སྤྱི་ལོ་༢༠༡༢ལོའི་ཟླ་༡༢ ཚེས་༡༨ ནས་སྤྱི་ལོ་༢༠༡༢ ལོའི་༡་པོའི་ཚེས་༡༨ བར་ཟླ་གཅིག་རིང་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཚོག་བཞིན་ཡོད་པ་དང་། དེར་དགེ་འདུན་པ་༤༠༠༠ མ་ཟིན་ཙམ་ཕེབས་ཡོད་པ་རེད། དེ་ཡང་ཚེས་༡༨ ཉིན་འཇང་དགུན་ཆོས་ཆེན་མོའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག དགའ་ལྡན་བླ་སྤྱིའི་འདུ་ཁང་ནང་དུ་སྔོན་འགྲོའི་མཛད་སྒོ་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་དགའ་ལྡན་ཤར་བྱང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་གཙོས་བླ་སྤྲུལ་དགེ་བཤེས་དང་། འཇང་དགུན་ཆོས་ཚོགས་ཀྱི་ལས་ཀྱི་སྣེ་མོ་བ་དང་རིགས་པ་སྨྲ་བའི་གདན་ས་ཁག་གི་གྲྭ་བཙུན་སློབ་གཉེར་བ། བྱེས་ཀྱི་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་དྲུག་དང་། གཞན་ཡང་རྭ་སྟོད་གྲྭ་ཚང་དང་། བཀྲིས་ལྷུན་པོ། རྣམ་རྒྱལ་གྲྭ་ཚང་། རྒྱུད་སྟོད་གྲྭ་ཚང་། རྫོང་དཀར་ཆོས་སྡེ། མཚན་ཉིད་གྲྭ་ཚང་སོགས་ཕྱོགས་མཐའ་ཁག་ནས་ཆེད་དུ་འཇང་དགུན་ཆོས་ཐོག་ཆེན་མོར་ཕེབས་མཁན་ཡོངས་འདུ་འཛོམས་གནང་ཡོད་པ་རེད། ཚོགས་ཐོག་ཏུ་དགའ་ལྡན་ཤར་བྱང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་དང་དགེ་སྐོས་རྣམ་པ་བཅས་ཀྱིས་རིམ་པས་དུས་ཡུན་ཟླ་གཅིག་རིང་སློབ་གཉེར་བྱེད་ཕྱོགས་དང་། ལྷག་པར་དུ་ཚད་མ་རྣམས་འགྲེལ་གྱིས་མཚོན་ཚད་མའི་གཞུང་ཆེན་ཁག་གི་མཚན་ཉིད་རིགས་པའི་དོན་ལ་བརྡར་ཤ་བཅད་དེ་སྒྲོ་འདོགས་གཅོད་དགོས་སྐོར་དང་། གཞན་ཡང་གྲྭ་ཚང་སོ་སོར་གང་ཡོད་པའི་ཁྲིམས་དང་སྒྲིག་གཞིར་བརྩི་སྲུང་ལག་ལེན་དོན་འཁྱོལ་བྱ་དགོས་སྐོར་སོགས་ཀྱི་བླངས་དོར་གསུང་བཤད་གནང་ཡོད་པ་རེད།
ཕྱི་ཚེས་༡༩ ནས་བཟུང་དམ་བཅའ་དང་རྩོད་སྒྲུབ་གཅས་དངོས་སུ་དབུ་འཛུགས་གནང་ནས་ཉིན་ལྟར་ཞོགས་པའི་ཆུ་ཚོད་༩ དགུ་པ་ནས་༡༡ བར་ལ་རྩོད་གྲྭ་དང་། ཕྱི་དྲོ་ཆུ་ཚོད་༦ དྲུག་པ་ནས་༧ ་༣༠ བདུན་དང་ཕྱེད་ཀའི་བར་ལ་དམ་བཅའ་འཚོག་གི་ཡོད་པ་རེད། དེ་ནས་དགོང་མོ་ཆུ་ཚོད་༡༡ བར་དུ་གྲྭ་ཚང་སོ་སོའི་ཆོས་རའི་ནང་དུ་གྲྭ་ཚང་སོ་སོའི་ཁོངས་གཏོགས་ཀྱི་མཚན་ཉིད་པ་རྣམས་ཀྱིས་རྩོད་སྒྲུབ་རིགས་ལམ་གྱིས་གཞུང་དོན་ལེགས་ཚོལ་དང་། དཀའ་གནད་ཞིབ་དཔྱོད་ཀྱི་ལས་ལ་འཇུག་རྒྱུ་ཡིན་འདུག འཚོག་བཞིན་པའི་དགེ་ལྡན་འཇང་དགུན་ཆོས་ཆེན་མོར་ཕེབས་མཁན་དགེ་འདུན་པའི་ཞལ་གྲངས་༤༠༠༠ མ་ཟིན་ཙམ་ཡོད་པ་དང་དེ་དག་གིས་ཟླ་གཅིག་གི་རིང་ཚད་མའི་གཞུང་ལུགས་ཆེན་མོར་སློབ་གཉེར་བྱ་རྒྱུ་ཡིན་པ་རེད།།
གནས་ཚུལ་མཁོ་འདོན་པ་སེར་ཤུལ་རིན་ཆེན་དོན་གྲུབ།
རྗེ་གུང་ཐང་བསྟན་པའི་སྒྲོན་མེས
ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ།
སྒོམ་པ་རྣམ་དག་བྱིང་རྨུགས་མུན་པ་སངས།
སྤྱོད་པ་རྣམ་དག་རྒྱ་བའི་བཀའ་བཞིན་སྒྲུབ།
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།
མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས།
ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན།
ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང།
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།
ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་དང།
རྟོགས་པའི་བསྟན་བསླབ་གསུམ་ཉམས་ལེན་ཏེ།
མཁས་ཤིང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང།
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།
སྐྱེ་བུ་གསུམ་གྱི་ལམ་གྱི་སྲུང་མའི་གཙོ།
མྱུར་མཛད་མགོན་དང་རྣམ་སྲས་ལས་གཤིན་ཚོགས
བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས།
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།
༼༢༠༡༢ལོའི་ཟླ་༡༢ ཚེས་༡༨ ནས་སྤྱི་ལོ་༢༠༡༢ ལོའི་༡་པོའི་ཚེས་༡༨ བར་ཟླ་གཅིག་རིང་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོ་༽
འདི་ལ་གཟིགས་ནས་དཔྱོད་དང་ཅི་ཟིག་བཤད་མིན་ཆ་མ་རྟོགས་ནས་མགོ་བོ་རྨོངས་ནས་བསྡད་ཡོད། གདན་ས་ཆེན་མོར་ཡོན་ཏན་དང་ལས་ཀ་ཚགས་ཚུད་པོ་ཡོད་དྲོ་བསམ་ཡིན་ནའང་འདིས་གང་བྲིས་མིན་མགོ་ཐོམ་དུ་བཅུག་བྱུང།
ཐོས་བསམ་སྒོམ་གསུམ་ནི་སངས་རྒྱས་ཀྱི་ས་ལ་སྙེག་པའི་རྒྱུ་གཙོ་བོ་ཞིག་ལགས། དེའི་ནང་ནས་རི་བོ་དགེ་ལྡན་པ་རྣམས་ནི་སློབ་གཉེར་གྱི་ལུགས་སྲོལ་ལེགས་ཤོས་སུར་སྣང་བས་ཡི་རངས་ཚད་མེད་དང་། རྩོད་གྲྭའི་སྟེང་ལ། རི་བོ་དགེ་ལྡན་པར་སྒོམ་གྲྭའི་སྲོལ་ལུགས་ཡག་པོ་ཞིག་ཡོད་ན། ཤིན་དུ་ནས་ལེགས་པས། རྗེས་མ་དགེ་ལྡན་པ་རྣམས་ལ་ལོ་གསུམ་ཟླ་གསུམ་ལྟ་བུ་སྒོམ་པ་འགྲིམས་པའི་སྲོལ་ཞིག་ཡོད་ན་ས་སྟེང་འདིར་རྒྱལ་བསྟན་སྐྱོང་བའི་ཤིན་དུ་ནས་མཉམ་མེད་ཀྱི་སྲོལ་ཞིག་ཡོང་རྒྱུ་ལགས།
ཡག་པོ་རེད།
སྒོམ་རྒྱག་གིན་ཡོད་་ཟེར་ནས་མིག་བཙུམ་ཏེ་་་་ཁང་སྟོང་ནང་འདུག་པ་ཡིན་ནམ་་་་་་
༢༠༡༢ ལོའི་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོར་བོན་རྙིང་བཀའ་སའི་དཔེ་ཆ་བ་ཕེབས་ཐུབ་ཡོད་དམ། །
“དེ་ཡང་ཚེས་༡༨ ཉིན་འཇང་དགུན་ཆོས་ཆེན་མོའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག”
འཇང་དགུན་ཆོས་ཆེན་མོའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ཟེར་བ་དེ་གང་རེད།
འཇང་དགུན་ཆོས་ཟེར་བ་ཀ་བ་དང་བུམ་པ། བྱས་མི་རྟག་སོགས་འབུམ་གཅིག་གཉིས་ཙམ་གསོག་རྒྱུ་ལས་གཞན་གང་ཡང་བྱེད་རྒྱུ་མེད། གྲངས་དེ་འདྲ་བསགས་པའི་འབྲས་བུར་སོ་སོའི་རྒྱུད་ལ་འཕྲག་དོག་དང་འགྲན་སེམས་འཕེལ་རྒྱུ་ལས་ཅི་ཡང་མེད། རྒྱ་ཆེ་ས་ནས་བཤད་ན་དགོན་སྡེ་སོ་སོའི་བར་འཕྲག་དོག་དང་འགྲན་སེམས་ང་རྒྱལ་སོགས་འཕེལ་བ་སོགས་མདོར་ན་མི་རིགས་ནང་ཁུལ་གཅིག་བསྒྲིལ་མེད་པར་བྱེད་རྒྱུ་དང་། བོད་སྤྱི་པའི་དོན་དུ་ལས་འགུལ་སྤེལ་ཏེ་དཀའ་ངལ་སེལ་ཐབས་མ་བྱེད་པར་ཡིན་པ་ཐལ་མ་ཡིན་པ་ཐལ་ཟེར་ནས་དུས་ཚོད་བསྐྱལ་རྒྱུ་རང་རེད། འཇང་དགུན་ཆོས་ཕེབས་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ལོ་རྒྱུས་ད་བར་བྱུང་མྱོང་མེད་ཅིང་། ཉུང་མཐར་སོ་སོའི་རྒྱུད་ཉོན་མོངས་ཉུང་དུ་ཕྱིན་པའང་མཐོད་རྒྱུ་མེད།
རྗེ་ཙོང་ཁ་བ་དགུང་ལོ་བཅུ་དྲུག་ཐོག་མདོ་སྨད་ཡུལ་ནས་དབུས་གཙང་ཆོས་ཀྱི་ལྗོངས་སུ་སློབ་གཉེར་ལ་ཕེབས་ཁར། ཆོས་རྗེ་དོན་འགྲུབ་རིན་ཆེན་གྱིས། ཞལ་གདམས་གནང་བ།
ཚད་མ་སྡེ་བདུན་འཛམ་གླིང་ན།།སངས་རྒྱས་བསྟན་པ་གསལ་བྱེད་པ།།
ཞེས་པ་སོགས་ལྟར་བྱམས་ཆོས་དང་དབུ་ཕར། ཚད་མ་སྦྱོང་དགོས་པའི་བསྐུལ་མ་གནང་ཡོད་པ་རེད། ཚད་མའི་གཞུང་ལ་དམིགས་བསལ་གྱིས་སྦྱང་བརྩོན་མཛད་པ་ཞིག་ཏུ་ཡིན་པར་ངེས། རྟོགས་བརྗོད་ལས།
བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ།།སྦྱངས་དང་མ་སྦྱངས་དུ་མས་མགྲིན་གཅིག་ཏུ།།མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ།།བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར།།འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ།།དངོས་སུ་འདི་རྩོམ་འདི་ནི་མ་འོངས་དུས།།འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས།།གསུང་གི་སྣང་བ་བསྩལ་བའང་ཚད་མར་བཞེད།།ཞེས་པ་ལྟར་རྗེ་ཙོང་ཁ་བས་ཚད་མའི་ལམ་བསྒྲིགས་ཞེས་པ་མཛད་པ་རེད། གསུང་འབུམ་པོད་བཅོ་བརྒྱད་ནང་ལ་མདོ་ཕྱོགས་པོད་ལྔ་དང་དེའི་ནང་ནས་འདུལ་བ་དང་ཚད་མ། མཛོད་ཀྱི་སྐོར་སོགས་ཐོར་བུ་རེ་མ་གཏོགས་མང་ཤོས་དབུ་ཕར་སྐོར་རེད། དེ་མིན་སྔགས་ཕྱོགས་རྒྱུད་སྡེ་བཞི་དང་དེའི་ནང་ནས་ཀྱང་གསང་སྔགས་བླ་མེད་ཀྱི་སྐོར་མང་པོ་མཛད་ཡོད་པ་རེད། ཚད་མའི་འཆད་ཉན་གྱི་བཀའ་བབས་གཙོ་བོ་རྒྱལ་ཚབ་རིན་པོ་ཆེ་དང་མཁས་གྲུབ་ནས་རྒྱ་ཆེར་དར་བར་མངོན།
རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་པོ་འཚོགས་བཞིན་པ་དེ་གཏམ་བཟང་རེད། སྔ་འགྱུར་རྙིང་མའི་གཏེར་སྟོན་ཚད་ལྡན་ཞིག་གི་ལུང་བསྟན་ལ། རི་བོ་དགེ་ལྡན་པའི་བསྟན་པ་འདི་དར་ཞིང་རྒྱས་ན་བོད་ཀྱི་ཆོས་སྲིད་གཉིས་ཀ་བརྟན་པོ་ཡོང་བ་དང་། རི་བོ་དགེ་ལྡན་པ་འདི་བརྟན་པོ་མ་ཡོང་ན་བོད་ཀྱི་ཆོས་སྲིད་གཉིས་ཆར་ལ་ཡང་ཡག་པོ་མི་ཡོང་ཞེས་གསུངས་ཡོད་སྐད་འདུག དེར་བརྟེན་གསང་སྔགས་སྔ་འགྱུར་གྱི་བསྟན་འཛིན་མང་པོས་ཀྱང་ཞི་རྒྱས་དབང་དྲག་གི་ལས་སྦྱོར་སོགས་རིམ་གྲོ་མང་པོ་མཛད་པས་དགའ་ལྡན་ཕོ་བྲང་པའི་ཇུས་ཀྱི་རྩ་བ་ཚུགས། རྣམ་རྒྱལ་གྲྭ་ཚང་དང་དགའ་གདོང་གྲྭ་ཚང་སོགས་ཀྱང་གཞུང་ས་ནས་ཆེད་འཛུགས་གནང་བ་ད་ལྟ་བར་དུ་གནས་པ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པས་ཀྱང་གསང་སྔགས་སྔ་འགྱུར་གྱི་གྲྭ་ཚང་ཞིག་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁོངས་སུ་ཆེད་འཛུགས་གནང་བ་ད་ལྟ་ཡང་དར་ཞིང་རྒྱས་པར་གནས་བཞིན་པ་འདི་ལགས། དགེ་ལྡན་པའི་ལུགས་བཟང་འདི་ནི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝས། ལྟ་བ་ནམ་མཁའ་བས་ཀྱང་མཐོ་དགོས། སྤྱོད་པ་བག་ཕྱེ་ལས་ཀྱང་ཞིབ་དགོས། ཞེས་གསུངས་པའི་དོན་བཞིན་དུ་བསྟན་རྒྱས་སྨོན་ལམ་ལས། ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ།།ནང་དུ་རིམ་གཉིས་རྣལ་འབྱོར་གདེངས་དང་ལྡན།།ཞེས་གསུངས་པ་བཞིན་ལགས། གསང་སྔགས་རྙིང་མ་བ་དང་རི་བོ་དགེ་ལྡན་པ་གཉིས་ཀྱི་ལྟ་གྲུབ་ཀྱི་ཁུངས་ཀྱང་ཡིག་ཆ་གཅིག་ལ་ཐུག་ཡོད།་དེ་ནི་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་ཡིན། མཉམ་མེད་ཙོང་ཁ་པ་ཆེན་པོའི་ལམ་རིམ་ལྷག་མཐོང་ཆེན་མོའི་ནང་དུ་སྒོམ་རིམ་གྱི་ལུང་དྲངས་པ་ཙམ་ཞིག་མདོ་རྒྱུད་བསྟན་བཅོས་གཞན་གང་ནས་ཀྱང་དྲངས་མེད། རྙིང་མའི་ཀུན་མཁྱེན་འཇུ་མི་ཕམ་པས་ཀྱང་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་སོགས་སུ་ལྷག་མཐོང་གཏན་ལ་འབེབས་པའི་དུས་སུ་སྒོམ་རིམ་ལས་བསྟན་པ་དེ་གཙོ་བོར་འཛིན་ཞིང་། ཧ་ཤང་གི་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་དང་སྒོམ་ཐབས་ལ་དགག་པ་ཡང་དགོངས་པ་གཅིག་དང་དབྱངས་གཅིག་ཡིན།
ཀུན་མཁྱེན་ཀློང་ཆེན་པས།
དེ་དུས་བསོད་ནམས་དམན་པ་མ་གཏོགས་དོན་ལ་དེ་ལྟར་གནས་སོ།
ཧ་ཤང་ལ་དགག་པ་མ་བྱས་པར་མ་ཟད་ཧ་ཤང་གི་ལྟ་བ་དང་རྫོགས་ཆེན་ལྟ་བ་གཉིས་དོན་ལ་དེ་ལྟར་གནས་སོ་བཤད།
དགེ་རྙིང་གཉིས་ཀྱི་ལྟ་བ་ལ་ཁྱད་པར་ཡོད་དེ། སྡེ་མ་སྟོང་དཔོན་གྱིས་རྫོགས་ཆེན་གྱི་ལྟ་བ་དང་ཀློང་ཆེན་པ་ལ་ཚུལ་གསུམ་གྱི་སྒོ་ནས་དགག་ཡོད་འདུག། དེ་བཞིན་དགེ་ལྡན་པའི་དབུ་མའི་ལྟ་ཁྲིད་ཁག་ཏུ་རྫོགས་ཆེན་གྱི་ལྟ་བ་དགག་པ་བསམ་གྱིས་མི་ཁྱབ་པར་ཡོད། རྙིང་མས་དེ་རིགས་ལ་ལུང་རིགས་ཀྱིས་དགག་པ་ཅང་མ་མཐོང། རྙིང་མ་བ་རྣམས་ལ་ལུང་རིགས་རྣོ་ངར་ཡོད་ན་དེ་ཚོར་བདར་དགོས།
དགག་བཞག་རྩོད་སྤོངས་བྱེད་པ་ནི་མི་འོས་པ་ཞིག་གཏན་ནས་མ་རེད། རྗེ་ཙོང་ཁ་བས་ཀྱང་འཁོར་གསུམ་དང་ཚ་ལས་སོགས་རིགས་ལམ་གྱིས་ཁ་བརྡུང་མང་པོ་བཞེས་མྱོངས་པ་གཏན་འཁེལ་རེད།
བོད་ལྗོངས་ཕུང་ལ་སྦྱར་མཁན་གཙོ་བོ་ཡིན་པ་ཐལ་མ་ཡིན་པ་ཐལ་ཟེར་བ་དེ་རེད། དེ་རེགས་ངེས་པར་དུ་སྤོང་དགོས། དེ་སྤོད་བ་དེ་བོད་རང་དབང་ཐོབ་པའི་ཐབས་ལམ་བཟང་ཤོས་ཡིན„„
དག་ཆ་མེད་པ་དང་རྩ་མི་དྭངས་པའི་མི།
ལྷམ
དྲ་བར་འཇུག་པ་དང་དྲ་བར་ཟིན་བྲིས་སྤེལ་བ་ནི། སྔོན་མའི་ལུགས་སྲོལ་ལྟར་ན་འཆད་པ་དང་རྩོམ་པ་དང་རྩོད་པ་གང་རུང་གི་གྲས་སུ་ཐེ་བར་གྱ་མི་ཚོམ།
སྔོན་མའི་དུས་སུ་གཞུང་འཆད་པ་ལ་ཐོས་པ་དང་བསམ་པ་སྒོམ་པ་སྔོན་དུ་འགྲོ་དགོས་ཤིང་། རྩོམ་པ་ལ་འཇུག་ཚེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་སྦྱངས་པ་ཡོད་དགོས་པའི་ཁར། ལྷན་སྐྱེས་ཀྱི་ཤེས་རབ་ལ་དབལ་ཚ་ཞིང་། སྦྱངས་སྟོབས་ཀྱི་ཡོན་ཏན་ལ་མཇིང་བ་སྦོམ་དགོས་འདུག རྩོད་པ་ལ་ཡང་ལུང་དང་རིགས་པའི་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་སྐྱ་བར་ནས་བཏོན་པའི་ཚིག་འབྲུ་རེ་རེར་རྒོལ་བ་གང་ཞིག་གི་རྒྱུད་ཀྱི་ལོག་རྟོག་ལྡོག་པའི་དཔུང་བ་གནམ་གྱི་ཤེད་མོང་དང་མཚུངས་དགོས་པར་བཤད། ཡིན་རུང་འདི་དག་ནི་ཡ་མཐའི་ཆ་རྐྱེན་དུ་ངེས་པས་ངེད་ཅག་སྙིགས་པ་ལྔ་འཇོལ་ཉོག་ཏུ་སྤྱོད་པ་དག་ལ་དེ་ལྟའི་ཆོས་ཀུན་ཡོད་པ་མ་ཡིན་མོད། མ་མཐའི་ཆ་རྐྱེན་ནས་ཚང་དགོས་པ་ཡང་། རིག་གཞུང་ལ་ཐོས་པ་དང་བལྟ་བ། སྤྱི་ཚོགས་ལ་མྱོང་བ་དང་ཁོར་ཡུག་ལ་རྒྱུས་མངའ་ཡོད་པ་ཞིག་གིས་འཆད་པ་དང་། བརྡ་སྤྲོད་ཀྱི་སྔོན་འགྲོ་དང་ཐུན་མོང་རིག་གནས་ཀྱི་རྒྱུན་ཤེས་ཡོད་པ། རྩོམ་རིག་སྒྱུ་རྩལ་ལ་རྣམ་དཔྱོད་ཀྱི་མདུད་རྒྱ་གྲོལ་བ་ཞིག་གིས་རྩོམ་པ། ང་རྒྱལ་དང་ཁྱེད་ཕམ་གྱི་ཀུན་སློང་རིས་སུ་ཆད་པའི་བྲན་དུ་མ་ཤོར་བ་དང་། རིག་པ་ལྟར་སྣང་དང་ཡང་དག་གང་ཡིན་རུང་ཨུ་ཚུགས་དང་དུངས་ཞེན་གཉིས་ཀྱི་གཡའ་བྲལ་ཞིང་། ལྷག་པའི་བསམ་པ་དང་ལྡན་པ་ཞིག་གིས་རྩོད་ན་ནི་ཅི་གང་ཡང་ཉེས་པའི་ཕྱོགས་སུ་མ་ལྷུང་བར་ཚོད་མི་ཐེག་ཀྱང་། གང་ལྟར་སྐལ་བ་ལྡན་པའི་དུས་རབས་ཤིག་གི་ཤེས་ལྡན་པར་མངོན་དུ་ཕྱོགས་པ་ཞིག་ཏུ་བརྩི་རུང་ཡང་།
དེང་གི་དུས་སུ་རྣམ་དབྱེ་དྲུག་པ་དང་གསུམ་པའི་ཁྱད་པར་ལ་མིག་མ་ཕྱེས་ཤིང་། སྒོ་ངའི་སྦུབས་སུ་རང་ཉིད་རྒྱལ་འདོད་ཀྱི་ཧམ་པ་རྔམ་པོ་ཆེ་རི་ལས་མཐོ་བ། ཚེག་ཁྱིམ་དང་ཚིག་རྐང་གི་མིང་གི་དབྱེ་བར་ཉ་དང་ཉུང་མ་བསྲེས་པ་བཞིན་བློ་སྦུག་ཏུ་ཚུད་ཀྱང་། རྩོམ་པ་པོ་ཡིན་ཞེས་ལག་པའི་ཁུ་ཚུར་མཐོངས་སུ་རྭ་ཅོ་ལྟར་གཟེངས་པ། སུམ་རྟགས་དང་སྙན་ངག་གི་ཐུན་མོང་མ་ཡིན་པའི་བརྡ་ཆད་དང་དེའི་རྒྱབ་ངོས་ཀྱི་མཛེས་པའི་ཐད་ལ་ལོང་བས་གླང་ཆེན་ལ་རེག་པ་བཞིན་གར་ཡིན་དང་འདིར་ཡིན་མེད་རུང་། ང་ནི་རྟོག་གེ་བའོ།། ང་ནི་བསམ་བློ་བའོ་ཞེས་ཆོ་ངེ་ཡིས་ས་འདར་གྲབས་བྱེད་པའི་ཚུལ་ལ་ནི། སློབ་དཔོན་ཐོན་མི་བས་ཀྱང་ཡིག་ནོར་སེལ་དཀའ་བ་དང་། ས་སྐྱ་པཎ་ཆེན་ཡིན་རུང་རིག་པས་རྒོལ་མི་རུང་བ། རྗེ་བློ་བཟང་གྲགས་པ་ཡིན་རུང་སྤྱོད་པས་འདུལ་མི་ནུས་པའི་དཔུང་ཚོགས་ཤིག་མཆིས་པ་ནི། གང་ན་ཡོད་པ་སྟེ། དྲ་ངོས་སུ་ཅི་འདོད་ཀྱིས་རྒྱུགས་པའི་བྱིས་པའི་དཔུང་ཚོགས་ཤིག་གོ འདི་དག་ལ་བཅོམ་ལྡན་འདས་རང་ཡང་འཚོ་ཞིང་གཞེས་པ་ཡིན་པའི་དབང་དུ་བྱས་ཀྱང་། ལུང་མི་སྟོན་པར་ཞལ་ནག་རོག་གེར་བཞུགས་པ་ལས་ཐབས་ཀྱིས་སྟོངས་པས་ན། སུ་ཞིག་གིས་འདི་དག་གི་དོན་བྱེད་པར་འགྱུར་ཏ་རེ།
འོ་ན་ཇི་སྐད་དུ། སེམས་ནི་རྣམ་པར་གཡེངས་པའི་མི།། ཉོན་མོངས་མཆེ་བའི་ཕྲག་ན་གནས།། གསུངས་པ་ལྟར་དེང་གི་གཞོན་སྐྱེས་མང་པོ་ཞིག་ནི་རྣམ་གཡེངས་དང་འདུ་འཛིའི་ཁོལ་བོར་གྱུར་ཅིང་། དཔལ་འབྱོར་དང་འདོད་སྲེད་ཀྱིས་ཁྱི་ལྟར་རྦོད་ཀྱིན་ཡོད་པས། དང་པོ་ཐོས་པ་རྣལ་མ་བྱེད་པའི་བསྐལ་བ་མ་ལྡན། བར་དུ་གཞུང་ལུགས་གདམས་པར་ཤར་བའི་ཉམས་སྨད་པ། མཐར་བསམ་བློ་དང་རྟོགས་པའི་འབྲས་བུ་སྤུན་པ་འཕྱར་བ་བཞིན་དུ་གྱུར་བས་ན། དེ་ལ་བསྐང་རྒྱུ་ཅི་ཡང་མེད་མོད། འོན་ཀྱང་དུས་སྐབས་འདི་འདྲ་བ་ཞིག་ལ། ཕྱི་ནང་གི་རྐྱེན་མང་པོ་ཞིག་རི་འཛིངས་པ་ལྟར་མཐོ་ལ་རྔམས་པ། སྲ་ཞིང་མཁྲེགས་པའི་ངང་དུ་འོང་བཞིན་པའི་སྐབས་སུ། ཚྭ་ཡ་བལ་གྱིས་མི་འོང་ཡང་། སྤོབས་པའི་ཉམས་མཐོ་བར་བྱས་ཤིང་། ག་དུས་ཡིན་རུང་། ནང་དུ་ལེ་འདེད་བྱས་པའི་མི་ཕན་པས། ཀུན་གྱིས་ཉ་མོ་མི་ཟིན་རུང་། མཚོ་མཐའ་བསྐོར་དགོས་པའི་བརྡ་དོན་སྙིང་གི་ཟོམ་ལ་ཉར་བར་བྱས་ཏེ། བརྡ་སྤྲོད་སུམ་རྟགས་ཀྱི་སྐོར་ནས། སྙན་ངག་ལོ་རྒྱུས་ཀྱི་བར་དུ། ཟློས་གར་སྨན་རྩིས་ནས་བཟུང་གཞུང་ཆེན་མདོ་སྔགས་ཀྱི་བར། རྒྱལ་སྤྱི་རྒྱ་ནང་སོགས་ཕྱིའི་སྔོན་ཐོན་རིག་གནས་ནས་ལག་བཟོའི་ཆེད་ལས་ཀྱི་བར་དུ་རང་ཉིད་གང་ལ་མོས་པའི་རིགས་གཅིག་རྐང་འཛིན་རེ་བྱ་ཨེ་ཐུབ་པར་འབད་རྒྱུའི་ཆོད་སེམས་བརྟན་པོ་ཞིག་ཡོད་ན་ནི། མཐར་འབྲས་བུ་གང་མཚམས་ཤིག་ལག་ཏུ་ཐོབ་པར་གྱ་མི་ཚོམ་མོད། གཟེ་རེ་ཅན་ལ་གནོད་པ་མང་བའི་དཔེ་ལྟར་ག་བྱེད་དང་འདི་བྱེད་ལ་སྙིང་ཆུང་བ་དག་གིས་ཞབས་མཆན་རེ་བཏགས་ཏེ། ནང་འཛིངས་ཁོ་ནར་རོལ་རྒྱུའི་སྟ་གོན་ལ་རྩོམ་པ་འདིས། རྭ་ཕོ་གཉིས་ཀྱིས་གདོང་གཏུགས་ན། མགོ་ཁྲག་ཨ་ཅེ་ཝ་མོས་བལྡགས་ཟེར་བའི་དཔེ་ལྟར། སུ་ཞིག་ལ་གོ་སྐབས་བསྟེར་རྒྱུ་ནི་ཉི་མ་གསལ་གསལ་ཡིན་པར་འདོད་ན། ཨ་ཆུ་ཟེར་བ་དང་ཨུ་ཧུ་ཟེར་བས་ཀྱང་མི་མཚོན་པས་སྡུག་བསྔལ་ཞིག་འཁོར་འོང་ངོ་།
