ཀྱི་གནས་ལུགས་ཕྲ་ཞིང་ཞིབ་པ་དག་དུས་རབས་གཉིས་པའི་སྐབས་ནས་བསྟན་ཟིན་པ་དང༌། གནམ་རིག་སྐར་རྩིས་ཐད་ནས་ཀྱང་གྲུབ་དོན་བདེན་ལུགས་ཅན་མང་པོ་ཞིག་དེང་འཕྲུལ་རིག་ཡོ་ཆས་བཀོལ་སྤྱོད་བྱེད་པའི་ཚན་རིག་པ་ཚོས་ལག་ལེན་དངོས་ཐོག་དཔྱོད་རྟོག་འཚོལ་རྙེད་བྱུང་བའི་གནས་ལུགས་དང་མཐུན་ཆ་ཆེ་ཞིང༌། ཚན་རིག་པ་མང་པོ་ཞིག་གིས་ཡིད་ཆེས་དང་བདེན་ལུགས་ཀྱི་གནས་སུ་འཛིན་གྱིན་ཡོད། དཔེར་ན། ཨེ་དབྱིན་སེ་ཐན་གྱིས། གལ་ཏེ་དེང་རབས་ཚན་རིག་གནད་གལ་ཆེ་བ་ལ་རམ་འདེགས་བྱེད་ནུས་པའི་ཆོས་ལུགས་ཤིག་ཡོད་ན། དེ་སངས་རྒྱས་ཆོས་ལུགས་འདི་ཡིན་རྒྱུ་རེད། ཅེས་གསུངས་པ་དང༌། དབྱིན་ཇིའི་མཁས་པ་མུ་ཏོན་གྱིས། དེང་སྐབས་ཚན་རིག་དང་མཚན་ཉིད་རིག་པ་ཤིན་ཏུ་དར་རྒྱས་ཕྱིན་པའི་དུས་ཡིན་ཡང༌། ཁོ་ཚོས་ཤེས་པའི་བདེན་དོན་རྣམས་སངས་རྒྱས་ཆོས་ལུགས་དང་ཆ་འདྲ་ཞིང༌། དེ་ལས་བརྒལ་མི་ཐུབ་པར་མ་ཟད་སངས་རྒྱས་ཆོས་ལུགས་དེ་བས་ཀྱང་ཟབ་པ་དང་རྒྱ་ཆེ་བའི་གནས་ཡོད་དོ།། ཅེས་གསུངས། དབྱིན་ཇིའི་མཚན་ཉིད་རིག་པ་ལོ་སུའུ་ཡིས། འཛམ་གླིང་ཐོག་གི་ཆོས་ལུགས་རྣམས་ལས་ང་རང་གིས་ཡིད་ཆེས་བྱེད་ས་ནི་སངས་རྒྱས་ཆོས་ལུགས་ཡིན། ཞེས་གསུངས།
རྒྱ་ནག་གི་མཁས་པ་ལུའུ་ཞན་གྱིས། སངས་རྒྱས་ཤཱཀྱ་ཐུབ་པ་ནི་མཁྱེན་དཔྱོད་ཆེན་པོ་རེད། ང་ཚོས་རྟག་ཏུ་བགྲོད་དཀའ་བའི་མི་ཚེའི་གནས་དེ་དག་ཁོང་གིས་སྔ་ས་ནས་རང་རེ་ལ་གསལ་བོར་བཤད་ཟིན་ནས་འདུག ཅེས་གསུངས།
ཨི་ཊ་ལིས་མཁས་དབང་ཏུའུ་ཆིས་ཀྱིས། སངས་རྒྱས་པའི་བཤད་ཚུལ་བདེན་ཤས་ཆེ། འཛམ་གླིང་གི་ཚན་རིག་པ་ཚང་མས་རང་རང་གི་གཞུང་ལུགས་ཀྱི་ལྟ་བ་དེ་མུ་མཐུད་བསྐྱུར་དགོས་འདུག མཐའ་མཇུག་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གཞུང་ལུགས་ཁོ་ན་འཇིག་རྟེན་གྱི་བདེན་དོན་ཉག་གཅིག་ཡིན་པར་ངེས་ཟིན་པའི་དུས་ཤིག་འོང༌། ཞེས་གསུངས་ཡོད། འོ་ན་སྣང་ཚུལ་འདི་ཙམ་ཞིག་ལ་བརྟེན་ནས་འཇིག་རྟེན་འཇིག་པའི་དུས་ནི་ནང་བསྟན་ཆོས་གཞུང་ནས་གསུངས་པ་ལ་ཆ་འཇོག་བྱེད་དགོས་སམ། དེ་ལྟར་དགོས་པའི་དབང་དུ་བཏང་ན་འཛམ་གླིང་འདི་ད་དུང་མི་ལོ་མང་པོ་ཞིག་གི་རིང་མི་འཇིག་པར་གནས་ཐུབ་ངེས་ཡིན་ཞེས་ཀུན་ལ་བསྒྲགས་ཆོག་མོད། འོན་ཀྱང་དེ་ནི་སུ་ཞིག་གིས་ཆིག་གཏན་འཁེལ་བའི་སྒོ་ནས་བསྒྲག་ཏུ་མི་བཏུབ་པ་ཞིག་རེད། མི་རིགས་སུ་འདྲ་ཞིག་ཡིན་ན་སོ་སོའི་རིག་གནས་ཁྲོད་ཀྱི་གནས་ལུགས་ཡོད་ཚད་ལ་ཡིད་ཆེས་དང་བདེན་པར་བཟུང་སྟེ་མཐོ་ལ་འགྱོགས་དགོས་པའི་ངེས་པ་གཏན་ནས་མེད་ལ། དེང་གི་ཚན་རིག་དང་མི་རིགས་གཞན་གྱི་ཤེས་རིག་གི་ལྟ་གྲུབ་བཅས་ལ་ཕྱོགས་ཞེན་གྱིས་དམའ་ཕབ་ནས་མཐོང་ཆུང་བྱེད་དགོས་དོན་དེ་བས་མེད། གཙོ་བོ་ནི་སྤྱི་སྙོམས་ཀྱི་སྒོ་ནས་དངོས་ཡོད་གནས་ཚུལ་ལས་མ་འདས་པའི་ལྟ་གྲུབ་ཅིག་གི་རྗེས་སུ་འབྲང་ཞིང༌། གཏན་ཚུགས་རང་བཞིན་གྱི་སྒོ་ནས་གནས་ལུགས་དང་མཐུན་པའི་བདེན་དོན་འཚོལ་ཞིབ་བྱ་ཤེས་རྒྱུ་དེ་གལ་ཆེན་ཡིན་པར་སེམས།
