༡ ཕྱི་ལོ་༢༠༡༢ལོའི་ཟླ་༡བོའི་ཚེས་པ་༦གི་ཉིན་སླར་ཡང་ཕ་ཡུལ་རྔ་བ་རྫོང་མཐའ་བ་གོང་མ་ནས་ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བསྟན་ཉི་དང་ཚུལ་ཁྲིམས་གཉིས་ཀྱིས་བོད་རང་དབང་འཐབ་རྩོད་དང་སྔར་བཞིན་རྒྱ་ནག་དམར་ཤོག་གི་སྲིད་བྱུས་ལ་ངོ་རྒོལ་དང་འགྲོ་བ་མིའི་རང་དབང་དང་ཁྱད་པར་བོད་དོན་བདེན་མཐའ་གསལ་ཆེད་དུ། རྔ་བ་རྫོང་གི་ཁྲོམ་དཀྱིལ་ནས་དུས་ཚོད་གསུམ་པའི་སྟེང་རང་ལུས་མེར་བསྲེགས་བཏང་འདུག བསྟན་ཉིའི་མ་སྔ་མོ་ནས་ཤི་སོང་བས་ད་ལྟ་ཁོང་ལ་ཁྱིམ་ཉེ་ཞང་བོ་གཉིས་མ་གཏོགས་མེད་ཟེར། ལོ་༢༡གྲྭ་བ། ཞང་བོ་གཅིག་གི་མིང་ལ་སྟོང་གསལ་དང་ཅིག་ཤོས་ཀྱི་མིང་ལ་གྲགས་ལོ་ཟེར། ད་དུང་ཤ་ཉེ་ཞིག་ཀྱང་འདུག་ཟེར། མིང་ལ་བློ་ཆོས་དང་། མེར་བསྲེགས་གཏོང་མཁན་གྱི་དཔའ་བོ་ཁོང་ནི་ད་ལོར་ལོ་༢༡རེད། ཚུལ་ཁྲིམས་ཀྱི་ཕའི་མིང་ལ་བསྟེན་ཁོ་ཟེར་བ་ལས་ཁོང་གི་ལོ་རྒྱུས་གསལ་བོ་ཤེས་རྟོགས་མ་བྱུང་། གང་ལྟར་ཁོང་གཉིས་པོ་མེར་བསྲེགས་བཏང་ནས་འདས་གྲོངས་སུ་གྱུར་འདུག ཡིན་ན་ཡང་རྒྱ་ནག་གིས་ཁོང་གཉིས་ཀྱི་སྐུ་གདུང་ཕྱིར་ཁྱིམ་མིར་བསྐྲད་མེད་ལ་ལྟ་སྔར་བས་དྲག་གནོན་ཚབས་ཆེ་རུ་གཏོང་གིན་འདུག
༢ གཞན་པད་མ་དར་ལག་རྫོང་ཨ་སྐྱོང་ཚོ་བའི་གདུང་སྐྱོབ་དགོན་པའི་དགུང་ལོ་༤༢ལ་སོན་པའི་སྤྲུལ་བསོ་པས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཡང་འདུག ས་གནས་འབྲེལ་ཡོད་ཀྱི་མི་སྣ་ཞིག་གིས་དོན་དངོས་དང་འབྲེལ་བའི་སྐད་ཆ་ལྟར་ན། ཁོང་གིས་༢༠༡༢ལོའི་ཟླ་༡བོའི་ཚེས་༧ཀྱི་ནུབ་མོ་དུས་ཚོད་༨པ་ཡས་མས་ནས་བོད་ལ་རང་དབང་མེད་ཚུལ་དང་བོད་ལ་རང་དབང་དགོས་ཚུལ་སོགས་བཀོད་པའི་བསྒྲགས་ཡིག་གང་སར་བཀྲམ་ཞིང་སྲིད་གཞུང་དང་ཁྲོམ་སྲང་གི་གྱང་ལྡེབས་ངོས། དེ་མིན་ཉེན་རྟོག་ཁང་གི་སྒོ་འགྲམ་སོགས་སུ་སྦྱར་འདུག