འདི་ལྟར་ཐོག་མར་བསམ་པ་སེམས་བསྐྱེད་ཀྱི་མགོ་ཚུགས་ས་ནས་འུར་ལ་འགྲོགས་ཤིང་། བར་དུ་ཐོས་བརྩོན་ལྷུར་ལེན་གྱི་སྦྱོར་བ་ཉུང་ཙམ་པ་དེ་ཡང་དོན་ལ་མི་རྟོན་པར་ཚིག་འཁྲི་ལ་ཤོར་བ། མཇུག་གི་བསྔོ་བ་ཡང་ཁེ་གྲགས་ཙམ་དང་ས་ཁོག་ཁ་རུབ་ཀྱི་རང་གཤིས་གདོད་ནས་གྲུབ་པ་གང་ཞིག་ལ། མེ་ལ་སྣུམ་བླུགས་པ་ལྟར་གྱུར་བ་ནི་ཨ་ཙ་མ་སྙམ་པའི་ཟུག་ངུ་འདི་ནི། རང་དང་བཅས་པའི་དྲ་འབུ་ཤོབ་དང་འུད། རང་བསྟོད་དང་རང་ཚུགས་གཞི་ནས་ཤོར་བ་དག་ལ་རྫས་མ་ཚང་བ་མེད་པའི་སྒོ་ནས་དབུལ་བར་བྱ་བ་དང་།
ད་དུང་མཇུག་ཏུ།
རྙེད་པ་དག་ནི་མང་འབྱུང་ཞིང་།།
གྲགས་དང་སྙན་པ་བྱུང་གྱུར་ཀྱང་།།
རྙེད་དང་གྲགས་པའི་ཚོགས་བཅས་ཏེ།།
གང་དུ་འདོང་བའི་གཏོལ་མེད་དོ།། ཞེས་ཀྱང་ཞུའོ།།
བརྒལ་བརྟགས་ཀྱི་སྒོ་ནས་གཞུང་དོན་ལུང་དང་རིགས་པས་གཏན་ལ་འབེབས་པ་ལ་དགོས་པ་ཡོད་དེ། ས་བཎ་གྱི་མཁས་འཇུག་ལས། ཚིག་དང་དོན་ཤིན་ཏུ་བརླིང་ཞིང་རྟོགས་དཀའ་བ་དང་མུ་སྟེགས་པ་དང་སངས་རྒྱས་པའི་རྣམ་བཞག་ཕན་ཚུན་འདྲེས་པ་ལྟ་བུ་དང་། སངས་རྒྱས་པ་ལ་ཡང་ཐེག་པ་ཆེ་ཆུང་དང་། ཐེག་པ་ཆུང་ངུ་ལ་ཡང་རྩ་བའི་སྡེ་བཞི་དང་དེ་ལས་གྱེས་པའི་བཅོ་བརྒྱད་ལ་ཡང་ལྟ་བ་དང་སྤྱོད་པ་མི་འདྲ་བའི་སྒོ་ནས་རྩོད་པའི་གཞི་མང་དུ་ཡོད་ལ། ཐེག་པ་ཆེན་པོ་ལ་ཡང་ཕ་རོལ་དུ་ཕྱིན་པ་དང་གསང་སྔགས་ཀྱི་ཁྱད་པར་དང་། ཕ་རོལ་དུ་ཕྱིན་པ་ལ་ཡང་སེམས་ཙམ་པ་དང་དབུ་མ་དང་། གསང་སྔགས་ལ་ཡང་རྒྱུད་སྡེ་བཞི་ལ་སོགས་པའི་སྒོ་ནས་གྲུབ་པའི་མཐའ་འགལ་བར་སྣང་བ་མང་དུ་ཡོད་པས། དེ་ལྟ་བུའི་གནས་སྐབས་སུ་བརྒལ་ལན་གྱིས་གཏན་ལ་མ་ཕབ་ན། ཆོས་ནོར་བ་དང་མ་ནོར་བ་མི་ཤེས་པས། ལུང་དང་རིགས་པའི་སྒོ་ནས་བརྒལ་ལན་གྱིས་གཏན་ལ་ཕབ་སྟེ་བསྙད་པར་བྱའོ།།
ཞེས་གསུངས་པ་ལྟར་གོ་བར་བྱའོ། །ས་རྩོད་ཆུ་རྩོད་ལྟ་བུར་གོ་ན་མི་རུང་ངོ་། །
ལ་དྭགས་ཀྱི་སྐད་དུ་ལེགས་བཤད་ལེགས།
གཞུང་དོན་གཏིང་ཟབ་རྟོགས་པར་ཐོས་པ་དང་བསམ་པས་བདར་ཤ་མ་དཔྱད་པར་གོ་ལོ་ཐོས་ལོ་ཙམ་གྱིས་ག་ནས་འགྲིག
ལྷག་པར་དུ་འཆད་རྩོད་ནི་ཧ་ཅང་གི་གལ་པོ་ཆེ་ཡིན། འཆད་རའི་ནང་དུ་རྒྱལ་བའི་བཀའ་དང་འཕགས་པའི་ལུང་གིས་བསྟན་དོན་ལ་དགག་བཞག་བྱེད་པ་མ་གཏོགས་ཁ་རྩོད་སྣ་རྩོད་དེ་འདྲ་མ་རེད་རྩོད་པ་མི་ཤེས་མཁན་བལྟ་དུས་དེ་འདྲ་ཞིག་མཐོང་སྲིད།
དེ་ཡང་ཇི་སྐད་དུ། རྩོད་པའི་རྒྱ་མཚོ་གཏིང་ཟབ་མ་བརྒལ་ན། འཆད་པ་རིན་ཆེན་གླིང་དུ་མི་ཕྱིན་པས། རྩོམས་པ་ནོར་བུའི་མཛོད་ལ་སྤྱོད་བྱ་ཅི། དེ་ཕྱིར་ཀུན་གྱིས་ཚུལ་འདིར་འཇུག་པར་རིགས། ཞེས་དང། རྩོད་པའི་ཤུགས་ཀྱིས་ལོག་རྟོག་བྲག་རི་འཇོམ།
ཞེས་ཀྱང་བཤད་ཡོད།
དངོས་གཅིག་ཡིད་ནི་ཐ་དད་ཕྱིར།།ཞེས་པ་ལྟར་དངོས་པོ་གཅིག་ལ་མི་གསུམ་གྱིས་བལྟས་བའི་ཚེ་ཡིད་ངོར་འཆར་ཚུལ་མི་འདྲ་བ་གསུམ་ཡོང་གི་ཡོད་པ་རེད། དེ་ཡང་ལས་བསགས་ཚུལ་མི་འདྲ་བའི་དབང་གིས་ཡོང་གི་ཡོད་པ་རེད། མངོན་བརྗོད་ཀྱི་བག་ཆགས་དང་བདག་ལྟའི་བག་ཆགས་དབང་གིས་སྣང་བ་ཙམ་ལས་ཕྱི་རོལ་དོན་དུ་མ་གྲུབ་ཅེས་སེམས་ཙམ་པས་བཤད་པ་ལྟར་དོན་ལ་གནས་སོ། །
ལེགས་བཤད་དྲིན་ཅན།
སྐུ་ཁམས་བཟང་། ལམ་རིམ་གསུང་ཆོས་སྐབས་ཀྱི་ལྷག་མཐོང་གི་ལྟ་བ་གཏན་ལ་བེབ་པ་དང་ལེགས་བཤད་གསེར་འཕྲེང་སྐབས་ཀྱི་ལྟ་བ་གཏན་ལ་བེབ་པ་གཉིས་ཀྱི་ཁྱད་པར་ག་རེ་ཡོད་དམ།
ཐུགས་རྗེ་ཆེ།
ད་ཡང་འཛོམ་ཞག་་་་་་་ དགེ་གཤེས་གཡག་རྒོད་དེ་མཚོ་ངར་རན་འདུག་ག་་་་
མགོ་སྐྲ་དཀར་རེད་ན་ཡང་འདུས་བྱས་མི་རྟག་པ་ཡིན་པ་ལ་མཐེ་འཚོམ་ཡོད་མཁན་ཤ་དག་རེད་
ཀ་བ་དག་དང་ བུམ་པ་དག་ སྒྲ་དག་དང་ མི་རྟག་པ་ཡིན་མིན་ལ་དོག་པ་ཟ་ནས་ཟླ་བ་ཅིག་དེ་རང་འགོར་འགྲོ་གི་ཡོད་གྷི་་་
འཚམ་རེ་ནང་པ་ཡིན་མིན་ཡང་དོག་པ་ཡོད་གི་་་་་་
འཁོར་འདས་ཀྱི་རྣམ་གྲངས་དེ་ཚོའང་ཤེས་དགོས་ངེས་ཤིག་རེད།
ཀུན་རྫོབ་ཀྱི་བོན་དེ་ཚོའང་ཤེས་དགོས་ངེས་རེད། ལོ་གསུམ་ཟླ་གསུམ་ཁང་ཆུང་ཞིག་ཏུ་འཛུལ་ནས་སེམས་པ་རྒྱལ་ཁམས་བསྐོར་ཏེ་བསྡད། དེ་རྗེས་ཕྱིར་ཐོན་ནས་མི་འགྲོ་དགུ་འགྲོ། མི་བྱེད་དགུ་བྱེད། མི་ལས་དགུ་ལས། དེ་འདྲ་མང་པོ་ཡོང་གི་འདུག་ག
དེ་ཚོས་ཀ་བ་བུམ་པའི་མཚན་ཉིད་ཙམ་ཀྱང་འཇོག་མི་ཤེས་དུས། འཁོར་འདས་ཀྱི་མཚན་ཉིད་ད་ཛ་ཧུཾ་བམ་ཧུཾ་ཡིན་འགྲོ།
ཡ་ཁོ་རེ་བན་དེ་བ་ ཁྱེད་ལོས་བདེན་དེ་དག་ཤེས་ལོས་གོས་ བྱང་གོས་ཀྱི་རེད་ད་་་ རྣམ་བཞག་དེ་ཤེས་ན་འགྲིག་ས་རེད་བ་
འོན་ཀྱང་་་་་ ༼ བུམ་པ་ ༽ ལྟོ་བ་འདིར་བ་ ཞབས་གཞུམ་པ་ ཆུ་སྐྱོར་བ་ དོན་བྱེད་ཀྱི་ཡོད་པ་ཤེས་ན་མི་འགྲིག་གམ་་་་་་་
བུམ་པ་དེ་ཀ་པ་ཡིན་མིན་གྱི་དོགས་པ་སླངས་ན་དེ་ལ་དོན་གང་ཡང་མི་འདུག་ག་་་
སངས་རྒྱས་ཀྱི་ཆོས་དེ་རྣམ་རྟོག་ཟད་པའི་ཕྱིར་དུ་གསུངས་པ་ལས་་་་་་ འཕེལ་པའི་དོན་དུ་མིན་རེ་ཆེ་་་་་་་་་
ཛཿཧུྃཿབྃཿཧོཿཡིན་ན་ད་ེ་ཡི་མཆོག་གི་་་་་ སངས་རྒྱས་ཀྱི་ཕྲིན་ལས་རྣམ་པ་བཞིའི་དོན་ལ་མངའ་དབང་འབྱོར་པའི་རྟགས་
ཨ་ལ་ལ་ཧོ་་་་་་བན་དེ་ལགས་ཐུགས་རྗེ་རེ་ཆེའོ་ མ་ཟད་ཕྱི་ནང་གི་ཆོས་ཐམས་ཅད་ལྷ་ཡི་རོལ་པ་ཆེན་པོའི་ངང་ནས་
སམ་ དཀྱིལ་འཁོར་གྱི་ལྷ་ཚོགས་དེ་དག་རང་ལ་མཐིམ་པར་བྱེད་པའི་དོན་ནོ་
ལོ་ངོ་སྟོང་གི་ཡར་སྔོན་དེ་ན་འཕགས་པའི་ཡུལ་གྱི་ལྷོ་ཕྱོགས་སུ།།
རྣམ་དཔྱོད་མཁའ་ལ་གློག་ལྟར་འཁྱུག་པའི་ཕྱོགས་གླང་ཆོས་ཀྱི་གྲགས་པ་ཡིས།།
ཚད་མའི་གནད་ལ་རྟོག་གེ་བ་ཡི་མ་རྟོགས་ལོག་རྟོག་ཐེ་ཚོམས་སོགས།།
རིགས་ལམ་སྟོང་གིས་ཚིགས་དོན་བརྒྱད་ཀྱིས་ཚར་བཅད་ནང་བསྟན་སྤེལ་ཡོད་ཟེར།།
རྩོད་པའི་ལམ་ནས་རྒྱལ་ཕམ་དེ་ཡིས་དངོས་པོའི་གནས་ལུགས་རྙེད་སྲིད་དམ།།
ཀྱེ་མའོ་ང་ཚོའི་འུར་སྒྲོག་དེ་ལ་དངོས་ཁམས་རིག་པས་སྙིང་རེ་རྗེ།།
རབ་བྱུང་སྟོང་གི་ཡར་སྔོན་ཞིག་ན་བྷོ་ཊའི་ལྗོངས་ཀྱི་དབུས་ཕྱོགས་སུ།།
ཤེས་རབ་མཁའ་ལ་ཐོག་ལྟར་རྒྱུ་བའི་ས་པཎ་རེད་འདའ་ཙོང་ཁ་པས།།
བྱང་ཕྱོགས་དེ་ན་ཚད་མའི་གཞུང་ལུགས་མི་མཁོ་ཟེར་བའི་ལོག་རྟོག་རྣམས།།
རིགས་པའི་ལམ་ནས་ཚར་དུ་བཅད་དེ་ཉམས་ལེན་གནད་ལ་བསྒྲིལ་ཡོད་ཟེར།།
རང་རྒྱལ་གཞན་ཕམ་ཉོན་མོངས་སློང་བྱེད་ཉམས་ལེན་གནད་ལ་ཁེལ་སྲིད་དམ།།
ཀྱེ་མའོ་ང་ཚོའི་འུར་སྒྲོག་དེ་ལ་མི་ལ་མར་པས་སྙིང་རེ་རྗེ།།
དུས་རབས་ཉེར་གཅིག་ཁུགས་སོ་འདི་ན་སླར་ཡང་རྒྱ་གར་ལྷོ་ཕྱོགས་སུ།།
སྟོང་གྲགས་ཆེ་བའི་དགེ་ལྡན་གདན་གསུམ་འཇང་དགུན་ཆོས་ཀྱི་རྩོད་གྲ་ཡིས།།
དེང་རབས་སྨྲ་བའི་རིག་གསར་བ་ཡིས་རྙེད་དོན་དེ་ལས་ཆེས་ལྷག་པའི།།
སྡེ་བདུན་གཞུང་ནས་རིགས་ལམ་ཕྲ་མོས་དངོས་པོའི་གནས་ལུགས་གོ་ཐུབ་ཟེར།།
བ་གླང་ཀ་བུམ་ཡིན་མིན་བརྩད་ནས་སྣོད་བཅུད་འགྲོ་ལུགས་ཤེས་སྲིད་དམ།།
ཀྱེ་མའོ་ང་ཚོའི་གྲྭ་གསར་འདི་ཚོ་དངོས་གཤིས་སྨྲ་བས་སྙིང་རེ་རྗེ།།
འབྲོག་རི་བོ་དགེ་ལྡན་པའི་བསྟན་པ་དྲི་མེད་རྒྱལ་གྱུར་ཅིག
མཁྱེན་བརྩེ་ནུས་གསུམ་དགེ་བཤེས་རྒྱན། །འཆད་རྩོད་རྩོམ་གསུམ་མཁས་པའི་རྒྱན། །བཤད་སྒྲུབ་ལས་གསུམ་དགོན་གྱི་རྒྱན། །རྒྱན་གསུམ་དང་ངེས་འབྱུང་འབྲལ་མེད་ཀྱིས། །ཧཧཧཧཧཧཧཧཧཧཧཧ
བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ། །
སྦྱངས་དང་མ་སྦྱངས་དུ་མས་མགྲིན་གཅིག་ཏུ། །
མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ། །
བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར། །
འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །
དངོས་སུ་འདི་རྩོམ་འདི་ནི་མ་འོངས་དུས། །
འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །
གསུང་གི་སྣང་བ་བསྩལ་བའང་ཚད་མར་བཞེད། །
བླ་མ་ཙོང་ཁ་པས།
གསུང་གི་སྣང་བ་བསྩལ་བའང་ཚད་མར་བཞེད། །
འདི།
གསུང་གི་སྣང་བ་སྩལ་བའང་ཚད་མར་བཞེད། ། ལ་བཅོས།
འཇམ་དཔལ་དབྱངས་ཀྱིས་དགུན་དུས་བྱིན་བརླབས་པ། །
ཕྱོགས་ཀྱི་གླང་པོས་ཡི་དམ་འཇམ་དབྱངས་མཇལ། །
འཇམ་དབྱངས་མཇལ་ནས་ཚད་མ་ཀུན་བཏུས་བརྩམས། །
ཀུན་བཏུས་འགྲེལ་པར་ཆོས་ཀྱི་གྲགས་པ་ཡིས། །
རྣམ་འགྲེལ་བརྩམས་པས་རིགས་ལམ་སྲིད་རྩེར་རྩེན། །
གཏན་ཚིག་རིག་པ་མཐའ་དང་མུ་མེད་ཀྱང་། །
བོད་ལ་མཁོ་བ་ཀུན་རྣམ་དེ་གཉིས་ཙམ། །
ཆབ་སེང་ཙོང་ཁ་ལ་སོགས་བཀའ་དྲིན་ལས། །
ད་ལྟའང་འཇམ་དབྱངས་དགུན་ཆོས་ཚུགས་འདིས་བཟང་། །
འཇམ་དབྱངས་དགུན་ཆོས་ཕྱོགས་བཅུར་དར་རྒྱས་ཤོག །
ཡང་དྲ་གྲོགས་ལེགས་བཤད་ཕེབས་པར་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཞུ།
རྒྱལ་ཁམས་པ་ལོས་བདེན། བུམ་པ་ལྟོ་ལྡིར་བ་ཞབས་ཞུམ་པ་ཆུ་སྐྱོར་བ་ཤེས་ན་དེ་གས་འགྲིག
འོན་ཀྱང་དེ་ལྟར་ཤེས་པར་བྱེད་པ་ལ་མིང་དོན་གྱི་ཐ་སྙད་མང་པོ་ཞིག་ཤེས་དགོས། འགའ་ཞིག་གིས་མིང་ཙམ་ཞིག་ཤེས་ཀྱང་དོན་ལ་མ་ཤེས་པ་དང་འགའ་ཞིག་ལ་མིང་དོན་གཉིས་ཀ་མ་ཤེས་པ་མང་པོ་ཡོད། དེ་བཞིན་ཀ་བ་དང་གཟུགས་དང་གཟུགས་མེད། དངོས་པོ་དང་དངོས་མེད། རྟག་པ་དང་མི་རྟག་པ། ཀུན་རྫོབ་དང་དོན་དམ། འཁོར་བ་དང་མྱང་འདས། ལས་སོགས་ཀྱི་མིང་དོན་ལ་མ་རྨོངས་པ་ཞིག་ཤེས་དགོས་ངེས་རེད། མཚན་ཉིད་ཀྱི་རྩོད་པ་ཟེར་བ་མི་ཤེས་པའི་ངོར་ཀ་བ་བུམ་པའི་སྐོར་མ་གཏོགས་མེད་པར་སྣང་མོད།
དེ་ལྟར་མ་རེད། འཇིག་རྟེན་པའི་ངོར་ཀ་བ་བུམ་པ་ཾ་དོག་དཀར་དམར་ཤེས་སླ་བ་ཡོངས་གྲགས་ཡིན་པར་བརྟེན། ཐོག་མར་ཀ་བ་བུམ་པ་མཚན་གཞིར་བཀོད་ནས་སྦྱོང་གི་ཡོད་རེད། དེ་མིན་གྲུབ་མཐའི་ལྟ་སྒོམ་སྤྱོད་གསུམ་ཐམས་ཅད་ལུང་དང་རིགས་པས་གཏན་ལ་ཕབས་ནས་ཤེས་དགོས་པ་མ་གཏོགས་ཐམས་ཅད་ལ་རང་གྲོལ་ཡོད་མཁན་ཁག་པོ་ཡིན། ལྷག་པར་དུ་རྟགས་ཀྱི་རིགས་པའི་སྐབས་ནས་རྒྱུ་འབྲས་དུས་མཉམ་པ་དང། རྒྱུ་ཁ་ཡར་པས་འབྲས་བུ་སྐྱེ་བ་ལས་སོགས་ཀྱི་ལོག་རྟོག་དགག་པའི་ཕྱིར་རྒྱུ་སྔོན་སོང་དང་རྒྱུ་འབྲས་རྟགས་དང་རྒྱུ་རྐྱེན་ཚོགས་པ་ལས་སྐྱེ་བར་སྒྲུབ་པའི་འབྲས་རྟགས་སོགས་ཀྱི་རྣམ་གཞག་དང། དེ་བཞིན་མ་དམིགས་པ་དང་མི་སྣང་བའི་རྟགས་ལས་སོགས་མ་ཤེས་ན་ལྐོག་གྱུར་གྱི་བོན་དེ་ཚོ་ཤེས་རྒྱུ་ཕ་རི་སྤང་རེད། མ་ཟད་རྟགས་ཀྱི་རིགས་པའི་རྣམ་གཞག་མ་ཤེས་ན་དབུ་མའི་ལྟ་བ་སྒྲུབ་བྱེད་བདེན་པའི་གཅིག་དུ་བྲལ་གྱི་རྟགས་དེ་ཚོ་མི་ཤེས། དེ་མ་ཤེས་ན་ལྟ་བ་མཐའ་བྲལ་ཡིན་པར་མི་ཤེས། དེ་མ་ཤེས་ན་བདག་འཛིན་འགོག་མི་ཤེས། དེ་མ་ཤེས་ན་ཐར་ཐོབ་མི་སྲིད། དེ་མ་ཐོབ་ན་སླར་ཡང་འ྄ཁོར་འབི་འདམ་འཛབ་ཀྱི་དོང་དུ་ལྷུང་སྟེ་བསྐལ་པར་མྱང་རྒྱུ་ལས་མེད། དེས་ན་དང་པོ་ཐོས་པའི་མེ་ཏོག་བཞད་དགོས། དེ་ནས་བསམ་པའི་འབྲས་བུ་སྨིན་དགོས། དེ་ནས་འབྲས་བུ་ལ་ལོངས་སུ་སྤྱོད་ཐུབ། དེ་མིན་རགས་བཤད་རགས་སྒོམ་ཞིག་ལས་དཔྱད་པ་དག་པའི་ཉམས་ལེན་ཞིག་འབྱུང་མི་སྲིད། རྒྱུ་མཚན་འདི་ལ་བརྟེན་ནས་འཆད་རྩོད་བྱེད་པ་ནི་སྤྱིར་རྒྱལ་བསྟན་གསལ་པ་དང། བྱེ་བྲག་དུ་རང་གི་མ་རྟོགས་ལོག་རྟོག་ཐེ་ཚོ
་གྱི་བློ་ངན་མཐའ་དག་སེལ་ནུས་སོ། དེ་མིན་སྒོམ་ཆེན་རི་ཁྲོད་པ་འགའ་ཞིག་ལམ་སེང་གདམས་སྣ་མགུར་དུ
་རེ་འཁྱེར་ཏེ་རི་ཁྲོད་དུ་འཁོར་བ་སྤངས་ཡིན་ཟེར་ནས་རྒྱུགས་རྐྱང་བྱས། མི་རིང་བར་སེམས་ལ་ལྟ་སྒོམ་ཇི་ཡིན་གྱི་སྒྲོ་འདོགས་ཆོད་པ་ཞིག་མ་བྱུང་བས་སྒོམ་ཉམས་ལེན་ཇི་ལྟར་བྱས་ཀྱང་རང་སེམས་ནི་སྔར་མུས་བཞིན་དུག་ལྔ་དུག་གསུམ་ནི་མདོག་མ་འགྱུར་བར་སྲ་ཐག་གེ་བ་ཞིག་བྱུང་སྟེ་ཕྱིས་གྲོང་ཉུལ་གྱིས་མི་ཆོས་བླ་མའི་རྫུན་གྱིས་འཁོར་ལོ་བསྐོར་བ་ནི་མིག་མཐོང་ལག་ཟིན་དུ་གྱུར་པ་དེ་ཚོ་རེད། ད་དུང་རྣལ་འབྱོར་པ་ཡིན་རབས་དང། གྲུབ་པ་ཐོབ་རབས་དང། ཉམས་རྟོགས་རྒྱས་རབས་སོགས་ཀྱི་མགུར་གླུ་ཡིན་ནམ་ཆགས་གླུ་ཡིན་བྱུང་རྒྱལ་དུ་སྒྲོགས་པའི་རིགས་འདི་ཚོ་ལྟ་བུ་རེད། དགེ་བཤེས་ཞིག་ཡིན་ན་ནང་གི་དུག་ལྔ་དུག་གསུམ་མེད་པར་མ་བྱས་ཀྱང་ནམ་ཡང་ལྷ་མཐོང་འདྲེ་མཐོང་གི་མི་ཆོས་བླ་མའི་རྫུན་ཆེན་དེ་རིགས་ཤོད་པ་གོ་ཐོས་མེད། ལྷག་པར་དུ་དེང་སང་རྙིགས་མ་ལྔ་བདོའི་བསྐལ་ངན་འདིར། དང་པོ་ཚེ་ཡི་འདུ་བྱེད་མ་གཏོང་བར་བསྲུང་རྒྱུའི་ཁས་ལེན་གྱིས་སོར་སྡོམ་ཞུས་རྐྱང་བྱས། རྗེས་སུ་འདོད་ཆགས་ཀྱི་མེ་སྤུངས་འབར་ཏེ་མཁན་སློབ་དཔང་པོ་ལོ་ཙ་དང་སྐྱབས་ཡུལ་དཀོན་མཆོག་ལ་ཇི་མི་སྙམས་པར་སོར་སྡོམ་གཏོང་རྐྱང་བྱས་རྗེས། ཡང་སྔགས་པ་ཡིན་རབས་སྤྲུལ་སྐུ་ཡིན་རབས་ཅིག་ཅིག་མིག་མིག་གི་དགོན་བདག་ཡིན་རབས་བཤད་ནས་རྨོངས་འཐོམ་པ་དག་མགོ་བོ་མགལ་མེ་བཞིན་དུ་བསྐོར་བཞིན་ཡོད། འདི་ཚོའི་འབྱུང་རྐྱེན་གཙོ་བོ་གཞུང་ལུགས་ལ་ཐོས་བསམ་མ་བྱས་པའི་སྐྱོན་ཉག་གཅིག་རེད། གསང་སྔགས་ནས་རང་ལ་ཉམས་རྟོགས་དང་ལྷ་བླ་མའི་ལུང་བསྟན་བྱུང་བ་ཡིན་ན་ཁྲོམས་སྒྲོགས་མི་རུང་བ་སྔགས་ཀྱི་དམ་ཚིག་ཡིན་རུང། དེང་སང་དེ་ལྟར་བྱུང་བ་མེད་པའི་ཐོག་བྱུང་ཚུལ་གྱི་རྫིག་ངོམས་ཀྱིས་ས་བསྒྲགས་གམ་བསྒྲགས་བྱེད་ཚུལ་འདི་རིགས་སྔགས་ཀྱི་དམ་ཚིག་གི་རྣམ་གཞག་ལ་རབ་ཏུ་རྨོངས་རྟགས་སུ་ངེས་སོ།
འཇམ་དཔལ་སྙིང་པོའི་བསྟན་པ་རྒྱས་པར་ཤོག །
མཁས་གྲུབ་ཐམས་ཅད་མཁྱེན་པས། ནགས་ཀྱི་བུ་མོའི་སྐྲ་ཚོགས་རབ་རྒྱས་མེ་ཏོག་སྙེ་མའི་ལན་བུ་ལ་ནི་ལྷ་ཡི་རྒྱུད་མངས་མགྲིན་པར་བྱེད་པའི་བུང་བ་དག །གཤོག་རྩེ་བསྐྱོད་པའི་བསིལ་ཡབ་འཕུར་ལྡིང་ཧ་རི་ཙནྡན་ག་པུར་འཐུལ་བའི་དྲི་བཟང་རྫི་ངད་ཕྱོགས་ཀྱི་མགྲོན་པོའི་འགྲམ་པ་ལ། །མི་མཉམ་འགྲོས་ཅན་མཛུབ་མོས་བརྒྱུས་པའི་དངུལ་ཐིགས་མུ་ཏིག་ཕྲེང་བའི་རྣ་རྒྱན་རིང་པོ་འཕྲོག་པ་ལྷོ་ཕྱོགས་མ་ལ་ཡ་ཡི་རླུང་། །སྙིང་ལ་རེག་པས་ཚ་ཟེར་ལྕགས་ཀྱུ་ཀླད་པར་ཟུག་པའི་སྐྱེ་བོ་རྣམས་ནི་ངེས་པར་བདེ་ཞེས་འཇིག་རྟེན་པ་རྣམས་ཡ་མཚན་སྒྲོགས། །ཅེས་པ་འདི་ཕྲན་རང་ལོ་བཅུ་དྲུག་སྐབས་སུ་མཇལ་བའི་་བསོད་ནམས་ཐོབ་ཀྱང་བསོད་ནམས་ཀྱིས་མ་ཐེག་པ་བདག་གིས་ནི། ཆོས་སྡེ་ཆེན་པོའི་དགེ་འདུན་རྣམས་རིགས་པའི་པད་མཚོར་བག་ཡངས་སུ་འཇུག་པ་ལ་ཤིན་ཏུ་དགའ་བ་དང་། དད་པ། རྗེས་སུ་ཡི་རང་པས་ཕུལ་བའོ། །
དང་པོ་ཀ་བ་བུམ་རྩོད་རྩོད་ནས་ཕྱིས་གོམས་འདྲིས་ཏོག་ཙམ་ཕྱིན་པ་དང་ཕྱི་རྒོལ་བའི་ཁས་བླངས་ཁྲེལ་འཛིན་ལ་ཞེ་ལྡང་མེ་ལྟར་འབར་ནས་རྩོད་པས་མཆོང་ལྡིང་གིས་མི་ཚེ་འདའ་བའི་དགེ་ལྡན་པའི་དགེ་བཤེས་ཚོ་མི་ཆོས་བླ་མའི་རྫུན་སྨྲ་བའི་དུས་ཁོམ་དང་ལྟ་སྒོམ་ཉམས་ལེན་གྱིས་ལྷ་འདྲེ་མཐོང་བའི་མངོན་ཤེས་དཀའ།
བཀྲ་ཤིས་ཀྱིས་བཤད་པ་བདེན་པ་མ་རེད། དེ་འདྲའི་ཞེ་སྡང་མེ་ལྟར་འབར་བ་གོ་ཡང་མ་མྱོང་ལ། ཐོས་ཀྱང་མ་མྱོང་། རྙིང་མའི་ཞེན་ཁོག་གིས་འཇང་དགུན་སྟེང་དུ་སྡང་ཟུག་བྱེད་ན་དེ་ནི་མི་འོས་པ་ཞིག་ཡིན་པས་ངེས་བར་སྤང་དགོས་པ་ཡིན། ང་རང་འཇང་དགུན་ཆོས་ལ་ཞུགས་མྱོང་མེད་ཀྱང་བུམ་པ་བུམ་པ་ཀ་བ་ཀ་བ་རྩོད་པ་ཙམ་ཞིག་མ་རེད། །ཁྱོད་ཚོས་རྣམ་འགྲེལ་རྩ་བ་དབུ་ནས་ཚིག་འགྲེལ་དང་དོན་འགྲེལ། དོགས་གཅོད་སོགས་བྱེད་ཐུབ་ཀྱི་འདུག་གམ། །
རྩ་བ་ཚད་མ་རྣམ་འགྲེལ་དང་འགྲེལ་བ་ཐར་ལམ་གསལ་བྱེད་གཉིས་ཀྱི་སྟེང་ནས་ལེའུ་བཞི་གའི་ཐད་ཀྱི་དོན་ཚན་རེ་རེ་ལ་འཛིན་གྲྭ་ཆ་བགོས་ཀྱིས་གཞུང་དོན་རྩོད་ཀྱི་ཡོད་པ་རེད། ས་རྩོད་ཆུ་རྩོད་ལྟ་བུ་ཞིག་གང་ནས་བལྟས་ཀྱང་མ་ཡིན་པར་བདག་གིས་སེམས།
བོད་དུ་ཆེས་ཐོག་མར་བསྒྱུར་བའི་ཚད་མའི་གཞུང་ནི་ཚད་མ་སྡེ་བདུན་ཏེ། གཏན་ཚིགས་ཐིགས་པ། ཚད་མ་རྣམ་ངེས། རྒྱུད་གཞན་སྒྲུབ་པ་སོགས་ཡིན་ལ། དེ་ནི་སྐ་བ་དཔལ་བརྩེགས་དང་ཡེ་ཤེས་སྡེས་གཉིས་ཀྱིས་ལེགས་སྦྱར་ནས་བོད་ སྐད་དུ་བསྒྱུར་བ་ཡིན། ཆ་པ་ཆོས་ཀྱི་སེང་གེ་ནི། དབུ་མ་དང་ཚད་མ་ལ་ཤིན་ཏུ་མཁས་ཤིང་བསྡུས་གྲྭའི་རིགས་ལམ་གསར་གཏོད་གནང་བ་དང་ལོ་ངོ་བཅོ་བརྒྱད་ལ་གསང་ཕུའི་མཁན་པོ་མཛད་ཅིང་། དཔལ་ལྡན་ཆོས་ཀྱི་གྲགས་པའི་འཐད་ལྡན་ཆེ་ཆུང་ལ་འགྲེལ་བཤད་དང་ཚད་མའི་བསྡུས་པ་ཡིད་ཀྱི་མུན་སེལ་མཛད། དེའི་སློབ་མ་གཙང་ནག་བརྩོན་འགྲུས་སེང་གེ་སོགས་ཀྱིས་འཕེལ་རྒྱས་སུ་བཏང་། དབུས་ཀྱི་གདན་ས་དྲུག་གི་ནང་ཚན་གསང་ཕུ་ནི་བོད་ཀྱི་ཚད་མའི་འཆད་ཉན་གྱི་དགོན་སྡེ་གཙོ་བོ་ཞིག་དང་ཁྱད་པར་དུ་གཞུང་ཡང་ཆ་བའི་བྱེད་པ་ཡིན།
རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ཀྱི་བོད་ཀྱི་ཚད་མ་རིག་པ་ནི་བསམ་ཡས་སྒྲ་བསྒྱུར་གླིང་བཙུགས་པ་ནས་ལྷ་སྲས་འུ་དུམ་བཙན་བར་གྱི་ལོ་ངོ་བརྒྱ་དང་ང་དགུའི་རིང་དེར་ངོས་འཛིན་དགོས། བསྟན་པ་སྔ་དར་གྱི་སྐབས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་གདན་ཞུ་གནང་བ་ལྟར། མཁན་ཆེན་ཞི་བ་འཚོས་ཚད་ཆེན་དང་དེའི་སློབ་མ་ཀ་མ་ལ་ཤཱི་ལས་དེའི་དཀའ་འགྲེལ་མཛད་པ་ཙམ་དུ་མ་ཟད། བསྟན་པ་སྔ་དར་གྱི་ལོ་ཙཱ་བ་ཆེན་པོ་ཡེ་ཤེས་སྡེས་དུལ་བ་ལྷས་མཛད་པའི་རིགས་ཐིགས་རྒྱ་ཆེར་འགྲེལ་བ་སོགས་དང་། ལོ་ཆེན་དཔལ་བརྩེགས་ཀྱིས་དུལ་བ་ལྷས་ མཛད་པའི་རིགས་ཐིགས་རྒྱ་ཆེར་འགྲེལ་བ་སོགས་དང་། ལོ་ཆེན་དཔལ་བརྩེགས་ཀྱིས་དུལ་བ་ལྷས་མཛད་པའི་གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་བ་བཅས་ཚད་མའི་བསྟན་བཅོས་བསྒྱུར་འཕྲོ། ཚད་མ་རྣམ་འགྲེལ་ནི་བསྟན་པ་སྔ་དར་གྱི་སྐབས་སུ་བསྒྱུར་ཡོད་ཀྱང་། ད་ཡོད་འགྱུར་བྱང་དུ་དེའི་སྐོར་མི་གསལ་བས་ན་གང་ལྟར་བསྟན་པ་སྔ་དར་གྱི་སྐབས་སུའང་ཚད་མའི་འཆད་ཉན་གྱི་སྲོལ་ཅུང་ཟད་ཙམ་དར་བར་གྲགས་ཀྱང་གཞུང་རྐང་ཚུགས་ནས་རྒྱུན་ཆགས་སུ་བྱུང་མེད། །ཚད་མ་རིག་པ་བོད་དུ་དར་ནས་རྗེ་ཙོང་ཁ་བའི་དུས་ཀྱི་བོད་ཀྱི་ཚད་མ་རིག་པ་ནི་རིག་བཅུའི་ནང་གསེས་ཀྱི་རྒྱུ་རིག་པའམ་གཏན་ཚིགས་རིག་པ་སྟེ། ཚད་མ་རིག་པ་འདི་ནི་རིག་གནས་ཀུན་གྱི་མཆོག་དུ་མངའ་བ་ཡིན། རྗེ་རིན་པོ་ཆེས་དགེ་ལུགས་པའི་གྲུབ་མཐའི་སྲོལ་བཏོད་པ་ནས་བཟུང་སྟེ། ཚད་མ་རིག་པ་དང་ནང་རིག་པ་གཉིས་ཉ་ཆུ་འདྲེས་པ་ལྟ་བུའི་འབྲེལ་བ་ཆགས་ཤིང་། འབྲེལ་བ་དེ་རིམ་གྱིས་འཕེལ་ནས་དེང་གི་དུས་སུ་བསླེབས་དུས། རིག་གཞུང་ཞིབ་འཇུག་གི་བྱ་བ་གཉེར་བའི་སོ་སོ་གང་ཟག་སུ་ ཞིག་ཡིན་རུང་། དེ་དག་གི་ནང་དུ་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར། ཐ་ན་རིག་གཞུང་གང་ཞིག་ལ་འཇུག་པའི་ཚེ་ཡང་། ཚད་མ་རིག་པ་འདི་ལ་ནམ་ཡང་རྒྱུན་ཆགས་ཀྱི་འབྲེལ་བ་ཞིག་གྲུབ་ཡོད་པ་ཚོར་གྱི་ཡོད། ཚད་མ་ལ་མ་བརྟེན་པར་ནང་རིག་ལ་འཇུག་སྲོལ་མེད།
་་་ བྱེས་ཀྱི་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་དྲུག་དང་། གཞན་ཡང་རྭ་སྟོད་གྲྭ་ཚང་དང་། བཀྲིས་ལྷུན་པོ། རྣམ་རྒྱལ་གྲྭ་ཚང་། རྒྱུད་སྟོད་གྲྭ་ཚང་། རྫོང་དཀར་ཆོས་སྡེ། མཚན་ཉིད་གྲྭ་ཚང་སོགས་ཕྱོགས་མཐའ་ཁག་ནས་ཆེད་དུ་འཇང་དགུན་ཆོས་ཐོག་ཆེན་མོར་ཕེབས་མཁན་ཡོངས་འདུ་འཛོམས་གནང་ཡོད་པ་རེད། ་་ཟེར།
༡༨༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༠ གི་ཆུ་ཚོད་ ༡༨ སྐར་མ་ ༠༢
བདག་ཅིག་འཇང་དགུན་ཆོས་ལ་བསླེབས་འདུག་ཟེར། བདག་སྨྱོ་བ་རེད། བདག་༼ག་རེ་༽དབྱར་སྐྱིད་ལ་བསླེབས་མི་འདུག་ཟེར་ན། བདག་ཤི་བ་རེད། ཟེར་མཁན་དེ་སུ་ཡིན་ནམ། འདི་ལབ་སྟངས་འདི་ཁ་གསལ་དུ་གཏོང་རོགས་གྱིས་ང་ནི་བརྗེད་ཚར་གྲབས་འདུག་པས་་་་་་་
འཆད་རྩོད་རྩོམ་གསུམ་གྱི་མཁས་པའི་བྱ་བ་རྣམས་གཙོ་བོ་ཐོས་བསམ་གྱི་ཕྱོགས་སུ་གཏོགས་པ་རེད། རྗེ་མི་ལས། ཐོས་པ་མེད་པའི་སྒོམ་པ་ནི།།ལག་རྡུལ་བྲག་ལ་འཛེགས་པ་འདྲ། །ཞེས་པ་ལྟར་གང་ཟག་དམིགས་བསལ་ཅན་རེ་གཉིས་མ་གཏོགས་ཡོངས་གྲགས་སུ་ཐོག་མར་ཐོས་བསམ་གལ་ཆེ་བ་ནི། ཇི་སྐད་དུ། ཚོམས་ལས། ཐོས་པ་གཏི་མིག་མུན་སེལ་སྒྲོན་མེ་ཡིན།།རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག། ཞེས་དང་། ཐོས་པས་ཆོས་རྣམས་ཤེས་བར་འགྱུར།།ཐོས་པས་སྡིག་ལས་ལྡོག་པར་འགྱུར།།ཞེས་དང་། མདོ་སྡེ་རྒྱན་ལས་ཀྱང་། དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་།།ཞེས་པ་ལྟར་ཐོས་བསམ་སྒོམ་གསུམ་རིམ་པ་བཞིན་དུ་འགྲོ་དགོས་པ་རེད། ཐོག་མཐའ་སྨོན་ལམ་ལས། བསམ་བྱུང་བློ་ཡིས་ངེས་ཤེས་བརྙེད་པའི་ཚེ།།ཚེ་འདིའི་འཁྲི་བ་གཅོད་པའི་བརྩོན་འགྲུས་ཀྱིས།།དབེན་པ་བརྟེན་ནས་ཚུལ་བཞིན་བསྒྲུབ་པར་ཤོག།ཞེས་པ་སོགས་ཚེ་འདིའི་ཞེན་ཆགས་སྤངས་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱེད་རྒྱུ་ཡིན་མིན་རང་གིས་རང་ལ་རག་ལས་སོ། །
ད་བར་རྩོད་པ་ལ་རྟེན་ནས་སངས་རྒྱས་གོ་འཕང་འམ་དགྲ་བཅོམ་པའི་གོ་འཕང་ཐོབ་མཁན་སུ་འདུག་ཟེར། སྙིགས་མ་ལྔ་བདོ་བའི་དུས་ངན་འདིར་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ཕར་ཟད། བསྟན་པའི་གནས་ཚད་བཤད་སྐབས་དགྲ་བཅོམ་པའི་ལེའུ་རྫོགས་ཚར་བ་རེད། ཡུམ་གསུམ་གནོད་འཇོམས་ཀྱི་འགྲེལ་བ་ལས་ཐུབ་བསྟན་ལོ་ལྔ་སྟོང་གནས་པའི་དབང་དུ་བྱས་ནས་བཤད་པ་ལྟར་ན་ལྔ་བརྒྱ་བ་ཕྲག་བཅུ་རེ་རེ་ལ་རིམ་པ་བཞིན་དགྲ་བཅོམ་གྱི་ལེའུ་དང་ཕྱིར་མི་འོང་གི་ལེའུ། རྒྱུན་ཞུགས་ཀྱི་ལེའུ། འདི་དག་ལ་འབྲས་བུའི་ལེའུ་ཞེས་ཀྱང་ཟེར། དེ་ནས། ཤེས་རབ་ཀྱི་ལེའུ། ཏིང་ངེ་འཛིན་གྱི་ལེའུ། ཚུལ་ཁྲིམས་ཀྱི་ལེའུ། འདི་དག་ལ་སྒྲུབ་པའི་ལེའུ་ཟེར། དེ་ནས། མངོན་པའི་སྡེ་སྣོད་ཀྱི་ལེའུ། མདོ་སྡེ་སྡེ་སྣོད་ཀྱི་ལེའུ། འདུལ་བའི་སྡེ་སྣོད་ཀྱི་ལེའུ་སྟེ་འདི་དག་ལ་སྡེ་སྣོད་གསུམ་སྟོན་པ་མང་དུ་འབྱུང་བས་ལུང་གི་ལེའུ་ཟེར། དེ་ནས་ལྔ་བརྒྱ་ཐ་མ་ལ་ལྟ་སྤྱོད་གཙང་མ་མེད་པས་རྟགས་ཙམ་འཛིན་པའི་ལེའུ་ཟེར། བསྟན་པའི་གནས་ཚད་བརྩི་ཚུལ་འདི་དོན་ལ་གནས་པའི་ཕྱོགས་ཡིན་པ་དང་། དེ་མིན་མདོ་སྡེ་བསྐལ་བཟང་དང་འདུལ་བ་ལུང་ཕྲན་ཚེགས་སོགས་ལས་བསྟན་པ་ལོ་སྟོང་དུ་གནས་བར་བཤད་ལ། སྙིང་རྗེ་པདྨ་དཀར་པོའི་མདོ་ལས་བསྟན་པའི་གཟུགས་བརྙན་དང་བཅས་པ་བསྡོམས་པའི་ལོ་སྟོང་དང་ལྔ་བརྒྱ་གནས་བར་བཤད་ཅིང་། ཟླ་བ་སྙིང་པོའི་མདོ་ལས་བསྟན་པའི་གཟུགས་བརྙན་ལོ་ཉིས་སྟོང་གནས་བར་བཤད་པ་རྣམས་སྒྲས་ཟིན་མི་མཐུན་ཡང་དོན་གཞན་ལ་དགོངས་པར་མཁས་པས་གསུངས་།
ལེགས་བཤད་ལགས་དེ་ལྟར་ཡིན་ན།རི་བོ་དགེ་ལྡན་པའི་དགོན་སྡེ་ཁག་ནས་ཐོས་བསམ་སྒོམ་བྱེད་མཁན་འདྲ་ཡོད་ཡིན་ནམ།རྗེ་ཙོང་ཁ་བས་ཚད་མ་རིག་པ་འདི་ཡངསྤྱིར་སངས་རྒྱས་ཀྱི་བསྟན་པ་སྒོས་ནང་རིག་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་ཐོས་བསམ་སྒོམ་གསུམ་བྱེད་པ་ལ་གསུངས་མོད་དེང་ཆུང་བྱས་པའི་དུས་ནས་ཚེའི་མཐའ་མཇུག་བར་ཁ་ནས་ཀ་བ་དང་བུམ་པ་ཆོས་ཅན་ མི་རྟག་སྟེ་ བྱས་པའི་ཕྱིར་ ཡང་ན་ དེ་ཆོས་ཅན་ ཞེས་ གོང་དུ་མཆན་༣་པ་འགོད་མཁན་ཟུར་གནས་ནས་བཤད་པ་བཞིན་རི་བོ་དགེ་ལྡན་པ་ལ་སྒོམ་གྲའི་སྲོལ་ལུགས་ཤིག་ཡོད་ན་ཟེར་བ་དེ་ཅིས་མི་བདེན
བཀྲ་ཤིས་ལགས། རི་བོ་དགེ་ལྡན་པ་ལ་སྒོམ་གྲའི་སྲོལ་ལུགས་ཤིག་མེད་པ་ག་ལ་ཡིན། སྒོམ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཡོད་པ་ལམ་རིམ་ཆེན་པོ་ན་གསལ་བ་དེ་རེད། ཐོས་བསམ་བྱེད་པའི་དུས་ན་དཔྱད་སྒོམ་ཡོད་ཡོད་རེད།
སྒོམ་ལ་འཇོག་སྒོམ་གཙོ་བས་དཔྱད་སྒོམ་དེ་སྒོམ་རྣམ་དག་ཏུ་མི་འགྲོ་བར་སེམས།
དགེ་ལྡན་པ་དང་རྙིང་མས་སྒོམ་ཀྱི་ཁུངས་དེ་ཀ་མ་ཤི་ལས་མཛད་པའི་སྒོམ་རིམ་ཚོ་ལ་གཏུག་གི་རེད།
དཔྱད་སྒོམ་ལ་བརྟེན་ནས་ལྷག་མཐོང་གཙོ་བོར་སྐྱེད་ཅིང་འཇོག་སྒོམ་ལ་བརྟེན་ནས་ཞི་གནས་གཙོ་བོར་སྐྱེད་པ་དེ་རྙིང་མ་དང་དགེ་ལྡན་པའི་སྒོམ་སྐྱོང་ཚུལ་ཡིན། ཁུངས་དེ་ཀ་མ་ལ་ཤི་ལའི་སྒོམ་རིམ་ལ་ཐུག་ཡོད། འདི་ནི་ངས་དགེ་རྙིང་གཉིས་ཀའི་ལྟ་གྲུབ་ལ་ཞིབ་འཇུག་ཅུང་ཟད་བྱས་པའི་ཤེས་རྟོགས་ཡིན།
སྤོབས་པ་ལགས། འོ་ན་བདེན་པའི་གཅིག་དང་དུ་བྲལ་གྱིས་སྣང་བ་བདེན་མེད་རྟོགས་པའི་བློ་དེ་དཔྱད་སྒོམ་ཡིན་ནམ་མིན་གལ་སྲིད་ཡིན་ན་བདེན་པའི་གཅིག་དུ་བྲལ་ལ་མ་རྟེན་པའི་འཇོག་སྒོམ་ཞིག་གང་ན་རྙེད་ཐོངས།