གསུམ། མཱ་ཡ་བའི་ལུང་བསྟན་དང་དངོས་ཡོད་གནས་ཚུལ་གཤིབ་བསྡུར།
མཱ་ཡ་བའི་ལུང་བསྟན་དེ་དང་འབྲེལ་ནས་ཞིབ་ཏུ་བསམ་བློ་ཞིག་བཏང་ན། ང་ཚོ་འཚོ་གནས་ཀྱི་འཇིག་རྟེན་འདི་འཇིག་པ་ལའང་དངོས་ཡོད་གནས་ལུགས་དང་བསྟུན་ཇི་ལྟར་འཇིག་པའི་སྣང་ཚུལ་ལམ་རྣམ་པ་ཞིག་ངེས་པར་དུ་ཡོད་དགོས་པར་འདོད། ཡིན་ཡང་མཱ་ཡ་བས་ད་ལྟའི་དུས་རབས་འདི་ཁོ་ཚོའི་ལྷ་སྒྲུང་རང་བཞིན་གྱི་འདོད་ཚུལ་ལྟར་ན་དུས་རབས་རིམ་པ་ལྔ་ཡོད་པ་ལས་མཐའ་མའི་བརྩེ་དུང་ཤེས་རིག་གི་དུས་རབས་ལ་ངོས་འཛིན་བྱས་ཤིང༌། ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་འུ་ཅག་གི་དུས་རིམ་འདི་ས་གཡོ་བ་དང་ཡང་ན་མུན་ནག་གི་ཞིང་ཁམས་སུ་གྱུར་ཏེ་འཇིག་ཅིང༌། འཇིག་རྟེན་གསར་པའམ་དུས་རིམ་གསར་པ་ཞིག་འགོ་འཛུགས་བྱ་རྒྱུ་ཡིན་ཚུལ་བཤད་ཡོད་པ་ཙམ་ལས། ཁོ་ཚོས་འཇིག་རྟེན་འདི་རྒྱུ་དང་རྐྱེན་གང་འདྲ་ཞིག་ལ་བརྟེན་ནས་མུན་ནག་གི་ཞིང་ཁམས་སུ་འགྱུར་རྒྱུ་དང༌། ཡང་ན་ས་གཞི་དྲག་ཏུ་གཡོས་ཏེ་ཐལ་བར་བརླག་རྒྱུ་ཡིན་པའི་སྐོར་ནས་འགྲེལ་བརྗོད་གང་ཅི་ཡང་བྱས་མེད་པ་འདིས་ང་ཚོ་ལ་འཇིག་རྟེན་སྣང་ཚུལ་དང་མཐུན་པའི་དངོས་ཡོད་ཀྱི་གནས་ཚུལ་གཞན་ཞིག་གསལ་འདོན་བྱེད་ཐུབ། རྟོག་པ་སྔོན་སོང་གི་ཚུལ་དུ་བསམ་བློ་ཞིག་བཏང་ན། འཇིག་རྟེན་ས་ཡི་གོ་ལ་འདི་རྒྱུ་རྐྱེན་གང་ཅི་ཡང་མེད་པར་གློ་བུར་རང་བཞིན་དུ་གད་ཅིང་གས་པ་དང་རབ་ཏུ་གཡོས་ཏེ་བྱེ་རི་སྙིལ་བ་ལྟར་ཡོངས་སུ་འཇིག་འགྲོ་བ་ཞིག་མ་ཡིན་པར། སྔོན་ལྷ་དང་མི་ཡིས་བཟོས་ཤིང་གྲུབ་པ་ཅི་ཡང་མ་ཡིན་པར། མཁའ་དབྱིངས་ཀྱི་གས་གཏོར་ཆེན་པོ་ཞིག་གི་བརྒྱུད་རིམ་ཁྲོད་ས་ཡི་གོ་ལ་འདི་ཉིད་ཆགས་གྲུབ་བྱུང་པ་ལྟར། ཡོངས་སུ་འཇིག་པར་ཡང་གཟའ་སྐར་རམ་བརྟན་སྐར་གཞན་དང་གདོང་ཐུག་གས་གཏོར་གྱི་ཆག་འཇིག་ཁྲོད་འཐོར་ཞིག་གི་སྣང་ཚུལ་ཞིག་ངེས་པར་དུ་བརྒྱུད་དགོས་པར་སྙམ་མོ།།
རྟོག་གཞིགས་ཀྱི་བསམ་ཞིབ་བྱེད་སྟངས་འདི་དང་འདྲ་བར་ཨ་རི་སོགས་འཛམ་གླིང་གི་གནམ་རིག་སྐར་དཔྱད་ཀྱི་ཚན་རིག་པ་རྣམས་ཀྱིས་མཁའ་འགྲུལ་འཕུར་བསྐྱོད་སོགས་ཀྱི་ནུས་ཤུགས་ལ་བརྟེན་ནས་མཁའ་དབྱིངས་སུ་བརྟག་ཅིང་དཔྱད་དེ། ད་སྔ་སའི་གོ་ལ་དང་ཉེ་བར་བཅར་ཞིང་གདོང་ཐུག་རྒྱག་གྲབས་ཡོད་པའི་གཟའ་སྐར་དང་བརྟན་སྐར་ཉེན་ཚབས་ཅན་གང་ཅི་ཡང་མཐོང་སྣང་ན་མེད་ཚུལ་དང༌། སའི་གོ་ལ་དང་གདོང་གཏད་དེ་གཟས་ནས་ཡོང་བཞིན་པའི་རྗེས་འདེད་གཏོང་དགོས་པའི་གཟའ་སྐར་རིགས་ཀྱང་གང་ཡང་མེད་པར། ང་ཚོ་འཚོ་གནས་བྱེད་སའི་ས་ཡི་གོ་ལའི་ཉེ་འཁོར་དང་བཅས་མཁའ་དབྱིངས་ཉི་ཟླ་རྒྱུ་སྐར་གྱི་འཇིག་རྟེན་འདི་ནི་སྔར་བཞིན་བདེ་འཇགས་ཡིན་པར་འགྲེལ་བརྗོད་བྱས་ཡོད།
