——རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ།།
སང་ཉིན་ནི་སྤྱི་ལོ་༢༠༡༥ ཟླ་༡༡ ཚེས་༢༥ སྟེ་འཛམ་གླིང་དཀར་ཟས་ཀྱི་ཉིན་མོའམ། འཛམ་གླིང་ཤ་མེད་ཀྱི་ཉིན་མོ་རེད། ཉིན་མོ་འདི་ནི་སྤྱི་ལོ་༡༩༨༦ ལོར་རྒྱ་གར་ནས་འགོ་བཙུགས་ཤིང་། རིམ་གྱིས་རྒྱལ་སྤྱིའི་ངོས་འཛིན་བྱས་པའི་ཤ་མེད་ཀྱི་ཉིན་མོ་ཞིག་རེད། ཉི་མ་འདིར་ང་ཚོ་ཚང་མས་སྒོ་དུ་མ་ནས་དཀར་ཟས་ཁོ་ནར་སྤྱོད་པའི་མི་སྡེ་ཞིག་འཛུགས་རྒྱུར་མཉམ་ལས་བྱེད་དགོས། ངས་ཀྱང་འདི་ན་རང་ཉིད་སྒེར་གྱི་མྱོང་ཚོར་འགའ་ཞིག་དང་སྦྲེལ་ཏེ་དཀར་ཟས་ཀྱི་ཆེད་དུ་འབོད་སྐུལ་གྱི་ཡིག་ཆུང་ཞིག་འབྲི་གིན་ཡོད།
དེ་རིང་ཞོགས་པ་ང་གཙུག་ལག་ཁང་ནས་མེཀ་ལོར་དུ་ཡར་ཡོང་སའི་ཟ་ཁང་ཞིག་གི་ནང་ནས་ལུམ་ཇ་ཕོར་བ་ཤེལ་དེམ་བཏུང་ནས་ངལ་གསོ་ཏོག་ཙམ་བརྒྱབ་པ་ཡིན། དེ་ནས་ཆུ་ཚོད་བཅུ་གཉིས་ཟིན་གྲབས་འདུག་པས་སྦྱིན་བདག་བོད་པ་ཨ་ཅག་དེར།
ཉིན་གུང་ཁ་ལག་ག་རེ་ཡོད། ཅེས་དྲིས།
ཨ་ཅག་དེས། རྒན་ལགས། ཤ་ཡོད་ཡོད་མ་རེད་དཱ། ཟེར།
ངས་ལན་དུ། དེ་ཡག་པོ་རེད་པཱ། ངས་ཀྱང་ཤ་ཟ་གིན་མེད། ཅེས་ལན་བཏབ།
མོས་སླར་ཡང་ང་ལ། ང་ཚོ་བོད་པའི་སྐུ་ཞོགས་མང་པོ་ཞིག་གིས་ཤ་ཡོད་མེད་ན་མི་མཆོད་གིས་་་་་་་་་་་ ཟེར།
སྐབས་དེར་ངའི་སེམས་སུ། སྤྱིར་བཏང་ཡིན་ན། གྲྭ་ཆས་གྱོན་མཁན་ཞིག་ཟ་ཁང་ཞིག་ཏུ་བསླེབས་ནས་ཟ་མ་དགོས་ལབ་ན། སྦྱིན་བདག་གིས་ཤ་མེད་ཡོད་མ་རེད། དགོངས་དྭངས། ལབ་འོས་པ་ཞིག་རེད། འོན་ཀྱང་། ང་ཚོ་བོད་པའི་སྤྱི་ཚོགས་སུ། ཟ་ཁང་དུ་གྲྭ་པས་ཟ་མ་ག་རེ་ཡོད་ཅེས་དྲིས་པ་དང་། དགོངས་དྭངས། ཤ་ཡོད་ཡོད་མ་རེད། ཅེས་སྔོན་ལ་གསལ་བཤད་དགོས་པ་འདིས་ཅི་ཞིག་མཚོན་གྱི་འདུག་ཨང་སྙམ་པའི་ཚོར་བ་སྐྱུར་མོ་ཞིག་བྱུང་།