ལོག་བཤད་ལགས། ཐོས་བསམ་བྱེད་པའི་དུས་ན་དཔྱད་སྒོམ་ཡོད་ཡོད་པ་ཡིན་ན། དེང་འཇང་དགུན་ཆོས་རྩོད་རའི་ནང་རྐང་པ་ས་ལ་བརྡབ་ལག་པ་ནམ་ལ་བཅགས་ཏེ་ཧམ་དགོད་དང་ཀི་ཅོ་དེ་ཚོ་དགེ་ལུགས་པའི་དཔྱད་སྒོམ་ཡིན་པ་འདྲ།
བཀྲ་ཤིས་ལགས། ཧམ་དགོད་དང་ཀི་ཅོ་དེ་ཚོ་དགེ་ལུགས་པའི་དཔྱད་སྒོམ་མ་རེད། ལམ་རིམ་ལས་བསྒོམ་པ་དང་གོམས་པ་དོན་གཅིག་གོ་ཞེས་པ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཞུང་དོན་ལ་ཡང་ཡང་་དཔྱད་པ་དང་གོམས་འགྲུས་བསྟེན་པ་ལ་དཔྱད་སྒོམ་ཟེར་གི་རེད། མིག་བཙུམས་ནས་སྡོད་པ་ཙམ་ལ་སྒོམ་ཟེར་གི་ཡིན་ནམ།
ལོག་བཤད་ལགས། འོ་ན་བདག་མེད་རྟོགས་པའི་ཚེ་ན་ཐོས་བྱུང་གི་ཤེས་རབ་དང་བསམ་བྱུང་གི་ཤེས་རབ་སྒོམ་བྱུང་གི་ཤེས་རབ་གསུམ་ས་མཚམས་དང་ཁྱད་པ་ཇི་ལྟར་འབྱེད།
ལེགས་བཤད་ལགས། འཁོར་གསུམ། འོ་ན་ཚོགས་ལམ་ཐོབ་མ་ཐག་པའི་སྒོམ་ཆེན་པས་བསྒོམ་མ་བརྒྱབ་བ་དང་རྒྱུད་ལ་སྒོམ་མེད་བར་ཐལ་ལོ།
ལེགས་བཤད་ལགས་མིག་བཙུམས་ནས་བསྡད་པ་ལ་ངས་སྒོམ་མི་ཟེར་ལ་ལྷག་ཏུ་གོམས་པ་དང་སྒོམ་ནམ་ཡང་དོན་གཅིག་མི་ཟེར
ལེགས་བཤད་ལགས། བསྒོམ་དང་གོམས་པ་གཉིས་དོན་གཅིག་ཡིན་ན་ཁྱེད་རང་དུས་རྒྱུན་དུ་གོམས་པའི་དབང་གིས་ཉིན་གུང་རྟག་པར་གཉིད་ཉལ་གི་ཡོད་པ་དེ་བསྒོམ་ཡིན་ནམ།
མངོན་རྟོགས་རྒྱན་ལས། མཐོང་དང་གོམས་པའི་ལམ་དག་ལ།།ཞེས་པ་ལྟར་སེམས་ཅན་གྱི་ས་ན་ཐོས་བསམ་སྒོམ་གསུམ་ག་ཡོད་ཀྱང་སངས་རྒྱས་པ་ན་ཐོས་བསམ་སྒོམ་གསུམ་གང་ཡང་ཡོད་པ་མ་རེད། ཐོས་བསམ་སྒོམ་གསུམ་བྱེད་དགོས་དོན་མེད་པའི་ཕྱིར། འབྲོམ་སྟོན་པས། ཐོས་དུས་ན་སྒོམ་པ་བདོ།།སྒོམ་དུས་ན་ཐོས་བསམ་བདོ།།ཞེས་པ་ལྟར་ཐོས་པ་དང་ཐོས་བྱུང་། བསམ་པ་དང་བསམ་བྱུང་། སྒོམ་པ་དང་སྒོམ་བྱུང་ལ་ཐོས་སོགས་དྲུག་ཟེར་གི་རེད། སྒོམ་པ་ལས་སྒོམ་བྱུང་གི་ཤེས་རབ་སྐྱེ་བ་ཡིན། སེམས་རྩེ་གཅིག་ཏུ་ཡང་ཡང་གོམས་འདྲིས་བསྟེན་པ་ལ་སྒོམ་ཟེར་གྱི་རེད། དེ་ལྟར་མིན་ན་རྣལ་འབྱོར་མངོན་སུམ་སྒྲུབ་པའི་རིགས་པ་དང་འགལ་ལོ། །གོམས་པ་ལས་གསལ་སྣང་འབྱུང་བ་མ་ཡིན་ནམ། ཚངས་དབྱངས་མགུར་གླུ་ལས། སྒོམ་པའི་བླ་མའི་ཞལ་རས།།ཡིད་ལ་འཆར་རྒྱུ་མི་འདུག །མ་སྒོམ་བྱམས་པའི་ཞལ་རས།།ཡིད་ལ་ཝ་ལེ་ཝ་ལེ།།ཞེས་པ་ལྟར་བློ་དེའི་ཕྱོགས་སུ་ཡང་ཡང་གོམས་འདྲིས་སུ་སོང་བ་ལ་མི་ཟེར་ན་ཅི་ཟེར།
དགེ་ལུགས་པར་སྒོམ་མི་སླབས་པར་གསལ་པོ་རེད། ཁོང་ཚོའི་ཁ་ནས་ཐོས་བསམ་གྱི་སྐབས་སུ་དཔྱད་སྒོམ་ཡོད་ཟེར་རུང་། དོན་ལ་སྒོམ་ཁྱོན་ནས་སླབས་ཀྱི་མི་འདུག བཀའ་རྙིང་གི་བླ་མ་རྣམས་ནས་སྒོམ་ཉམས་ལེན་དངོས་ནས་ཁྲིད་གནང་གི་འདུག དགེ་ལུགས་པའི་དཔེ་ཆ་འཁྲིང་སྐབས་དང་པོ་ནས་ཡིན་པ་ཐལ་མིན་པ་ཐལ་གསུང་གི་འདུག དགེ་བཤེས་མཁས་པ་ཁ་ཤས་ཡི་གེ་སྒྲ་དག་པོ་ཀློག་ཤེས་ཀྱི་མི་འདུག འདི་ཚོ་ཁོང་ཚོའི་སྐྱོན་གྱི་ཆ་རེད། འདིའི་བསྐོར་ང་རང་ཉམས་མྱོང་ཡོད།
རེད་རང་གྲོལ་གྱིས་བཤད་པ་ལྟར། གོམས་ཞེས་པ་འདྲིས་པའི་དོན་དང། སྒོམ་པ་བསྒོམས་ཞེས་པ་ནི་ལྟ་བ་དང་ལྷ་ལས་སོགས་ལ་སེམས་ཀྱིས་སྒོམ་པ་ཟེར། འོན་ཀྱང་ཐེག་ཆེན་གོམས་ལམ་དང་སྒོམ་ལམ་ཞེས་གཉིས་ཀ་བརྗོད་པ་ཡོད། དེ་ནི་མཐོང་ལམ་གྱིས་གསར་རྟོགས་པའི་སྟོང་ཉིད་དེ་གོམས་ལམ་གྱིས་འདྲིས་པའི་ཚུལ་དུ་རྟོགས་པས་གོམས་ལམ་ཞེས་དང། རང་རང་གི་རྟོགས་བྱའི་གནས་ལུགས་སམ་སྤངས་པའི་སྤངས་སྟེ་འགོག་བདེན་བསྒོམ་པས་ན་བསྒོམ་ལམ་མོ།
ཞི་གནས་ལ་འཇོག་སྒོམ་དང་ལྷག་མཐོང་ལ་དཔྱད་སྒོམ་ཟེར་གི་རེད། གཉིས་ཀ་བློ་གོམས་པའི་རྣམ་པ་ཅན་ལོས་ཡིན། སློབ་དཔོན་ཆ་སེང་གིས།། འགྲོ་དྲུག་སེམས་ཅན་ཉལ་ནས་ཤི།།ང་ཆ་པ་ཆོས་སེང་ལངས་ནས་ཤི།།ཞེས་པ་ལྟར་རྟགས་གསལ་གཏོང་བཞིན་པའི་མུར་ཐུགས་དམ་ལ་བཞུགས་ནས་དགོངས་པ་རྫོགས་པའི་ལོ་རྒྱུས་ཡོད་པ་དེ་རེད། དགོས་པ་རེད།
ལེགས་བཤད་ལགས།
རྙིང་ཆོས་བསྟན་རྒྱན་བུད་མེད་གལ།
ས་དཀར་བསྟན་རྒྱན་ཨ་ནེ་གལ།
འཇམ་མགོན་བསྟན་རྒྱན་ཨན་ཆུང་གལ།
གལ་བ་རྣམ་གསུམ་མེད་གྱུར་ན།
དེ་དག་བསྟན་པ་ཇི་ལྟར་གནས།ཞེས་པ་འདི་ལ་འགྲེལ་བཤད་གཅིག་གནང་རོགས་ཞུ།
དེ་རེད། ལེགས་བཤད་ཀྱིས་གསུངས་པ་བདེན། འདས་རྟགས་འཇོག་བསམ་ན་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་འཇོག་དགོས་པ་རེད། ཨར་བྱང་ཆུབ་ཡེ་ཤེས་ཀྱིས་ཀྱང་ཕར་ཕྱིན་འཆད་པའི་ཁྲིའི་སྟེང་ནས་ཤི་ཐུབ་པ་ཞིག་བྱེད་ཐུབ་པར་སྨོན་ལམ་བཏབ་ནས་ཚེ་གཅིག་རིང་ལ་ཕར་ཕྱིན་བཤད། ཕར་ཕྱིན་འཆད་པའི་ཁྲིའི་སྟེང་ནས་པུར་གདན་དྲངས་པའི་ལོ་རྒྱུས་འདུག
སྤོབ་མཐའ་ནས། དེ་རེད། ལེགས་བཤད་ཀྱིས་གསུངས་པ་བདེན། འདས་རྟགས་འཇོག་བསམ་ན་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་འཇོག་དགོས་པ་རེད། ཨར་བྱང་ཆུབ་ཡེ་ཤེས་ཀྱིས་ཀྱང་ཕར་ཕྱིན་འཆད་པའི་ཁྲིའི་སྟེང་ནས་ཤི་ཐུབ་པ་ཞིག་བྱེད་ཐུབ་པར་སྨོན་ལམ་བཏབ་ནས་ཚེ་གཅིག་རིང་ལ་ཕར་ཕྱིན་བཤད། ཕར་ཕྱིན་འཆད་པའི་ཁྲིའི་སྟེང་ནས་པུར་གདན་དྲངས་པའི་ལོ་རྒྱུས་འདུག་ཟེར ཁྲི་ཐོག་ཏུ་ཤི་བ་ཙམ་གྱིས་འདས་རྟགས་རེད་ཟེར་ཐུབ་ཡ་དཀའ་ལས་ཁག་པོ་རེད། འཆི་བའི་གནས་དང་། འཆི་བའི་དུས་དང་། འཆི་བའི་རྐྱེན་སོགས་ལ་ངེས་པ་མེད་པར་སོང་། དེ་ལྟ་བུའི་གནས་ལ་འཆི་སྲིད་པ་རེད།
ཨ་རོགས་ཁམས་ཕྲུག ལུང་དེ་ག་བར་འདུག་སྟོན་རོགས།
བོན་པོའི་བསྟན་རྒྱན་བོན་དེ་གལ། །ཞེས་པ་ཆད་སོང་བ་མིན་འགྲོ
ཨ་རོགས་ཁམས་ཕྲུག་ནས།
ལེགས་བཤད་ལགས། ཁྱེད་ཀྱི་དྲིས་ལན་བན་དེ་བས་གནངས་བ་དེས་འཐུས་པར་བྱས་ནས་ངས་མཚམས་འདིར་ཁྱེད་ལ་བཀའ་འདྲི་ཁ་ཤས་ཞིག་ཞུ་འདོད་བྱུང་།
༡ཧིན་ལུགས་ཀྱི་འཇུག་པ་བཅུ་ནང་ཤཀ་ཐུབ་ཡོད་པའི་རྒྱུ་མཚན་གང་ཡིན་ནམ།
༢འབར་མ་དང་ཐེ་ལེན་སིང་ག་པུར་སོགས་ཀྱི་ནང་པའི་རྒྱབ་ཁབ་ཚོས་བོད་ཀྱི་ས་དགེ་དཀར་རྙིང་གི་ཆོས་འདི་ཐུབ་ཆོས་སུ་འདོད་དམ།
༣ཀླུ་གྲུབ་ཀྱིས་ཀླུ་ཡུལ་ནས་ཁྱེར་ཡོང་བར་གྲགས་པའི་ཡུམ་དུམ་པ་བཅུ་གཉིས་དེ་རྙིང་བོན་གྱི་གཏེར་ཆོས་དང་མཚུངས་སམ།
༤རྗེ་ཙོང་ཁ་པའི་གོང་དུ་བོད་ལ་དབུ་མ་ཐལ་འགྱུར་བའི་གྲུབ་མཐའི་འདོད་གཞུང་གསལ་བའི་བོད་ཀྱི་མཁས་པའི་རྩོམ་ཆོས་ཡོད་དམ།
དྲི་བ་འདི་ལ་སྤོབས་མཐས་ལན་འདེབས་རོགས་ཞུ།
དྲི་བ་དང་པོའི་ལན། འདིར་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་དུ་སའི་དུམ་བུ་འདིར་མ་ཁའི་ཡུལ་དུ་ཀླ་ཀློ་ཞུགས་ནས་མི་ལོ་སྟོང་བརྒྱད་བརྒྱ་ལོན་པ་ན་ཤམ་བྷ་ལ་ནས་རིགས་ལྡན་དྲག་པོ་ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་སུ་བྱོན་ཏེ་ཀླ་ཀློ་རྣམས་རང་གི་ཆོས་ལ་བཀོད་ནས་འཁོར་ལོ་ཅན་གྱི་དུས་བཞི་ལོ་སྟོང་བརྒྱད་བརྒྱར་གནས་ཤིང་། ཞེས་སོགས་ཀྱི་སྐབས་འཇམ་དབྱངས་རིགས་ལྡན་དྲག་པོ་གཅིག་ཉིད་ས་དུམ་བུ་བཅུ་གཉིས་ལ་རྒྱལ་པོའི་སྐྱེ་བ་མི་འདྲ་བ་བཅུ་གཉིས་སུ་འགྱུར་ཏེ་དཔེར་ན། ལོ་ལ་ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་ཉི་མ་གཅིག་ཉིད་བཅུ་གཉིས་སུ་འགྱུར་བ་ལྟར་རོ།། ཞེས་གསུངས་པས་འཛམ་གླིང་རྒྱས་བཤད་ཀྱི་ཀླ་ཀློ་དང་ངོས་འཛིན་མཐུན་མོད། དེང་སང་སོ་དྷི་ཨ་རབ་ཀྱི་གྲོང་ཁྱེར་མ་ཁ་ཟེར་བ་དེ་ཀླ་ཀློའི་ལྟེ་བ་ཡིན་ན་ནི་ཀླ་ཀློ་ རྣམས་མང་ནས་མང་དུ་འགྲོ་བ་ལས་ཆོས་ལ་བཀོད་པའི་གཏམ་ཟུར་ཙམ་ཡང་བཞག་དཀའ་བས་དཔྱད་པར་བྱའོ།།བཅོམ་ལྡན་རིག་པའི་རལ་གྲི་དང་བོད་ཀྱི་མཁས་པ་འགས་དུས་འཁོར་ལ་དགག་པ་མཛད་ཅིང་། མཁས་དབང་དགེ་ཆོས་ཀྱིས་ལེགས་སྦྱར་བང་མཛོད་དུ་བྷ་ར་ཏ་དང་ལེགས་ལྡན་ཀླུ་དང་ཆ་འདྲ་ཡོད་ཚུལ་བཤད་པ་དང་། རིག་བྱེད་ཆོས་ནི་ཕུ་བོ་དང་ཞེས་སོགས་ཀྱིས་བསྒྲུབས་སོ།།