བཞི། མཱ་ཡ་བའི་ལུང་བསྟན་དང་ཁུངས་མེད་བཤད་ཡམས་ཀྱི་ཁེ་ཕན།
དེང་འཛམ་བུ་གླིང་འདི་དཔལ་འབྱོར་ཚོང་ལས་ཀྱི་དུས་རབས་གསར་པ་ཞིག་ཏུ་ཐོད་བརྒལ་གྱིས་སླེབས་ཏེ། དྲང་བདེན་དང་རྒྱབ་ཕྱོགས་པའི་མི་མང་པོ་ཞིག་གིས་བདེན་དོན་གྱིས་སྟོང་པའི་བཤད་ཡམས་མང་པོ་རྫུན་བཟོ་རྫུན་བསྒྲིགས་ཀྱིས་སྤྱི་ཚོགས་ཁྲོད་ཁྱབ་སྤེལ་བཏང་སྟེ། འཛམ་གླིང་གི་མི་མང་པོ་ཞིག་ལ་མགོ་སྐོར་ཐེབས་སུ་བཅུག་ནས་ཁེ་ཕན་གྱི་བཤུ་གཞོག་ལེན་ཅི་ཐུབ་བྱེད་ཀྱིན་ཡོད། དེ་བས་ན་ ༢༠༡༢ ལོ་ཞེས་པའི་གློག་བརྙན་དེ་དང་འབྲེལ་མཱ་ཡ་བའི་ལུང་བསྟན་སྐོར་སྔོགས་འདོན་གྱིས་ད་ལོ་འཇིག་རྟེན་འཇིག་རྒྱུ་ཡིན་ཚུལ་སྐོར་གྱི་གནས་ཚུལ་འཇིགས་སྣང་ཅན་དྲ་ངོས་སོགས་སུ་འུད་ཀྱིས་བཟོས་ཤིང་བསྒྲགས་པའི་བཤད་ཡམས་དག་ཀྱང་ཚོང་ལས་ཁེ་ཕན་ཞིག་གི་ཆེད་དུ་རེད་ཟེར་ཆོག
དཔེར་མཚོན་ཙམ་ཞིག་གླེང་ན། ཉིན་འགའི་སྔོན་ཏག་ཏག་འདིར་དྲ་ངོས་ཁག་མང་པོ་ཞིག་ཏུ་ཨ་རིའི་ནཱ་ས་(NASA)མཁའ་དབྱིངས་སྤྱི་ཁྱབ་དོ་དམ་ཁང་དང་འབྲེལ་བའི་གསར་འགྱུར་རྫུན་མ་ཞིག་གང་སར་བསྒྲགས་པ་དེ་ལྟ་བུ་རེད། གསར་འགྱུར་དེར་བརྗོད་དོན་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་འཇིག་རྟེན་འཇིག་རྒྱུ་མིན་ནའང༌། ཉིན་དེ་ནས་བསྟུད་མར་ཉིན་གསུམ་ལ་མཚན་མོར་འགྱུར་རྒྱུ་ཡིན་པ། དེ་ཡང་ཉི་མར་ཁ་ཕྱོགས་པའི་ཨ་རི་ལ་ཉིན་གསུམ་རིང་ས་མི་རུབ་པར་ཉིན་དཀར་ཆགས་ཏེ་ཉི་མའི་ཚ་དྲོད་ 4% ནས་50% ལ་སླེབས་ཏེ་ཚ་བས་གནོད་ཉེན་ཆེ་ཚུལ་དང༌། རྒྱ་ནག་སོགས་རྒྱལ་ཁབ་གཞན་མང་པོ་ཞིག་ལ་ཉིན་གསུམ་རིང་མཚན་མོར་གྱུར་ཏེ། དྲོད་ཚད་ཕལ་ཆེར་གོར་ཐིག་མན་གྱི་ 20% ནས་30% འགྱུར་ངེས་ཤིང༌། གྲང་ངར་ཧ་ཅང་ཆེ་ཚུལ་སོགས་བརྗོད་ཅིང༌། མཚན་མུན་གསུམ་གྱི་རིང་དེར་དགོས་ངེས་ཀྱི་ཟ་མ་དང༌གོན་པ། ཞག་སྒྲོན་སོགས་ཅ་དངོས་གང་དགོས་སྔ་ས་ནས་གྲ་སྒྲིག་ཨང་གསར་བྱེད་དགོས་ཚུལ་སྐོར་བོད་རྒྱ་ཡིག་རིགས་གཉིས་ཐོག་བདེན་དོན་ལྟར་དུ་བསྒྲགས་ཤིང༌། གསར་འགྱུར་དེ་གོ་ཐོས་བྱུང་ཞིང་བདེན་ཁ་དང་ཡིད་ཆེས་བྱེད་མཁན་ཚོས་འདི་ཟླའི་ཚེས་ ༢༡ ཉིན་མ་སླེབས་པའི་ད་ལྟ་ནས་བཟུང་འཇིགས་དངངས་དང་བཅས་སེམས་སུ་དེ་ལ་གྲ་སྒྲིག་དང༌། དགོས་མཁོའི་ཅ་དངོས་སོགས་འགྲོ་སོང་འབོར་ཆེན་བཏང་སྟེ་ཉོ་སྒྲུབ་ཀྱིས་གྲ་སྒྲིག་བྱེད་ཀྱིན་ཡོད་སྲིད་པ་རེད། ཁོ་ཚོར་ཁག་ཅི་ཡོད། ཆག་འཇིག་ལས་ཡོལ་རྒྱུ་དང་འཇིགས་སྐྲག་ལས་གྲོལ་འདོད་ཀྱི་འདུན་པ་འགྲོ་བ་མི་ཙམ་མ་ཟད་སེམས་ལྡན་གྱི་སྲོག་ཆགས་ཚང་མར་ཡོད་པ་ཞིག་རེད། ཡིན་ནའང་དངོས་ཡོད་ཀྱི་གནས་ཚུལ་མ་རྟོགས་པར་གཞན་རྗེས་འབྲང་ནས་བདེན་འཛིན་གྱིས་འུར་འདྲོགས་ལངས་རྒྱུ་ནི་སྔ་དྲགས་མི་རུང་བའི་གནས་ལུགས་དེ་ངེས་པར་དུ་ཤེས་དགོས་པ་ཞིག་རེད། ཡིན་ནའང་རིག་གནས་ཀྱི་གོ་རྟོགས་དམན་ཞིང་བསམ་བློའི་ཁྱབ་རྒྱ་ཆུང་བའི་ཞིང་གྲོང་གི་ངལ་རྩོལ་མང་ཚོགས་ཚོར་མཚོན་ན་བསྐང་རྒྱུ་ཅི་ཡོད། ཁོ་ཚོར་གནས་ཚུལ་འཚོལ་ཞིབ་བྱེད་པར་དེང་སྤྱོད་ཀྱི་དྲ་རྒྱའི་རིག་གནས་སོགས་དབེན་ཞིང་བསམ་བློའི་ཆུ་ཚད་ཞན་པས། གནས་ཚུལ་བདེན་རྫུན་གྱི་མཐའ་ཇི་ལྟར་གཅོད་ཐུབ། གནས་བབ་འདི་འདྲའི་འོག་ནས་རྒྱུ་རྔམ་ཧམ་སེམས་ཆེ་བའི་མི་དག་གིས་གོ་སྐབས་དེ་བཟུང་ནས་སྙིང་རྗེ་བའི་མི་རྣམས་ཀྱི་ལག་ནས་ཁེ་ཕན་གྱི་བཤུ་གཞོག་མང་པོ་ཞིག་ལེན་ཅི་ཐུབ་བྱེད་པ་ནི་ཇི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང༌།
གོང་གསལ་རྫུན་བསྒྲིགས་ཀྱི་གཏམ་འཆལ་ཁྱབ་བསྒྲགས་བྱས་པ་དེར་ཨ་རིའི་ནཱ་ས་(NASA)མཁའ་དབྱིངས་སྤྱི་ཁྱབ་དོ་དམ་ཁང་དུ། ནཱ་ས་(NASA)མཁའ་དབྱིངས་བརྟག་དཔྱད་ཁང་གིས་༢༠༡༢ ལོའི་ཟླ་ ༡༢ ཚེས་ ༢༣ ནས་༢༥ བར་འཇིག་རྟེན་འདི་མུན་པས་ཡོངས་སུ་བཏུམ་རྒྱུའི་སྔོན་དཔག་ཅིག་བྱས་ཡོད་དམ་ཞེས་གཞན་གྱིས་དྲི་བ་བཏོན་པར། ༼རྩ་བ་ཉིད་ནས་བྱས་མེད། ནཱ་ས་(NASA)དང་ཚན་རིག་གི་ཚོགས་སྡེ་གང་གིས་ཀྱང་དེ་འདྲའི་སྔོན་དཔག་ཅིག་བྱས་མེད། དོན་འདིའི་ཐད་གནས་ཚུལ་རྫུན་མ་སྤེལ་མཁན་ཚོས་གཟའ་སྐར་གུང་སྒྲིག་གམ། གཟའ་སྐར་རྣམས་གཞུང་ཐིག་གཅིག་ཏུ་འཁེལ་བ་ལ་བརྟེན་ནས་གོ་ལ་མུན་ནག་གིས་བཏུམ་རྒྱུ་ཡིན་པར་བརྗོད་པ་རེད། དེ་ལྟའི་གུང་སྒྲིག་ཅིག་གཏན་ནས་འབྱུང་གི་མེད། བཤད་ཡམས་འདིའི་རིགས་རེ་ཟུང་ཞིག་ཏུ་ནཱ་ས་(NASA)ཡི་འཛིན་སྐྱོང་འགན་འཛིན་ཆཱར་ལེ་སི་བྷོལ་ཌེན་གྱིས་ཛ་དྲག་གི་གནས་བབ་ལ་གྲ་སྒྲིག་དགོས་པའི་བསླབ་བྱ་ཞིག་ཡོད་པ་དེ་ཉིད་ལུང་འདྲེན་བྱས་འདུག འདི་ནི་མི་རྣམས་ལ་ཛ་དྲག་གི་གནས་ཚུལ་ཐོན་དུས་གྲ་སྒྲིག་བྱེད་དགོས་པར་སྐུལ་སློང་བྱས་པ་ཙམ་ཡིན་ལ། གཞུང་གི་ངོས་ནས་གནས་བབ་ཛ་དྲག་གི་སྐབས་སུ་མི་མང་ལ་གྲ་སྒྲིག་དགོས་པའི་བརྡ་ཁྱབ་སྤེལ་བའི་ལས་གཞི་ཞིག་གི་ཆེད་དུ་པར་བླངས་པ་ཞིག་རེད། མ་ཟད་བརྙན་བསྡུས་དེར་མུན་ནག་ཀུན་ཁྱབ་ལྟ་བུ་ཞིག་ཟུར་ཙམ་ཡང་བཤད་མེད་༽ཅེས་ལན་འདེབས་བྱས་ཡོད་པ་འདི་ལས་མི་རྣམས་ལ་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༢ ཚེས་༢༣ ནས་༢༥ བར་ཉིན་གོ་ལ་མུན་ནག་གིས་བཏུམ་རྒྱུ་ཡིན་པར་བསྒྲགས་པའི་གཏམ་ཡན་དེའི་རྗེས་སུ་འབྲང་མི་རུང་བའི་གནས་ལུགས་བདེན་པར་བསྟན་ཡོད།
ལྔ། མཱ་ཡ་བའི་ལུང་བསྟན་བཤད་ཡམས་དང་མི་རྣམས་ཀྱི་འུར་འདྲོགས་འཇིགས་དངངས།
