སྤྱི་ལོ་༢༠༡༢ལོའི་ཟླ་༡༢ ཚེས་༡༨ ནས་སྤྱི་ལོ་༢༠༡༢ ལོའི་༡་པོའི་ཚེས་༡༨ བར་ཟླ་གཅིག་རིང་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཚོག་བཞིན་ཡོད་པ་དང་། དེར་དགེ་འདུན་པ་༤༠༠༠ མ་ཟིན་ཙམ་ཕེབས་ཡོད་པ་རེད། དེ་ཡང་ཚེས་༡༨ ཉིན་འཇང་དགུན་ཆོས་ཆེན་མོའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག དགའ་ལྡན་བླ་སྤྱིའི་འདུ་ཁང་ནང་དུ་སྔོན་འགྲོའི་མཛད་སྒོ་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་དགའ་ལྡན་ཤར་བྱང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་གཙོས་བླ་སྤྲུལ་དགེ་བཤེས་དང་། འཇང་དགུན་ཆོས་ཚོགས་ཀྱི་ལས་ཀྱི་སྣེ་མོ་བ་དང་རིགས་པ་སྨྲ་བའི་གདན་ས་ཁག་གི་གྲྭ་བཙུན་སློབ་གཉེར་བ། བྱེས་ཀྱི་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་དྲུག་དང་། གཞན་ཡང་རྭ་སྟོད་གྲྭ་ཚང་དང་། བཀྲིས་ལྷུན་པོ། རྣམ་རྒྱལ་གྲྭ་ཚང་། རྒྱུད་སྟོད་གྲྭ་ཚང་། རྫོང་དཀར་ཆོས་སྡེ། མཚན་ཉིད་གྲྭ་ཚང་སོགས་ཕྱོགས་མཐའ་ཁག་ནས་ཆེད་དུ་འཇང་དགུན་ཆོས་ཐོག་ཆེན་མོར་ཕེབས་མཁན་ཡོངས་འདུ་འཛོམས་གནང་ཡོད་པ་རེད། ཚོགས་ཐོག་ཏུ་དགའ་ལྡན་ཤར་བྱང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་དང་དགེ་སྐོས་རྣམ་པ་བཅས་ཀྱིས་རིམ་པས་དུས་ཡུན་ཟླ་གཅིག་རིང་སློབ་གཉེར་བྱེད་ཕྱོགས་དང་། ལྷག་པར་དུ་ཚད་མ་རྣམས་འགྲེལ་གྱིས་མཚོན་ཚད་མའི་གཞུང་ཆེན་ཁག་གི་མཚན་ཉིད་རིགས་པའི་དོན་ལ་བརྡར་ཤ་བཅད་དེ་སྒྲོ་འདོགས་གཅོད་དགོས་སྐོར་དང་། གཞན་ཡང་གྲྭ་ཚང་སོ་སོར་གང་ཡོད་པའི་ཁྲིམས་དང་སྒྲིག་གཞིར་བརྩི་སྲུང་ལག་ལེན་དོན་འཁྱོལ་བྱ་དགོས་སྐོར་སོགས་ཀྱི་བླངས་དོར་གསུང་བཤད་གནང་ཡོད་པ་རེད།
ཕྱི་ཚེས་༡༩ ནས་བཟུང་དམ་བཅའ་དང་རྩོད་སྒྲུབ་གཅས་དངོས་སུ་དབུ་འཛུགས་གནང་ནས་ཉིན་ལྟར་ཞོགས་པའི་ཆུ་ཚོད་༩ དགུ་པ་ནས་༡༡ བར་ལ་རྩོད་གྲྭ་དང་། ཕྱི་དྲོ་ཆུ་ཚོད་༦ དྲུག་པ་ནས་༧ ་༣༠ བདུན་དང་ཕྱེད་ཀའི་བར་ལ་དམ་བཅའ་འཚོག་གི་ཡོད་པ་རེད། དེ་ནས་དགོང་མོ་ཆུ་ཚོད་༡༡ བར་དུ་གྲྭ་ཚང་སོ་སོའི་ཆོས་རའི་ནང་དུ་གྲྭ་ཚང་སོ་སོའི་ཁོངས་གཏོགས་ཀྱི་མཚན་ཉིད་པ་རྣམས་ཀྱིས་རྩོད་སྒྲུབ་རིགས་ལམ་གྱིས་གཞུང་དོན་ལེགས་ཚོལ་དང་། དཀའ་གནད་ཞིབ་དཔྱོད་ཀྱི་ལས་ལ་འཇུག་རྒྱུ་ཡིན་འདུག འཚོག་བཞིན་པའི་དགེ་ལྡན་འཇང་དགུན་ཆོས་ཆེན་མོར་ཕེབས་མཁན་དགེ་འདུན་པའི་ཞལ་གྲངས་༤༠༠༠ མ་ཟིན་ཙམ་ཡོད་པ་དང་དེ་དག་གིས་ཟླ་གཅིག་གི་རིང་ཚད་མའི་གཞུང་ལུགས་ཆེན་མོར་སློབ་གཉེར་བྱ་རྒྱུ་ཡིན་པ་རེད།།
གནས་ཚུལ་མཁོ་འདོན་པ་སེར་ཤུལ་རིན་ཆེན་དོན་གྲུབ།