རིག་བྱེད་ལོ་རྒྱུས་སྨྲ་བས་བཅོམ་ལྡན་འདས་འདི་ནི་ཁྱབ་འཇུག་གི་འཇུག་པ་དགུ་པ་སྟེ་རིགས་ལྡན་ནི་བཅུ་པའོ་ཞེས་སོགས་ཀྱི་སྐབས་རིགས་ལྡན་གྱི་འཇུག་པ་ནི་ཤམ་བྷ་ལའི་ ཡུལ་དུ་ནོར་ལྷ་བྲམ་ཟེའི་བུ་གྲགས་པར་གྱུར་ནས་རྡོའི་རྟ་ལ་ཞོན་ཏེ་ཀུ་ཤའི་རང་ བཞིན་ཅན་གྱི་མདུང་རྣམས་ཀྱིས་ཀླ་ཀློ་ཐམས་ཅད་བསད་ནས་གསེར་མང་པོའི་མེ་ལྷའི་མཆོད་སྦྱིན་བྱས་ཏེ་སླར་ཡང་ས་གཞིའི་བྲམ་ཟེའི་རང་བཞིན་དུ་བྱེད་པར་འགྱུར་རོ་ཞེས་སྔོན་གྱི་རིག་བྱེད་ལ་མི་སྣང་ཡང་ཕྱིས་ཀྱི་གདུག་པའི་བྲམ་ཟེ་དག་གིས་བྱས་བར་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱིས་གསུངས་འདུག །ཤམ་བྷ་ལ་ཟེར་བ་རིག་བྱེད་ཀྱི་ཐ་སྙད་དེ་བདེ་འབྱུང་འཛིན། རིགས་ལྡན་ཞེས་གྲགས་པ་བྲམ་ཟེའི་ཚངས་པའི་རིགས་སུ་འཇོག་པ་མིན་ཞེས་གསུངས་ལ། འདིའི་རིགས་བཟང་པོ་དང་བཟང་པོ་མ་ཡིན་པ་རྣམས་རིགས་ལྡན་ཏེ་རྡོ་རྗེ་ཐེག་པར་རིགས་གཅིག་ཏུ་བྱེད་པས་ན་རིགས་ལྡན། རྡོའི་རྟ་རྣམས་ཀྱིས་ཀླ་ཀློ་རྣམས་འཇོམས་པར་འགྱུར་བ་ནི་གདུག་པའི་དྲང་སྲོང་རྣམས་ཀྱི་སེམས་ཞུམ་པར་བྱེད་པའི་དོན་དུ་གསུངས།
དྲི་བ་གཉིས་པའི་ལན།
འབར་མ་དང་ཐེ་ལེན་སིང་ག་པུར་སོགས་ཀྱི་ནང་པའི་རྒྱབ་ཁབ་ཚོས་བོད་ཀྱི་ས་དགེ་དཀར་རྙིང་གི་ཆོས་འདི་ཐུབ་ཆོས་སུ་འདོད་མི་འདོད་ཅི་རིགས་ཡོད་སྲིད་པ་རེད།
དྲི་བ་གསུམ་པའི་ལན།
ཀླུ་གྲུབ་ཀྱིས་ཀླུ་ཡུལ་ནས་ཁྱེར་ཡོང་བར་གྲགས་པའི་ཡུམ་དུམ་པ་བཅུ་གཉིས་དེ་རྙིང་བོན་གྱི་གཏེར་ཆོས་དང་མི་མཚུངས་བ་ཡིན་ཏེ། ། དུས་རབས་བརྒྱད་པའི་ནང་ཁམས་པ་ཤེས་རབ་གོ་ཆ་ཞེས་པ་རྒྱ་གར་དུ་ཕེབས་ཏེ་ཡུམ་འབུམ་པ་བློ་ལ་བཟུང་ནས་ཐུགས་ཐོག་ནས་བསྒྱུར་བའི་བཤད་སྲོལ་ཞིག་སྣང་ལ། བུ་སྟོན་གྱི་འགྱུར་བྱང་སྐབས་འགོད་སྐབས་ཡུམ་འབུམ་པ་རླངས་ཁམས་པ་གོ་ཆ་དང་བེ་རོ་ཙཱ་ན། ལྕེ་ཁྱི་འབྲུག །ཞང་ཡེ་ཤེས་སྡེ་སོགས་ཀྱི་འགྱུར་བྱང་དྲུག་ཡོད་པར་བཤད་དོ། །ལྷ་ས་བཀའ་འགྱུར་དཀར་ཆག་ལས། ཀླུ་སྒྲུབ་ཀྱིས་ཀླུའི་གནས་ནས་སྤྱན་དྲངས་བའི་ཚེ་བྱམས་ཞུས། ཆོས་འཕགས། རྟག་ངུ། ཡོངས་གཏད་དེ་ལེའུ་བཞི་ཀླུས་མ་བསྐུར་བས་མ་ཚང་བ། ཕྱིས་ཉི་ཁྲི་དང་བརྒྱད་སྟོང་ནས་ཁ་བསྐང་བའི་ལུགས་ཀྱང་ཡོད་དོ། །ཞེས་སྣང་མོད། །སྡེ་དགེའི་བཀའ་འགྱུར་ལ་མ་བྱུང་བ་རེད།
དྲི་བ་བཞི་བའི་ལན།
རྗེ་ཙོང་ཁ་པའི་གོང་དུ་བོད་ལ་དབུ་མ་ཐལ་འགྱུར་བའི་གྲུབ་མཐའི་འདོད་གཞུང་གསལ་བའི་བོད་ཀྱི་མཁས་པའི་བརྩམས་ཆོས་ཡོད་པ་རེད། བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་དབུ་མ་རྩ་ཤེས་སོགས་ཐོག་མར་བོད་སྐད་ཐོག་བསྒྱུར་པ་ནས་བཟུང་དབུ་མའི་གཞུང་ལ་འཆད་ཉན་གྱི་སྲོལ་ཚུགས་ཤིང་། བསྟན་པ་ཕྱི་དར་གྱི་དུས་སུ་ལོ་ཙཱ་བ་ཆེན་པོ་པ་ཚབ་ཉི་མ་གྲགས་པས་རྒྱ་གར་ཁ་ཆེའི་ ཡུལ་དུ་ཕེབས་ནས་པཎ་ཊི་ཏ་ཛ་ཡ་ཨནྣཏ་གཙོ་བོར་གྱུར་པའི་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་ལོ་ཉི་ཤུ་རྩ་གསུམ་རིང་སློབ་གཉེར་ལེགས་པར་མཛད་དེ་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་སོགས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་ཅིང་། དབུ་མ་འཇུག་པའི་བཤད་པ་བམ་པོ་བཅུ་གཅིག་པ་སོགས་རྒྱ་ཆེར་མཛད་པ་ལ་བརྟེན་ནས་དབུ་མའི་འཆད་ཉན་གྱི་སྲོལ་ལེགས་པར་ཚུགས་ཏེ་སློབ་མ་བུ་ཆེན་བཞི་སོགས་མང་དུ་བྱོན། སློབ་བརྒྱུད་དེ་དག་ལས་མཆེད་པ་ལ་ཐལ་འགྱུར་བའི་ལུགས་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད་པ་རེད།
ལེགས་བཤད་ནས་འགྲེལ་བཏབ་མེད་པའི་ཨ་རོགས་ཁམས་ཕྲུག་གི་ཚིགས་རྒྱན་དེ་འགྲེལ་ཆུང་ཞིག། ་རྙིང་ཆོས་བསྟན་རྒྱན་བུད་མེད་ན་དཀའ། ས་བཀའ་བསྟན་རྒྱན་ཨ་ནེ་མེད་ན་དཀའ། འཇམ་དགོན་བསྟན་རྒྱན་ཨན་ཆུང་མེད་ན་དཀའ། དཀའ་གསུམ་མེད་ན་ནང་བསྟན་ཇི་ལྟར་རྒྱས།
ནོར་བཅོས། ཚིགས་ལ། ཚིག་
ལེགས་བཤད་འདི་ངོ་མ་ལེགས་བཤད་མིང་དོན་མཚུངས་སོ། ཁྱོད་ཚེ་རིང་།
དཔྱད་སྒོམ་ནས་ལྷག་མཐོང་སྐྱེ་ལ། འཇོག་སྒོམ་ནས་ཞི་གནས་སྐྱེ། དགེ་ལུགས་ལ་འཇོག་སྒོམ་མེད་ཅིང་དཔྱད་སྒོམ་ཡོད་ཟེར། དེས་བཤད་འདོད་པ་ནི་བཀའ་རྙིང་ལ་འཇོག་སྒོམ་ཡོད་པས་ཞི་གནས་མ་གཏོགས་ལྷག་མཐོང་མེད་པ་དང་། དགེ་ལུགས་ལ་ལྷག་མཐོང་ཡོད་ཟེར་དགོས་རྒྱུ་ཡིན་པ་འདྲ། ངས་གཞུང་མང་པོ་སྦྱང་མྱོང་མེད་པས་གསལ་པོ་མི་ཤེས་ཀྱང་། དངུལ་ཆུ་ཐོགས་མེད་ཀྱིས་མཛད་པར་གྲགས་པའི་རྒྱལ་སྲས་ལན་ལེན་དུ། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །གཟུགས་མེད་བཞི་ལས་ཡང་དག་འདའ་བ་ཡི། །བསམ་གཏན་བསྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་པ་ཞིག་གསུངས་འདུག། དེའི་འགྲེལ་པའི་ཐད་ལ་ཞི་གནས་མེད་ན་ལྷག་མཐོང་མི་སྐྱེ་ལ། ལྷག་མཐོང་མེད་ན་ཉོན་མོངས་སྤང་མི་ནུས་སོགས་གསུངས་ཏེ་ཞི་ལྷག་གཉིས་ནི་མེད་ན་མི་འབྱུང་གི་འབྲེལ་བ་ཅན་དུ་གྲུབ་པའི་རྒྱུ་འབྲས་སུ་གསུངས་འདུག། དེ་བཞིན་ཞི་བ་ལྷའི་སྤྱོད་འཇུག་ནང་ལ་ཡང་དེ་འདྲ་ཞིག་གསུངས་ཡོད་རེད་དྲན། དགེ་ལུགས་པས་ལྷག་མཐོང་ཞི་གནས་ལ་བརྟེན་དགོས་པར་མི་འདོད་དམ། མི་འདོད་ན་མི་འདོད་པའི་རྒྱུ་མཚན་དང་བཅས་ཏེ་གཅིག་གསུངས་གནང་རོགས་ཞུ། ཟུར་ཟའི་ཚིག་མིན་པར་ཤེས་འདོད་ཀྱིས་དྲིས་པ་ཡིན་ལགས།
ལམ་རིམ་གསུང་ཆོས་སྐབས་ཀྱི་ཟིན་བྲིས།
ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་བསླབ་ཚུལ་སྐབས། ཞི་གནས་སྐོར་གཙོ་བོར་འཕགས་པ་ཐོགས་མེད་ཀྱི་ལུགས་དང་ལྷག་མཐོང་སྐོར་གཙོ་བོར་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་གཙོ་བོར་འཛིན་དགོས་པ་ཡིན། སྤྱིར་སེམས་མི་རྟོག་པར་སྐྱོང་བའི་ཞི་གནས་ཙམ་ཞིག་ཕྱི་རོལ་བ་ལ་ཡོད་ཀྱང་བདག་མེད་པའི་ལྟ་བ་དང་འབྲེལ་བའི་ཞི་ལྷག་ཟུང་འབྲེལ་བསྒྲུབ་ཚུལ་སྐབས་འདིའི་བརྗོད་བྱ་གཙོ་བོ་ཡིན། ཞི་གནས་སྒོམ་པའི་རྟེན་ནི། ངན་སོང་གསུམ་དང་སྒྲ་མི་ཉན་པ། འདུ་ཤེས་མེད་པ་བ། ཆོས་སྤོང་དང་མཚམས་མེད་ཀྱི་ལས་སྟོབས་ལྡན། ལྷ་མ་ཡིན། ཟ་མ་མ་ནིང་དང་མཚན་གཉིས་པ་སོགས་ཀྱི་ལུས་རྟེན་ལ་དངོས་གཞི་དང་ཉེར་བསྡོགས་གང་ཡང་མེད། དེ་དག་ལས་གཞན་པའི་གླིང་གསུམ་གྱི་མི་དང་འདོད་ལྷ་དྲུག་གི་ལུས་རྟེན་ལ་བསམ་གཟུགས་ཀྱི་དངོས་གཞི་དང་ཉེར་བསྡོགས་རྣམས་གསར་སྐྱེས་དང་སྐྱེས་ཟིན་ལྡན་པ་ཡོད། དགོངས་འགྲེལ་ལས། དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་དེ་ལ་བརྟེན་ནས་ཁ་ཅིག་གིས། ཐེག་པ་གསུམ་གང་རུང་གི་ལམ་ཐོབ་པ་ལ་ཞི་ལྷག་གཉིས་ཐོབ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཟེར་ན། ལམ་རིམ་དུ་དེའི་དོན་དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཡན་ཆད་ཞི་གནས་ཀྱི་ཕྱོགས་དང་། ཇི་ལྟ་བའམ་ཇི་སྙེད་པའི་དོན་སོ་སོར་འབྱེད་པའི་ཤེས་རབ་དགེ་བ་རྣམས་ལྷག་མཐོང་གི་ཕྱོགས་སུ་འདུ་བས་འགལ་བ་མེད་ཅེས་གསུངས་བས། ཐེག་པ་ཆེ་ཆུང་གི་ཡོན་ཏན་ཐམས་ཅད་ཞི་ལྷག་དངོས་གནས་པ་གཉིས་ཀྱི་འབྲས་བུར་མི་འདུ་ཡང་། དེ་གཉིས་ཉམས་སུ་བླངས་པའི་འབྲས་བུར་ངེས་བར་འདུ་སྟེ། དེ་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྐྱོང་བ་དང་། དམིགས་པ་ལ་སེམས་རྩེ་གཅིག་ཏིང་ངེ་འཛིན་ཉམས་སུ་བླང་པས་འགྲུབ་དགོས་པ་ཡིན་གྱི། འཇོག་སྒོམ་དང་དཔྱད་སྒོམ་ཕྱོགས་རེ་བས་བསྒྲུབ་པ་མེད་པའི་ཕྱིར། ཏིང་ངེ་འཛིན་ཡིན་ན་ཞི་གནས་ཡིན་པས་མ་ཁྱབ། ཞི་གནས་ནི་སེམས་གནས་དགུ་བ་ནས་ཐོབ་ལ་དེའི་གོང་གི་སེམས་གནས་ཀྱི་ཏིང་ངེ་འཛིན་ནི་ཞི་གནས་མ་ཡིན་ཏེ། ཤིན་སྦྱངས་ཁྱད་པར་ཅན་མ་ཐོབ་པའི་ཕྱིར། ལམ་རིམ་ལས། ལུས་སེམས་ཤིན་སྦྱངས་བའི་དགའ་བདེ་ནམ་སྐྱེས་པ་ན་ཏིང་ངེ་འཛིན་དེ་ཞི་གནས་སུ་འགྱུར་ཏེ། ཞེས་གསུངས་པའི་ཕྱིར། ཐེག་པ་ཆེ་ཆུང་གི་ཡོན་ཏན་རྣམས་ཞི་ལྷག་གཉིས་ཀས་བསྒྲུབ་དགོས་པ་ཡིན་གྱི་རེ་རེས་བསྒྲུབ་ནུས་པ་མ་ཡིན། ལྷག་མཐོང་རྒྱུད་ལྡན་ཡིན་ན་ཞི་གནས་རྒྱུད་ལྡན་ཡིན་པས་ཁྱབ་ཀྱང་ཞི་གནས་རྒྱུད་ལྡན་ཡིན་ན་ལྷག་མཐོང་རྒྱུད་ལྡན་ཡིན་པས་མ་ཁྱབ་ཏེ། སྦྱོར་བྱུང་གི་དབང་དུ་བྱས་ན་ལྷག་མཐོང་ཐོབ་པ་ལ་ཞི་གནས་ཐོབ་པ་སྔོན་དུ་འགྲོ་དགོས་པས་ཞི་ལྷག་གཉིས་རིམ་ཅན་དུ་ཐོབ་དགོས་པའི་ཕྱིར་དང་། ཞི་ལྷག་གང་ཡང་མ་ཐོབ་པའི་ཐེག་པ་གསུམ་གྱི་ལམ་ཞུགས་ཀྱང་ཡོད་པའི་ཕྱིར། ཐེག་པ་གསུམ་གྱི་ཚོགས་ལམ་ནི་ཐོས་བསམ་གཙོ་ཆེ་བའི་ཕྱིར།