བསྒྲགས་ཡིག་གི་ནང་དོན་གཤམ་གསལ། བོད་ལ་རང་དབང་དང་བདེ་སྐྱིད་ཆེད་དུ་དང་། དེ་བཞིན་དུ་སྤྱི་ལོ་༢༠༠༩ ནས་བཟུང་རང་ལུས་མེར་བསྲེགས་བཏང་མཁན་གྱི་བོད་མིར་དྲན་གསོ་ཞུ་བའི་ཆེད་དུ་རང་སྲོག་བློས་གཏོང་བྱས་པ་ལས་སྒེར་གྱི་ཁེ་ཕན་གྱི་ཆེད་དུ་མིན་པ་དང༌། དམིགས་བསལ་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་དུ་ཡིན་པས། བོད་མི་ཚོས་མ་འོངས་པའི་མདུན་ལམ་ལ་ཡིད་ཆེས་མ་བརླག་པ་བྱ་དགོས། བོད་ལ་བདེ་སྐྱིད་ཀྱི་ཉིན་མོ་ཞིག་ཤར་ངེས་རེད་ཅེས་བྲིས་ཡོད་པ་དང༌། ཡང་ཡི་གེ་འགའ་ཤས་ནང་བོད་མི་ཚོ་རྒྱ་མི་ལྟོ་བཟའ་རྒྱུ་མེད། རྒྱ་མིའི་དངོས་ཟོག་ཉོ་རྒྱུ་མེད། བོད་མི་རང་ཉིད་ཀྱི་དཔལ་འབྱོར་ལ་རོགས་སྐྱོར་དགོས་ཞེས་དང་། བོད་མི་ནང་ཁུལ་མཐུན་སྒྲིལ་བྱེད་དགོས་པ་ལས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐེན་འཁྱེར་བྱ་རྒྱུ་མེད་པའི་སྐོར་བྲིས་གནང་ཡོད་པ་རེད།
དེ་ལྟར་དེ་རིང་སྟེ་ཕྱི་ལོ་༢༠༡༢ལོའི་ཟླ་༡བོའི་ཚེས་༨ཀྱི་ཞོགས་པ་དུས་ཚོད་༥དང་སྐར་མ་༢༨ཐོག་ཁྲོམ་དཀྱིལ་ནས་རང་ལུས་ལ་སྣུམ་བྱུགས་ཏེ་སྐུ་ལུས་མེར་བསྲེགས་བྱས་འདུག དེ་ནས་འདས་གྲོངས་སུ་གྱུར་བའི་ཁོང་གི་སྐུ་གདུང་རྫོང་ཉེན་རྟོག་རུ་ཁག་གིས་བཙན་འཕྲོག་བྱས་ཀྱང་ཡུལ་དེའི་དགོན་པའི་གྲྭ་བ་གཙོས་མང་ཚོགས་སོགས་མ་བགྲོས་རང་མཐུན་གྱིས་མང་དུ་འཛོམས་པས་བསང་དང་རླུང་རྟས་བར་སྣང་བཀང་ཞིང་སྐད་འབོད་ངོ་རྒོལ་མུ་མཐུད་བྱས་པས་ཐལ་བར་གྱུར་བའི་སྤྲུལ་སྐུའི་སྐུ་གདུང་ཕྱིར་ལོན་ཐུབ་འདུག ཡིན་ན་ཡང་ད་ལྟ་རྫོང་དེར་དྲག་ཆས་དམག་མི་མང་བོ་འབྱོར་བ་དང་འཇིགས་རྔམ་གྱིས་ས་དེའི་མང་ཚོགས་ཀྱི་སྤོབས་པ་གཞོམ་གྱིན་འདུག སྤྲུལ་བསོ་པའི་ཁྱིམ་ན་དྲིས་དྲིས་ཞུ་བའི་སྤུན་ཞིག་ཡོད་པའི་གནས་ཚུལ་ཙམ་ལས་གཞན་པའི་གསལ་བོ་ཞིག་གོ་མི་འདུག