བཤད་ཡམས་དེ་དག་ལས་འཕྲོས་ཏེ་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་གྱི་དགོང་མོའི་དུས་ཚོད་ ༡༢ སྟེང་འཇིག་རྟེན་འཇིག་རྒྱུ་ཡིན་པའི་གཏམ་ཡན་ལྷག་མ་ཞིག་བརྗོད་དེ་མི་མང་པོ་ཞིག་འཇིགས་སྐྲག་གི་གནས་སུ་བསྐྱལ་ཡོད་པ་དང༌། བོད་ཡུལ་དུའང་ཉིན་དེར་འཇིག་རྟེན་འཇིག་རྒྱུ་ཡིན་མིན་གང་ལྟར་ཉིན་དེའི་དགོང་མོར་ས་ཡོམ་རྒྱག་རྒྱུ་ཡིན་ཚུལ་གྱི་སྐད་ཆ་ཞིག་ཀུན་ལ་ཁྱབ་སྟེ་རིག་གནས་ཀྱི་ཆུ་ཚད་ཞན་པའི་ཞིང་འབྲོག་ངལ་རྩོལ་མང་ཚོགས་རྣམས་དངངས་སྐྲག་དང་བཅས་འུར་ཞིང་དཀྲོགས་ཏེ། སྡེ་ཁག་སོ་སོ་དང་རང་ཁྱིམ་སོ་སོ་ན་རྐྱེན་ངན་བར་ཆད་བཟློག་ཆེད་རྒྱུ་དངུལ་གྱི་འགྲོ་གྲོན་བཏང་སྟེ་གྱ་བ་རིམ་གྲོ་བསྒྲུབ་པ་དང༌། དགོང་མོ་དེར་བདེ་འཇགས་ལ་དམིགས་ཏེ་ཁང་ཁྱིམ་དྲོན་མོ་ལས་ཉལ་སྡོད་མ་ཕོད་པར། ཕྱི་ལོག་ཏུ་དགུན་འཁྱག་གྲང་ངར་ཁྲོད་རི་ཐང་ནས་ཉལ་བ། སྦྲ་གུར་ཕུབ་ནས་འདུག་པ། ས་ཕྱོགས་གཞན་ན་ཡོད་པའི་ཚོང་པ་དང་ནད་པ་དག་ཀྱང་འཇིགས་སྐྲག་གིས་བློ་སེམས་མ་བདེ་བར་རང་རང་གི་ཕ་ཡུལ་ཕྱོགས་སུ་ལོག་འགྲོ་བ་སོགས་ཀྱི་གནས་ཚུལ་མངོན་སུམ་དུ་བྱུང་ཡོད་པ་ནི་༢༠༡༢ ལོ་ཞེས་པའི་རྟོག་བཟོའི་གློག་བརྙན་དེ་དང༌། མཱ་ཡ་བས་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༢ པར་འཇིག་རྟེན་འཇིག་རྒྱུ་ཡིན་ཚུལ་གྱི་གླེང་ཕྱོགས་ལས་འཕྲོས་པའི་བཤད་ཡམས་དག་གིས་མི་རྣམས་ལ་བཞག་པའི་ལུས་སེམས་ཀྱི་དཀའ་ངལ་ལྷག་མ་དེ་ཡིན་འདུག་པས། ནམ་ཞིག་འཛམ་གླིང་གི་མི་ཚང་མ་ཤེས་རིག་གིས་ཕྱུགས་ཚད་དང་བསམ་བློའི་གོ་རྟོགས་འདྲ་མཉམ་ཞིག་ཏུ་སླེབས་ཐུབ་རྒྱུ་ཡོད་ན་ཅི་མ་རུང་། བཤད་ཡམས་སྣ་ཚོགས་ཀྱིས་བསླངས་པའི་གནས་ཚུལ་འདི་འདྲ་ཞིག་ཏུ་སླེབས་ནའང་སྤྱི་མང་གི་བདག་འགན་འཁུར་བའི་གཞུང་གི་མཐོ་རིམ་མི་སྣ་དང་ཆེད་ལས་མཁས་པ། ཤེས་ཡོན་པའི་སྡེ་བཅས་ཀྱིས་གནས་ཚུལ་དངོས་བདེན་ལ་དབྱེ་ཞིབ་ཙམ་ཡང་མི་བྱེད་པར། རང་རང་གི་ས་ན་སོ་སོའི་ལྟོ་གོས་གཉེར་ནས་ཁ་རོག་གེར་འདུག་པ་ནི་མང་གཙོའི་ལམ་ནས་འགྲོ་བ་མིའི་རིགས་ལ་ཞི་བདེ་ཡོང་བར་བརྩོན་ལེན་བྱེད་ཀྱིན་ཡོད་པར་དུས་རྒྱུན་བསྒྲགས་པ་ནི་ཁ་བཤད་ཙམ་ཞིག་ཅི་ལ་མིན།
ཅི་སྟེ་ད་ནི་འདི་ཟླའི་ཚེས་ ༡༢ ཉིན་འཇིག་རྟེན་འཇིག་རྒྱུ་ཡིན་ཚུལ་དང་ས་ཡོམ་ཡོང་བའི་བཤད་ཡམས་དེའི་རྫུན་རྐུབ་བརྡོལ་ཏེ་ཡོངས་སུ་མཇུག་སྒྲིལ་ཞིང་མི་རྣམས་ཀྱང་ལྷོད་འཇགས་ཀྱི་བདེ་བའི་དབྱིངས་སུ་གནས་ཡོད་ནའང༌། མཱ་ཡ་བས་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༢ ཚེས་ ༢༡ ཉིན་ལ་འཇིག་རྟེན་འཇིག་རྒྱུ་ཡིན་པར་བཤད་ཡོད་པ་དེའི་ད་དུང་མི་མང་པོ་ཞིག་གི་སེམས་ལྷོད་ལ་འབབ་མ་ཐུབ་པར། མ་འོངས་པའི་ཉིན་དེར་མུན་ནག་གི་ཞིང་ཁམས་ཤིག་ཡོང་དོགས་ཀྱིས་གྲ་སྒྲིག་གི་འགྲོ་གྲོན་གཏོང་བཞིན་ཡོད་པ་དང༌། གོ་ལ་རིལ་བོ་འདི་དྲག་ཏུ་གཡོ་འགུལ་བྱེད་ན་ཐང་བསམ་པའི་རྟོག་འཆར་གྱི་ཀློང་ན་འཇིགས་ཤིང་དངངས་སྐྲག་ལངས་ཀི་ཡོད་སྲིད་པ་ཞིག་རེད། ཡང་མི་མང་པོ་ཞིག་གིས་ ༢༠༡༢ ལོའི་ ༡༢ ་ཚེས་ ༡༢ ་ཉིན་ལ་བསམ་བློ་བཏང་སྟེ། གཞན་གྱིས་གང་བཤད་ཅི་བཤད་ལ་བློ་འཁོར་མི་རུང་བའི་ཡིད་ཆེས་གསར་པ་ཞིག་རྙེད་དེ་སེམས་ལྷོད་ལ་བབས་ནས་རང་རང་གི་འཚོ་ཚིས་གཙོ་བོར་གཉེར་ཏེ་སྔར་བཞིན་གནས་ཡོད་ཀྱང་སྲིད།