སྐབས་དེར་ངས་ཉེ་སྔོན་ཞིག་ལ། སྤྲུལ་སྐུ་མཁས་པ་ཞིག་གིས། ཁོང་ཚོ་དགེ་འདུན་པ་ཁག་ཅིག་རྒྱ་གར་ལྷོ་ཕྱོགས་ཀྱི་ཁ་ཆེའི་གྲོང་སྡེ་བ་ཕྱུགས་ཀྱི་བཤས་ར་ཡོད་ས་ཞིག་ཏུ་སོང་ཞིང་། རླངས་འཁོར་ལས་བབས་ཚར་མ་ཐག་མུ་སི་ལམ་པ་དེ་ཚོས་གཡས་རུབ་གཡོན་རུབ་བྱས་ཏེ། གུ་རུ་རྗེ། ཤ་གསར་པ་དང་ཡག་པོ་ཡོད། ཟེར་གྱིན་ཕར་འཐེན་ཚུར་འཐེན་བྱས་པ་དང་། སྐབས་དེར་ཁོང་གིས། རང་ཉིད་སངས་རྒྱས་ཀྱི་རྗེས་འཇུག་ཞིག་དང་། ཁྱད་པར་བླ་མ་གྲྭ་པ་ཞིག་ཡིན་པའི་ཆ་ནས་གསོད་ལ་ཉེ་བའི་དུད་འགྲོ་ཞིག་གི་གམ་དུ་སླེབས་ན་ཁོང་ཚོར་གསོན་པའི་རེ་བ་སྦྱིན་མཁན་ཡིན་དགོས་རྒྱུ་ལ། ཁོང་དག་གི་མིག་ལམ་ན་ང་ཚོས་འདི་འདྲའི་བག་ཆགས་ངན་པ་ཞིག་བཞག་འདུག་ཨང་སྙམ་ནས་ཉིན་མང་པོར་སེམས་པ་ཤིན་ཏུ་མ་སྐྱིད་པ་ཞིག་བྱུང་། ཞེས་གསུངས་པའི་བཀའ་མོལ་དེའང་ཡིད་ལ་དྲན།
དེང་སང་རྡ་ས་འདིར་མཚོན་ན། ནོར་བུ་མགྲོན་ཁང་དང་། མགྲོན་ཁང་ལྗང་གུ་སོགས་སྤུས་ཚད་ཅུང་བཟང་བའི་ཟ་ཁང་གང་མང་ཞིག་གིས་དཀར་ཟས་ཁོ་ན་གཏོང་གིན་ཡོད་པ་ནི་དགའ་འོས་པ་ཞིག་རེད་མོད། ཁོང་ཚོའི་དཀར་ཟས་བཟོ་དགོས་པའི་དམིགས་ཡུལ་གཙོ་བོ་ས་ཆ་འདིར་ཡོང་མཁན་གྱི་ཕྱི་རྒྱལ་བ་དང་རྒྱ་གར་བ་མང་ནས་མང་དུ་འགྲོ་བཞིན་པ་དག་གི་ནང་དུ་ཤ་ཟས་ཟ་མཁན་ཉུང་ནས་ཉུང་དུ་འགྲོ་བཞིན་པའི་རྒྱུ་མཚན་གྱིས་ཡིན་པ་གོ་དས་སེམས་པ་སླར་ཡང་འདང་རྒྱག་གི་ནང་དུ་ལྷུང་།
མདོར་ན། ཁོར་ཡུག་གང་དུ་སོང་ཡང་ད་ལྟའི་དུས་ན་ཤ་ཟ་མཁན་མང་ཤོས་དེ་བོད་པ་ཆགས་ཀྱི་ཡོད་པ་ལྟ་བུའི་མཐོང་སྣང་བྱུང་། དེས་ན་ད་ནས་རང་རེ་བོད་པ་སྤྱི་དང་། ཁྱད་པར་དགེ་འདུན་པ་དག་གིས་ད་ནས་དམར་ཟས་ཀྱི་ཕྱོགས་འདི་ལ་ཅིས་ཀྱང་ལྟ་སྟངས་གསར་པ་ཞིག་སྤྱད་དེ་གཟིགས་དགོས་པར་མཐོང་ངོ་། །
སྤྱི་ལོ་༢༠༡༥ ཟླ་༡༡ ཚེས་༢༤ ཉིན། རྫ་ཚེ་རིང་བཀྲ་ཤིས་ཀྱིས་འཛམ་གླིང་དཀར་ཟས་ཉིན་མོའི་སྔ་ནུབ་ཏུ་བཞུགས་སྒར་རྡ་རམ་ས་ལའི་མགྲོན་ཁང་ཞིག་ནས་སྤྲིངས།
་་་་་་་ ཉི་མ་འདིར་ང་ཚོ་ཚང་མས་སྒོ་དུ་མ་ནས་དཀར་ཟས་ཁོ་ནར་སྤྱོད་པའི་མི་སྡེ་ཞིག་འཛུགས་རྒྱུར་མཉམ་ལས་བྱེད་དགོས། ་་་་་
ཧཧཧ་ཡ་མཚན་པ་ལ། དེང་སང་འགོ་ལོག་གི་འབྲོག་པ་དེ་ཚོས་ཡང་ཤ་ཟ་གི་མེད་པ་འདྲ། ཡ་མཚན་རེད་དགའ་བསུ་ཡོད།
བྱང་སེམས་སྤྲེའུའི་རྒྱུད་པ། །
ཤ་ཟ་སྲིན་མོའི་རྒྱུད་པ། །
དང་པོ་དམག་འཐབ་མི་རིགས། །
དེ་ནས་ཐེག་ཆེན་མི་རིགས། །
ད་གཟོད་ཤ་དེ་སྤོངས་རན། །
དངོས་འབྲེལ་ཚོར་བ་ཟུག་པོའི་ཡིག་ཆུང་སྤྲིངས་པར་དགའ་བསུ་ཞུ།
ཤ་མེད་དུ་འཚོ་དགོས་པ་ནི་ང་ཚོ་བོད་པའི་མདུན་ན་ལྷག་པའི་ལག་བསྟར་རང་བཞིན་གྱི་བྱ་འགུལ་གལ་ཆེན་ཞིན་ཡིན་པས་ཚང་མས་དགོངས་འཇགས་ཡོང་བ་ཞུ།
རང་ཉིད་་ཀྱི་ཁ་ཟས་་ཞིམ་པོ་ཞིག་ལ་སྲེད་ནས་གཞན་དུད་འགྲོ་སེམས་ཅན་གྱི་ཚེ་སྲོག་ལ་སྣང་བ་མེད་པ་ནི་ངོ་མ་ཧ་ཅང་མ་རུང་བ་ཞིག་ཡིན་པ་བཤད་ཅི་དགོས། འོན་ཀྱང་དེང་སང་རྒྱ་བླ་ཚོས་ཤ་མེད་དང་སྲོག་བསླུ་ཟེར་ནས་ས་བསྒྲགས་གནམ་བསྒྲགས་ཀྱི་ཚ་ཚ་འུར་འུར་གྱིས་ལས་འགུལ་དག་ནི་རྒྱ་མི་སྦྱིན་བདག་ཚོའི་ངོར་ཚུལ་འཆོས་མ་བྱེད་རང་བྱེད་ཡིན་ན་ཐང་།
ཁྱེད་ལ་རྒྱབ་སྐྱོར་དང་ཡི་རངས་ཞུ།
ཤ་མི་ཟ་ཟེར་ན། འོ་མ་མི་འཐུང་ཟེར་ན། གོ་ལྤགས་མི་གོན་ཟེར་ན། རུས་ཆས་མི་སྤྱོད་ཟེར་ན། སུའི་སྲོག་མི་གཅོད་ཟེར་ན། ཁྱེད་ཚོ་ལ་འཇིག་རྟེན་གྱི་འཁོར་ལོའི་ལག་བར་ན། སྐྱག་པ་བཏང་ནས། ཁ་རྒྱགས་པ་བཤད་ནས། ཅི་ཙམ་འཚོ་ཡང་སྙིང་བོ་མི་འདུག། འཇིག་རྟེན་ལ་ཆ་རྒྱུས་ཡ་རྒྱུས་མེད་པའི་སྐད་ཆ་དང་སྤྱོད་མ་རང་རེད།
སྤོབས་པ་མཐའ་ཡས་ཟེར་བའི་མི་ཞིག་གིས་ཤཀྱའི་རྒྱལ་པོས་ཕག་ཤ་རྙིང་པ་ཟོས་པས་སྟོན་པ་གྲོད་ཁོག་ན་ནས་དཀྲོངས་སོང་བ་རེད་ཅེས་ཁ་བརྡའི་ཐོག་ཏུ་བཤད་སོང་། ཤཀྱའི་རྒྱལ་པོ་ཁོང་རང་ཕག་ཤ་བཟའ་མཁན་ཞིག་ཡིན་ན་རྗེས་འཇུག་ཚོས་དམར་ཟས་སྤོང་ཀྱང་ལུགས་མཐུན་ཅང་ཨེ་ཡིན་ན་་་་་་་་ཧཧ
ཤ་མེད་པའི་ཟ་མ་ཧ་ཅང་མང་པོ་དང་ཞིམ་པོ་ཡང་མང་པོ་འདུག