༼གོང་གསལ་ནི་ དྲ་ལམ་ནས་འདིར་འབྱོར་བ་ཞིག་ཡིན་པ་དང་། གནས་ཚུལ་ཁ་གསལ་ཤོས་ཤིག་ཏུ་འདུག་སྟབས་འདིར་དྲངས་པ་ཡིན།༽
མེ་རྟག་ཕྲ་མོ་ལུས་ལ་ཕོག་ཀྱང་བཟོད་མེད་ཚོར་བའི་ན་གཟུགས་ཤིག།
དུས་གསུམ་ཁ་ཟས་དུས་ཐོག་མ་རག་བཟོད་མེད་ཕོ་བའི་ངར་སྐད་ཅིག།
སེམས་ཞུམ་དམན་པའི་ལྟ་བ་དེ་ལས་རང་ལུས་གཅེས་པའི་དཔང་རྟགས་ཤིག།
འོན་ཀྱང་རླབས་ཆེན་ཁྱེད་ཀྱི་སྟོབས་ནི་བདག་གི་བསམ་པའི་ཡུལ་ལས་འདས།།
སྔོན་དུས་སུམ་གཉིས་མངའ་དབང་བསྒྱུར་དུས་ཡ་མེད་དཔའ་རྒོད་བརྗོད་མི་དགོས།།
ལྷ་སྒྲུང་གེ་སར་བློན་པོར་ཡ་མེད་དཔའ་བའི་སྙིང་སྟོབས་ཚད་མེད་གདའ།།
བར་སྐབས་སིལ་བུའི་དུས་སུ་རིགས་མཐུན་གཅེས་སྲོག་འཕྲོག་པའི་ལག་དམར་མང་།།
འོན་ཀྱང་དེང་དུས་རླབས་ཆེན་སྙིང་སྟོབས་མེ་ལྕེས་གསལ་སྟོན་བྱེད་བཞིན་འདུག།
སེམས་ཀྱི་དཀའ་སྡུག་སེམས་ཀྱི་སེམས་ནས་སེམས་ནུས་ཡོད་དགུ་བྱིན་ཟར་བཏབ།།
ལུས་ཀྱི་དཀའ་སྡུག་ཇི་ལྟར་ཆེ་ཡང་བྱིན་ཟའི་ཚོགས་ལ་ཕངས་མེད་བཏབ།།
སེམས་ལུས་ལྟ་བ་མཐུན་པའི་ཡོད་ཚད་བདེ་སྐྱིད་ཆོལ་གསུམ་ཆེད་དུ་ཕུལ།།
ཁྱེད་ཀྱི་སྙིང་སྟོབས་ནམ་ཡང་མི་བརྗེད་བདག་གི་ཡིད་ཀྱི་དྲན་གདུང་ཉིད།།
འདི་ལྟར་རང་རེའི་རིགས་ལ་ཤ་ཚ་ནས།།
གནས་ཚུལ་ཁྱབ་བསྒྲགས་གནང་བ་ཕྲན་མོས་ཀྱང།།
ཡིག་ཚོགས་འདི་དག་གསེབ་ཀྱི་ཡིག་ནོར་གྱིས།།
གནད་དོན་མོད་པོའི་གོ་བ་རྙེད་པར་དཀའ།།
ཁྱེད་ཚོས་བདེན་དོན་འགྲུབ་པ་སྨོན། ཁྱེད་ཚོས་རེ་འདུན་འགྲུབ་པ་སྨོན། དཔའ་རྒོད་ཁྱེད་ཅག་འདི་བཤེགས་པ་བོད་མི་རྣམས་ཀྱི་ད་ལྟ་སྤྱོད་བཞིན་པའི་ལམ་བུ་དེ་འདང་གི་མེད་པ་བསྒྱུར་འདོད་པ་འོས་ཡིན། སྔ་ཕྱི་ཙམ་མ་གཏོགས་ཐུགས་རེ་འགྲུབ་ངེས་རེད།