གང་ལྟར་བཤད་ཡམས་དེ་དག་གི་རྐྱེན་པས་འཛམ་གླིང་གི་མི་མང་པོ་ཞིག་དཀྲོགས་ཤིང་འཇིགས་སྐྲག་གི་དཀའ་སྡུག་ཅིག་སྦྱིན་ཡོད་པ་དོན་དངོས་རེད། དེ་ལ་གཞིགས་ཏེ་ཨ་རིའི་ནཱ་ས་(NASA)མཁའ་དབྱིངས་སྤྱི་ཁྱབ་དོ་དམ་ཁང་གིས། ཕྱི་ལོ་ ༢༠༡༢ ལོའི་ ༡༢ ཚེས་ ༢༡ ཉིན་གྱི་རྗེས་ནས་གོ་ལ་མུན་ནག་གི་ཞིང་ཁམས་ཤིག་ཏུ་འགྱུར་རྒྱུ་ཡིན་ཚུལ་ཨ་རིའི་ནཱ་ས་(NASA)དང་ཚན་རིག་གི་ཚོགས་སྡེ་སུས་ཀྱང་སྔོན་དཔག་གིས་བསྒྲགས་མེད་ཚུལ་གསལ་བོར་བརྗོད་ཡོད་པ་དང༌། ཕྱི་ལོ་ ༢༠༡༢ ལོར་འཇིག་རྟེན་འཇིག་པའི་རྐྱེན་ངན་དེ་འདྲ་ཞིག་འབྱུང་བའི་རྟགས་མཚན་ཡང་རྒྱལ་སྤྱིའི་ཚན་རིག་པ་སུས་ཀྱང་མཐོང་མེད་ཚུལ་སོགས་བརྗོད་ཡོད་ལ། ཉེ་ལམ་བསྐྱར་དུ་ཨ་རིའི་མཁའ་དབྱིངས་དོ་དམ་ལས་ཁུངས་ཀྱི་ཚན་རིག་པ་D.Mཡིས་གསུངས་དོན། བདག་གིས་འདས་པའི་མི་ལོ་གཉིས་ཙམ་གྱི་རིང་ལ་ཕྱི་ལོ་ ༢༠༡༢ ལོའི་ཆག་འཇིག་སྐོར་གྱི་དྲི་བ་སྟོང་ཕྲག་མང་པོ་ལ་ཚོགས་ཆེན་སྟེང་ནས་ལན་འདེབས་བྱས་ཟིན། དེ་རིང་ཡང་གསལ་པོར་བཤད་རྒྱུར། འདི་ན་གློ་བུར་བའི་ཆག་འཇིག་གང་ཡང་མེད་དོ། མི་མང་པོ་ཞིག་གིས་དུས་ཀྱི་མཐའ་འམ་བསྐལ་བ་འཇིག་པ་ཞེས་པའི་གློག་བརྙན་དང་དྲ་ཚིགས་སོགས་འདྲ་མིན་སྣ་ཚོགས་བཟོས་པ་འདི་དག་ནི་ཚོང་ལས་འབའ་ཞིག་གི་ཆེད་རེད། འདི་རྣམས་བདེན་པར་སུ་ཡིས་འཛིན། སྤྱིར་སྟོང་དབྱིངས་ཀྱི་འཁོར་སྐར་སྐམ་པོ་དང་ཚད་མེད་པའི་རྔུབ་ལ་སོགས་པས་གོ་ལ་གས་གཏོར་གཏོང་སྲིད་མོད། འདི་འདྲའི་འཇིག་པ་འབྱུང་བའི་སྔ་ལྟས་གང་ཡང་མ་མཐོང༌། འདི་ལོའི་ཟླ་ ༡༢ ཚེས་ ༢༡ ལ་ཉི་མ་དང་གོ་ལ་གཉིས་ཐིག་གཅིག་སྟེང་ལ་ཐད་ཀར་བསྒྲིག་ནས་འོང་ཡང༌། འདི་ཡང་གནད་དོན་གསར་པ་དང་འཇིག་པ་གང་ཡང་མ་རེད། དབྱིན་སྐད་ལ་(winter solstice) བོད་སྐད་ལ་དགུན་ཉི་ལྡོག་ཟེར། ཡང་མི་ལོ་སྟོང་ཕྲག་ཉིས་བརྒྱ་ཡས་མས་ནས་གོ་ལའི་བྱང་སྣེ་དང་ལྷོ་སྣེའི་གློག་གི་འཐེན་ཤུགས་བརྗེ་ལེན་བྱེད་སྲིད་པ་ཡིན་ནའང༌། དེ་འདྲ་ཡང་མྱུར་དུ་འབྱུང་བའི་རྟགས་མཚན་གང་ཡང་མ་མཐོང༌། གལ་ཏེ་འཐེན་ཤུགས་བརྗེ་བོ་བརྒྱབ་ནའང་ང་ཚོ་ལ་འཇིག་པ་ཡོད་པའི་བདེན་དཔང་གང་ཡང་མེད་དོ།། མི་མང་པོ་འཇིགས་སྐྲག་སྐྱེ་བ་དང༌། ལས་ཀ་དོར་བ། རང་སྲོག་གཅོད་འདོད་སོགས་ཐོས་ཚེ་ང་རང་སེམས་པ་གཏིང་ནས་སྐྱོ་སོང༌། ཡང་བསྐྱར་ཞུ་དོན། ༢༠༡༢ ལོའི་ཟླ་བ་ ༡༢ འདིར་འཇིག་པ་གང་ཡང་ཡོད་པ་མ་རེད། མི་རྣམས་ཀྱིས་ཚོང་དོན་དུ་སྨྲས་པའི་རྫུན་གཏམ་ལ་ཡིད་ཆེས་མ་བྱེད། མི་རིང་བར་ ༢༠༡༣ ལོའི་གནམ་ལོ་གསར་དུ་བཞད་ངེས། ཞེས་ཀུན་ལ་བསྒྲགས་ཡོད་པར་བཤད་འདུག།