ཞི་གནས་ཀྱི་བསྒྲུབ་ཚུལ་གྱི་ཁུངས་ནི་དགོངས་འགྲེལ་དང་སྒོམ་རིམ། འཕགས་པ་དཀོན་མཆོག་སྤྲིན། མདོ་སྡེ་རྒྱན། བྱང་ས། ཤེར་ཕྱིན་མན་ངག །ཀུན་བཏུས་སོགས་རྒྱལ་བའི་བཀའ་དང་རྒྱལ་ཚབ་ཀྱི་གཞུང་། ཐོགས་མེད་ཀྱི་གཞུང་དང་སྒོམ་རིམ་སོགས་གཙོ་བོར་མཛད་ནས། རྒྱ་ནག་གི་མཁན་པོ་ཧྭ་ཤང་གིས་རྟོག་པ་གང་ཡིན་ཐམས་ཅད་མཚན་འཛིན་དུ་བཟུང་ནས་སོ་སོར་རྟོག་པའི་ཤེས་རབ་དོར་ཏེ་ཅི་ཡང་ཡིད་ལ་མི་བྱེད་པ་ཟབ་མོའི་དོན་སྒོམ་པར་འདོད་པ་དང་ལུགས་འདི་ཡི་རྗེས་སུ་འབྲངས་བ་ནི་ཤིན་ཏུ་མང་བར་སྣང་ངོ་ཞེས་གསུངས་བ་དང་ཧྭ་ཤང་གི་ལུགས་དེ་མི་འཐད་དེ། སྒྲིབ་པ་བསལ་འདོད་པས་ནི་ཞི་ལྷག་གཉིས་ཀ་བསྒོམ་དགོས་ཏེ། གཉིས་ཀ་མ་བསྒོམ་པར་གང་རུང་རེ་རེ་ཙམ་བསྒོམ་པས་ནི་དེ་ཁོ་ན་ཉིད་གསལ་བར་མཐོང་མི་ཐུབ་པའི་ཕྱིར། དཔེར་ན། མཚན་མོ་ལོགས་རིས་ལྟ་བའི་དོན་དུ་མར་མེ་སྦར་བ་མར་མེ་ཤིན་ཏུ་གསལ་བ་དང་རླུང་གིས་མི་གཡོ་བ་གཉིས་དང་ལྡན་ན་བྲིས་སྐུ་རྣམས་ཤིན་ཏུ་གསལ་བར་མཐོང་ངོ་། །མདོ་ལས། ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྱུར།།ལྷག་མཐོང་གིས་ནི་རི་དང་འདྲ་བར་འགྱུར།།ཞེས་གསུངས་ཏེ། སེམས་དམིགས་པ་ལས་མི་གཡེང་བར་གར་བཞག་ཏུ་སྡོད་པ་ནི་ཞི་གནས་ཀྱི་ལག་རྗེས་དང་། དེ་ཁོ་ན་ཉིད་རྟོགས་ནས་ལྟ་བ་ངན་པ་རྣམས་སྤངས་ཏེ་ཕས་ཀྱི་རྒོལ་བས་སྒུལ་མི་ནུས་པ་རི་དང་འདྲ་བ་ལྷག་མཐོང་གི་ལག་རྗེས་ཡིན་ནོ། །དེར་མ་ཟད་ཞི་གནས་མ་རྙེད་ན་ཤས་ཆེར་དམིགས་པ་གཞན་ལ་གཡེངས་བས་དགེ་སྦྱོར་བྱས་ཐམས་ཅད་སྟོབས་ཆུང་སྟེ། སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་སོགས།།ཡུན་རིང་དུས་སུ་སྤྱད་བྱས་ཀྱང་།།སེམས་གཞན་གཡེང་བས་བྱས་པ་ནི།།དེ་ཉིད་རིག་པས་དོན་མེད་གསུངས།།ཞེས་གསུངས་ལ། ཞི་གནས་གྲུབ་ནས་དཔྱད་སྒོམ་གྱིས་ཇི་ལྟ་ཇི་སྙེད་ལ་དམིགས་པའི་ཤེས་རབ་དང་གཏོང་བའི་སེམས་དང་སྡོམ་སེམས་དང་བཟོད་པ་དང་བརྩོན་འགྲུས་དང་དད་པ་དང་སྐྱོ་ཤས་སོགས་མཐའ་ཡས་བའི་དགེ་བ་སྡུད་པ་དང་། སྐྱོན་བཟློག་པའི་དམིགས་རྣམ་སྐྱོང་དགོས་པ་ཡིན་ཏེ། དུས་རྒྱུན་དུ་ཞི་གནས་ཀྱིས་སེམས་དམིགས་པ་གཅིག་ལ་བཏགས་ནས་འཇོག་པས་ནི་དགེ་སྦྱོར་ལ་སྤོགས་ཆེན་པོ་མི་འབྱུང་བར་སྒོམ་རིམ་ལས་གསུངས། སྦྱོར་བྱུང་གི་སྐབས་འདིར་ཐོག་མར་ཞི་གནས་བསྐྱེད་ནས་དེའི་ལྷག་མཐོང་སྐྱེད་དགོས་ཏེ། རིམ་པ་དེ་ལྟར་ངེས་པ་ལ་ཤིང་རྟ་ཆེན་པོ་རྣམས་དགོངས་པ་མཐུན་པའི་ཕྱིར།
ཞི་གནས་ཀྱི་མཚན་ཉིད་ཡོད་དེ། ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་དེ་ཡིན་པའི་ཕྱིར། མཚན་ཉིད་ཀྱི་ཟུར་རྣམས་འཐད་དེ། ཤིན་སྦྱངས་ཞེས་པས་འདོད་སེམས་སུ་གྱུར་བའི་སྒོམ་བྱུང་ཞི་གནས་ཡིན་པ་གཅོད། ཁྱད་པར་ཅན་སྨོས་བས་ཤིན་སྦྱངས་རགས་པས་ཟིན་པའི་ཏིང་ངེ་འཛིན་ཞི་གནས་ཡིན་པ་གཅོད། སྒོམ་བྱུང་སྨོས་བས་ཞི་གནས་གྲུབ་ནས་ཤིན་སྦྱངས་ཀྱིས་ཟིན་པའི་ཐོས་བྱུང་སོགས་ཞི་གནས་ཡིན་པ་གཅོད། བསམ་གཏན་དང་ཏིང་ངེ་འཛིན་དོན་གཅིག་ཡིན། བསམ་གཏན་ཡིན་ན་སྒོམ་བྱུང་ཡིན་པས་མ་ཁྱབ། ཞི་གནས་ཡིན་ན་སྒོམ་བྱུང་ཡིན་པས་ཁྱབ། སྒོམ་བྱུང་གི་ཏིང་ངེ་འཛིན་ཡིན་ན་ཞི་གནས་ཡིན་པས་མ་ཁྱབ། སྒོམ་བྱུང་གི་ཏིང་ངེ་འཛིན་ལ་འདོད་པའི་སས་བསྡུས་ཀྱི་ཏིང་ངེ་འཛིན་ཡོད་ལ། ཞི་གནས་ནི་གཟུགས་ཀྱི་སས་བསྡུས་ཡིན་དགོས།
སེམས་གནས་དགུ་འདྲེན་ཚུལ་ཡོད་དེ། སེམས་ནང་ཁོ་ནར་འཇོག་པ་དང་། རྒྱུན་དུ་འཇོག་པ་དང་། གླན་ཏེ་འཇོག་པ་དང་། ཉེ་བར་འཇོག་པ་དང་། དུལ་བར་འཇོག་པ་དང་། ཞི་བར་བྱེད་པ་དང་། རྣམ་པར་ཞི་བར་བྱེད་པ་དང་། རྩེ་གཅིག་ཏུ་བྱེད་པ་དང་། མཉམ་པར་འཇོག་པ་དང་དགུའོ། །ཀུན་བཏུས་ཀྱི་མིང་འདོགས་དེ་ལྟར་ཡིན། ཉན་ས་ལས་དང་པོའི་མིང་འདྲ་ལ། གཉིས་པ་ལ་རྒྱུན་དུ་འཇོག་པ་དང་། གསུམ་པར་བསྡུས་འཇོག་པ་དང་། བཞི་བ་དང་ལྔ་པ་དང་དྲུག་པ་གསུམ་མཐུན་ལ། བདུན་པ་ལ་ཉེ་བར་ཞི་བར་བྱེད་པ་དང་། བརྒྱད་པར་རྒྱུད་གཅིག་ཏུ་བྱེད་པ་དང་། དགུ་པར་ཏིང་ངེ་འཛིན་དུ་བྱེད་པ་ཞེས་བཤད་དོ། །མིང་འདོགས་ཅུང་མི་འདྲ་ཡང་དོན་གཅིག་ཏུ་འབབ། སེམས་གནས་དགུ་པ་དེ་སྟོབས་དྲུག་གིས་འགྲུབ་ལུགས་ནི། སྟོབས་དྲུག་སྟེ། ཐོས་པའི་སྟོབས་དང་། བསམ་པའི་སྟོབས་དང་། དྲན་པའི་སྟོབས་དང་། ཤེས་བཞིན་གྱི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། འདྲིས་པའི་སྟོབས་སོ། །དེ་ལ་ ཐོས་པའི་སྟོབས་ཀྱིས་དང་པོ་སེམས་ཁོ་ནར་འཇོག་པའི་དེ་འགྲུབ། བསམ་པའི་སྟོབས་ཀྱིས་རྒྱུན་དུ་འཇོག་པའི་དེ་འགྲུབ། དྲན་པའི་སྟོབས་ཀྱིས་གླན་ཏེ་འཇོག་པའི་དེ་འགྲུབ། ཤེས་བཞིན་གྱི་སྟོབས་ཀྱིས་དུལ་བར་བྱེད་པའི་དེ་དང་ཞི་བར་བྱེད་པའི་དེ་གཉིས་འགྲུབ། བརྩོན་འགྲུས་ཀྱི་སྟོབས་རྣམ་པར་ཞི་བར་བྱེད་པའི་དེ་དང་རྩེ་གཅིག་ཏུ་བྱེད་པའི་དེ་འགྲུབ་པ་དང་། འདྲིས་པའི་སྟོབས་ཀྱིས་མཉམ་པར་འཇོག་པའི་དེ་འགྲུབ་སྟེ། གོམས་པའི་སྟོབས་ཀྱིས་འབད་མེད་དུ་འཇུག་པའི་ཏིང་ངེ་འཛིན་སྐྱེད་པའི་ཕྱིར་རོ། །སེམས་གནས་དགུའི་དཔེ་རིས་གཙུག་ལག་ཁང་གི་སྒོ་འཕྱོར་དུ་འབྲི་བའི་སྲོལ་ཡོད་པ་ལྟར་རྡ་ས་ནོར་གླིང་གི་སྒོ་འཕྱོར་གྱི་ལོགས་རིས་ཤིག་ཏུ་ཡོད་པ་མཐོང་མྱོང་། །དང་པོར་སེམས་དམིགས་པ་ལ་འཇོག་ཚུལ་གྱི་གདམས་པ་ཉན་ནས་དེའི་རྗེས་སུ་འབད་པ་བྱེད་ལ་སེམས་དམིགས་པ་ལ་འཇོག་པར་བྱ་བ་ཡིན། དྲན་པས་སྟོབས་བསྐྱེད། ཤེས་བཞིན་གྱིས་བྱ་ར་བྱེད། དེ་ལྟར་གོམས་པ་གློད་དུ་གྱུར་ནས་འབད་རྩོལ་མེད་པར་ཏིང་ངེ་འཛིན་དུ་འགྲོ་བའི་ཚེ་སེམས་གནས་དགུ་བ་འགྲུབ་པར་འགྱུར་རོ། །དེ་དགུ་ཡིད་བྱེད་བཞིས་བསྡུས་ཏེ། བསྒྲིམས་ཏེ་འཇུག་པ་དང་། བར་དུ་ཆད་ཅིང་འཇུག་པ་དང་། སྐབས་སུ་ཆད་པ་མེད་པར་འཇུག་པ་དང་། ལྷུན་གྱིས་གྲུབ་པར་འཇུག་པ་བཞིས་བསྡུས་པའི་ཕྱིར། སེམས་གནས་དང་པོ་དང་གཉིས་པ་གཉིས་ བསྒྲིམས་ཏེ་འཇུག་པ་དང་། གསུམ་པ་ནས་བདུན་པ་བར་སྐབས་སུ་ཆད་ཅིང་འཇུག་པའི་ཡིད་བྱེད་འཇོག །བརྒྱད་པ་ནི་སྐབས་སུ་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་དུ་འཇོག །དགུ་པ་ནི་རྩོལ་བ་མེད་པར་འཇུག་པའི་ཡིད་བྱེད་དུ་འཇོག་གོ །
དཔྱད་སྟོབས་ཀྱིས་དྲངས་བའི་ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ལྷག་མཐོང་གི་མཚན་ཉིད། ལྷག་མཐོང་ཞེས་པའི་སྒྲ་བཤད་ནི། ཞི་གནས་ལས་ལྷག་པའམ་ཁྱད་པར་མཐོང་བས་ན་དེ་ལྟར་བརྗོད། སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་ན་ལྷག་མཐོང་ཡིན་པས་མ་ཁྱབ་ལ། ལྷག་མཐོང་ཡིན་ན་ཡང་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་པས་མ་ཁྱབ་པ་ཤེས་དགོས་པ་ཡིན། ཞི་རགས་ཀྱི་རྣམ་པ་ཅན་གྱི་ཞི་ལྷག་གཉིས་གྲུབ་ཟིན་ཀྱང་སྟོང་ཉིད་ཀྱི་ལྟ་བའི་སྟེང་ནས་ཞི་ལྷག་སླར་རིམ་པས་སྐྱེ་དགོས་པ་ཡིན་པའི་ཕྱིར། ཞི་གནས་ལ་འཇོག་སྒོམ་གཙོ་བོ་དང་ལྷག་མཐོང་ལ་དཔྱད་སྒོམ་གཙོ་ཆེ་བ་དང་། ལུས་སེམས་ཤིན་སྦྱངས་ཁྱད་པར་ཅན་དེ་ལ་འཇོག་སྒོམ་གྱི་སྟོབས་ཀྱིས་དྲངས་བ་དང་། དཔྱད་སྒོམ་གྱི་སྟོབས་ཀྱིས་དྲངས་བ་གཉིས་ཡོད་ལ། ཞི་གནས་ལ་སྔ་མ་ཐོབ་པས་ཆོག་ཀྱང་ལྷག་མཐོང་ལ་སྔ་མ་ཐོབ་པས་མི་ཆོག་པར་ཕྱི་མ་ཐོབ་དགོས་པའི་ཕྱིར། སྟོང་ཉིད་ལ་སེམས་རྩེ་གཅིག་ཏུ་བཞག་ནས་སྒོམ་པའི་སྟོབས་ཀྱིས་ཤིན་སྦྱངས་ཁྱད་པར་ཅན་སྐྱེས་བ་ན་ལྟ་བའི་སྟེང་ནས་ཞི་གནས་གྲུབ་པ་ཡིན་ལ། དེ་ལ་འཇོག་སྒོམ་ཇི་ཙམ་བྱས་ཀྱང་ཞི་གནས་ཀྱི་སྤྱོད་ཚུལ་ལས་མ་འདས་པས་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་སྟོབས་ཀྱིས་དྲངས་བའི་ཤིན་སྦྱངས་ཁྱད་པར་ཅན་མི་ཐོབ་པས་སྟོང་ཉིད་ལ་དམིགས་པའི་ལྷག་མཐོང་མི་ཐོབ་ཅིང་། དེ་འདྲ་བའི་ཞི་གནས་གྲུབ་ནས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་དཔྱད་པས་དཔྱད་པ་དེའི་སྟོབས་ཀྱིས་ཤིན་སྦྱངས་ཁྱད་པར་ཅན་སྐྱེས་པ་ན་ལྷག་མཐོང་ཐོབ་པ་ཡིན་པའི་ཕྱིར།