རང་གི་ལྷ་དང་བླ་མའི་བཀའ་དང་ལུང་བསྟན་མ་གཏོགས་གཞན་ལ་ཡིད་ཆེས་མི་བྱེད་པའི་མི་རྣམས་ཀྱིས་བདེན་པར་ཁས་མི་ལེན་ན་ཐང་མོད༌། འུ་ཅག་འགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་དང་འབྲེལ་བའི་གནས་ཚུལ་འདི་ལྟ་བུའི་རིགས་ནི་དངོས་ཡོད་གནས་ལུགས་དང་དཔྱད་སྟོབས་ཀྱི་ལམ་ནས་ལག་ལེན་འཚོལ་ཞིབ་བགྱིས་པའི་ཚན་རྩལ་རིག་གནས་ལ་བརྟེན་ཅིང༌། བློ་གཏད་དགོས་པ་ཞིག་རེད་སྙམ། འདི་ནི་ཁོ་བོས་རང་རང་གི་སྐྱབས་དང་མགོན་དུ་བཟུང་བའི་ལྷ་དང་བླ་མར་དམའ་འབེབས་དང་འཕྱ་སྨོད་ཀྱི་ཚུལ་དུ་ལོག་ལྟའི་སྐད་ཆ་བཤད་པ་གཏན་ནས་མིན། མགོན་དང་སྐྱབས་དུ་འཛིན་ཚུལ་ལའང་གཞི་གྲུབ་ཀྱི་ཡུལ་དངོས་ལ་དམིགས་ཏེ་སྟོབས་ནུས་དང་ཐེག་ཚད་ཀྱི་ཚད་བཀག་ཅིག་ཡོད་དགོས་པར་སྙམ་མོ།།
མཐའ་སྡོམ་གྱི་སྐད་ཆ་ཞིག་ལ་ས་ཡི་གོ་ལའམ་འཇིག་རྟེན་འདི་ཐོག་མར་ཆགས་གྲུབ་ནས་བཟུང་གོ་ལ་རང་སྟེང་གི་རང་བྱུང་ཁམས་ཀྱི་འགྱུར་ལྡོག་སྟེ། ས་ཡོམ་བྱུང་བ། མེ་རུ་འཕྱུར་བ། ཆུ་ལོག་རྒྱུག་པ། རླུང་འཚུབ་ལྡང་བ་སོགས་ཀྱི་ཆག་འཇིག་ནི་ད་ལྟའི་བར་རབ་དང་རིམ་པར་བྱུང་དང་འབྱུང་བཞིན་པ་ཞིག་ཡིན་པས། དེ་ནི་ཕྱི་ལོ་༢༠༡༢་ལོར་འཇིག་རྟེན་འཇིག་པའི་སྔ་ལྟས་སོགས་གང་ཡིན་མིན་པ་འདི་ཡང་ཀུན་གྱིས་ཤེས་དགོས་ཤིང་། ལྷག་པར་ང་ཚོས་འཚོ་གནས་ཀྱི་རང་བྱུང་ཁམས་འདི་ལ་སྔོགས་རལ་དང་འབོག་བཙོག་སོགས་ཀྱི་བརྡབ་གསིག་གནོད་འཚེ་མི་གཏོང་བར་རང་བྱུང་གི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་རང་རང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ་དང་གཅིག་མཚུངས་ཡིན་ནོ།།
རྩོམ་ཡིག་འདི་ནི་ཁོ་བོས་ཉིན་འགའི་སྔོན་ནས་འབྲི་འགོ་བརྩམས་ནའང་ཉིན་དཀར་ལས་དོན་གྱི་བྲེལ་བས་འབྲི་བར་ཞུགས་མ་ཐུབ་པས། མཚན་དགོང་ཕྱི་རོལ་དུ་བསྐྱོད་ནས་ཁམས་ཡངས་རེ་བྱས་ཏེ་ཕྱིར་རང་ཁྱིམ་དུ་ཡོང་ནས་གཉིད་མ་ལོག་སྔོན་གྱི་དུས་ཚོད་ཡུན་ཐུང་ཙམ་རེ་སྤྱད་ནས་བྲིས་པ་དང་། དེ་རིང་གཟའ་ཉི་མའི་ཉིན་གྱི་སྔ་དྲོའི་སྐབས་ངལ་གསོའི་དུས་ཡུན་སྤྱོད་ནས་ཡོངས་སུ་མཇུག་རྗོགས་པར་བྱས་ཏེ་སྤེལ་བ་ཡིན། དེ་འདྲའི་དགོས་མཁོ་ཅན་དང་ཚད་ཐུབ་ཀྱི་རྩོམ་ཡིག་ཅིག་མིན་ནའང་འདིས་ཀྱང་རེ་ཟུང་ལ་བློ་སྐྱེད་ལྟ་བུའི་རམ་འདེགས་རེ་བྱེད་ཐུབ་ན་ཐང་ངོ་།།
་་་་་ སྣེ་གཞན་ཞིག་ནས་གླེང་ན་གློག་བརྙན་དེ་འདྲ་ཞིག་བཟོ་གྲུབ་བྱུང་བའི་གཏད་སོ་ནི་ཚན་རིག་པ་ཞིག་གིས་གནམ་སྐར་བརྟག་དོན་གྲུབ་འབྲས་ལ་གཞི་བཅོལ་ནས་བཟོས་པ་ཞིག་ཡིན་ཚུལ་མི་མང་པོ་ཞིག་གིས་གླེང་ཞིང་འུར་ཡོད་ནའང་། གནམ་རིག་སྐར་དཔྱད་ཀྱི་ཚན་རིག་པ་མང་པོ་ཞིག་གིས་གློག་བརྙན་དེ་ནི་བདེན་ལུགས་ཀྱི་ཁུངས་མེད་རྟོག་བཟོ་བྱས་པ་ཞིག་ཡིན་པར་རང་རང་གི་གནམ་སྐར་བརྟག་དོན་མྱོང་གྲུབ་ཀྱི་སྒྲུབ་བྱེད་བཙན་པོས་ས་ལ་བརྡབས་ཏེ་ཐལ་བར་བརླགས་ཡོད། ་་་་ཟེར།
་་་་་ ཨི་ཊ་ལིས་མཁས་དབང་ཏུའུ་ཆིས་ཀྱིས། སངས་རྒྱས་པའི་བཤད་ཚུལ་བདེན་ཤས་ཆེ། འཛམ་གླིང་གི་ཚན་རིག་པ་ཚང་མས་རང་རང་གི་གཞུང་ལུགས་ཀྱི་ལྟ་བ་དེ་མུ་མཐུད་བསྐྱུར་དགོས་འདུག མཐའ་མཇུག་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གཞུང་ལུགས་ཁོ་ན་འཇིག་རྟེན་གྱི་བདེན་དོན་ཉག་གཅིག་ཡིན་པར་ངེས་ཟིན་པའི་དུས་ཤིག་འོང༌། ཞེས་གསུངས་ཡོད། ་་་་ཟེར།
རྩོམ་ཡིག་འབྲི་བ་པོས་སྤྲོ་བ་ཆེན་པོས་རྩོམ་ཡིག་ལེགས་པར་བྲིས་པར་མངོན་པར་བསྟོད་འོས་སུ་ཆེ། དུས་ཀྱིས་མ་ལྡངས་་བཞིན་དུ་ཡི་གེ་རིང་པོ་འབྲི་བ་ལས་འཐུང་བ་མང་དུ་འགོད་ན། ཀློག་པ་པོས་ཀྱང་ཀློག་ཐུབ། དེ་མིན་རྩོམ་རིང་རིགས་འདི་འདྲ་སྔ་དགོངས་དག་ཏུ་དུས་ཐུང་སྐབས་སུ་ཀློག་པ་ལ་སུ་ལ་ཡིན་ན་ཡང་དུས་ཀྱི་མ་ལྡངས་པའི་དཀའ་ངལ་མེད་དམ་སྙམ་མོ།།
འདི་ལྟ་བུའི་དཔྱད་བརྗོད་སྤེལ་བ་གལ་ཆེ། སྤྱི་ཟླ་༡༢་བའི་ཚེས་༢༡་དེ་དགུན་ཉི་བཟློག་ཉིན་ཐུང་ཤོས་དེ་གྱུར་ཡོད་པ་ཡོད་པ་རེད། སྐར་རྩིས་ལུགས་དང་མཁའ་དབྱིངས་བརྟག་དཔྱད་ཚོགས་པས་རང་བྱུང་གོད་ཆག་གི་འཇིག་པ་སྔ་ལྟས་ཀྱི་གནས་ཚུལ་སྤེལ་བ་དག་ལ་མཐའ་གཅིག་ཏུ་ཡིད་ཆེས་བཏུང་སྣོད་བཟེད་དཀའ་ཞིང་ལྷ་དང་བླ་མས་ལུང་བསྟན་སྤེལ་བ་དེ་དག་མཐའ་གཅིག་ཏུ་མི་བདེན་པ་ཡང་ག་ལ་སྲིད་དེ། རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཡིན་པའི་ཕྱིར། ད་སྔ་ཕན་ཆད་ལ་ཚན་རིག་པས་རང་བྱུང་གོད་ཆག་འབྱུང་བའི་གནས་ཚུལ་སྤེལ་བ་ར་འཕྲོད་པ་གཅིག་ཀྱང་བྱུང་མེད།
་་་་ རང་གི་ལྷ་དང་བླ་མའི་བཀའ་དང་ལུང་བསྟན་མ་གཏོགས་གཞན་ལ་ཡིད་ཆེས་མི་བྱེད་པའི་མི་རྣམས་ཀྱིས་བདེན་པར་ཁས་མི་ལེན་ན་ཐང་མོད༌། འུ་ཅག་འགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་དང་འབྲེལ་བའི་གནས་ཚུལ་འདི་ལྟ་བུའི་རིགས་ནི་དངོས་ཡོད་གནས་ལུགས་དང་དཔྱད་སྟོབས་ཀྱི་ལམ་ནས་ལག་ལེན་འཚོལ་ཞིབ་བགྱིས་པའི་ཚན་རྩལ་རིག་གནས་ལ་བརྟེན་ཅིང༌། བློ་གཏད་དགོས་པ་ཞིག་རེད་སྙམ། ་་་ཟེར།
དེ་རིང་ནས་ཉི་མ་བཞི་ལྔའི་ནང་ལ་བདེན་མཐའ་གསལ་བར་ངེས། བོད་དོན་ཡང་ལོ་བཞི་ལྔའི་ནང་ལ་བདེན་མཐའ་གསལ་བའི་སྨོན་འདུན་དང་བཅས་བྲིས། ཨ་ལ་ལ་ཧོ། །
འདི་ནི་གཡོ་ཁྲམ་ཅན་གྱི་ཚོང་བ་དང་སྲིད་པ་ཚོས་བསྒྲགས་པའི་འཆལ་གཏམ་ཞིག་ཡིན་པ་མ་ཤེས་པ་བློ་ཕམ་ཆེ།
ངོ་མ་རྩོམ་ཡིག་དཔྱད་བརྗོད་ཡག་མོ་ཞིག་བྲིས་འདུག། ངོས་ནས་ཀྱང་དེ་ལྟར་བསམ་མྱོང་བས་ཁྱོད་ཀྱི་ཡོད་ཀྱི་དེ་ལྟར་བྲིས་པས་། ངོས་ལ་སྤོབས་བསམ་ལྷག་མ་ཞིག་སྦྱིན་སོང་།།
ཡིག་རྙོག་མང་དྲག་འདུག