སྤྱན་ཆེན་པོ།
མི་རིང་བར་ང་ཚོས་༢༠༡༦ ལ་བདེ་མོ་བཞག་ནས་༢༠༡༧ བསུ་དགོས། ༢༠༡༦ལོ་ནི་རང་རེའི་བཙན་བྱོལ་ནང་ལ་མཚོན་ན་ཛ་དྲག་ཤོས་ཤིག་དང་རྙོག་འཛིང་ཆེས་ཆེ་བའི་ལོ་ཞིག་ལ་བཞག་ན་ཆོག རྙོག་འཛིང་དེའི་ཟ་ཟུར་ནས་རྔ་སྒྲོ་མཆན་འོག་ནས་བུད་པའི་སྨྱོན་པ་དང་གཟའ་རོ་མང་པོ་མངོན་ཞིང་གཟའ་རོ་ཚོའི་རྨོངས་ཞེན་དང་མཁྲེགས་འཛིན་གྱི་དུད་སྤྲིན་ནག་པོས་༢༠༡༦ལོའི་བཙན་བྱོལ་སྤྱི་ཚོགས་འདི་ཟང་ཟིང་ཞིག་ལ་བསྒྱུར།
༢༠༡༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་དེ་ནི་སྔར་མ་བྱུང་བའི་འཁྲུག་ཆ་ཆེན་པོ་ཞིག་བྱུང་ཡོད་ལ། འཁྲུག་ཆ་དེ་སློང་མཁན་ནི་སྲིད་སྐྱོང་གི་འོས་མི་གཉིས་ཡིན་པ་རེད། ཚུལ་འཆོས་གྱི་གདོང་འབག་གྱོན་ཞིང་ཤེས་ཡོན་གྱི་དབུལ་བའི་ཅལ་འདྲོགས་པ་ཁ་ཤས་ཀྱི་རམ་དཀྲོལ་འོག་དྲ་འབུ་ཁ་ཤས་ནར་སོན་ཞིང་།༢༠༡༦ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་མཇུག་གྲུབ་ཟིན་ན་ཡང་དྲ་འབུ་རྣམས་ད་དུང་ཆོལ་ཞེན་གྱིས་བཟི་ཁའི་བར་ན་དྲ་འབུ་ཡི་སྐུ་སྐྱེ་ཡང་སྐྱེ་བཞེས་ནས་ཡོད། དེ་དག་གི་ཁྲོད་ན་མི་ཚེ་སློབ་གཉེར་ལ་བསྟིམས་པའི་དྲ་འབུ་དམར་པོའང་མང་བོ་ཡོད།
༢༠༡༦ ལོར་རང་གཞུང་གི་སྒོ་འགྲམ་ནས་ཞུ་འབོད་དང་ཞུ་གཏུགས་བྱེད་མཁན་ཚོགས་སྡེ་གཉིས་བྱུང་སྐད་འདུག་ལ། ལོ་འདིར་རང་གཞུང་གི་སྒོ་འགྲམ་ནས་ངོ་རྒོལ་བྱེད་མཁན་མང་དུ་སོང་བ་འདིས་ཅི་ཞིག་གསལ་བཤད་བྱས་པ་མ་ངེས་ཀྱང་། གང་ཞིག་གསལ་བརྗོད་བྱས་པ་གསལ་བོ་རེད། ད་དུང་འཆར་ལོའི་ཕྱི་ཟླ་གསུམ་པའི་ནང་ཞི་རྒོལ་བྱེད་རྒྱུ་ཡིན་ཟེར་མཁན་གྱི་ཚོགས་སྡེ་རེ་གཉིས་ཡང་ཡོད་པ་ཐོས།
༢༠༡༦ ལོར་བྱང་ཨ་རིའི་གཟའ་མཇུག་གི་སློབ་དེབ་ཟེར་བའི་ས་ཁུལ་དེའི་བྱིས་པ་རྣམས་ལ་དམིགས་ནས་སློབ་དེབ་དཔེ་མེད་པ་ཞིག་བསྒྲིགས་འདུག་པ་དེར་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་སུ་ཤེས་རིག་བཀའ་བློན་མཆོག་གིས་གསལ་བཤད་གནང་དོན། “བོད་ཀྱི་བང་ཆེན་དྲ་བའི་ནང་དུ་ང་ཚོའི་སློབ་དེབ་དེར་བསྔགས་བརྗོད་གནང་འདུག དེར་ཐུགས་རྗེ་ཆེ་ཞུ་བ་ཡིན་”ཟེར། ཡིན་ན་ཡང་བྱང་ཨ་རིའི་ཁུལ་ན་རྒྱ་སེར་ལ་འགྱུར་བར་བྲེལ་བཞིན་པའི་སློབ་ཕྲུག་རྣམས་སྙིང་རྗེ།
༢༠༡༦ ལོར་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་ལ་གཟེངས་རྟགས་ཤིག་ཕུལ་སོང་ཞེས་དྲ་རྒྱའི་བརྒྱུད་ལམ་ཁག་ན་ཤེད་དང་ཤུགས་ཀྱིས་གླེང་གིན་འདུག གཟེངས་རྟགས་ཕུལ་མཁན་ནི་ཉེ་སྔོན་རྡ་སའི་ཚོགས་པ་བདུན་གྱིས་མིང་འདོན་བྱས་པའི་༧གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་ཁྲོད་ཀྱི་གཅིག་ཡིན་པ་དང་། གཟེངས་རྟགས་བཞེས་དུས་ད་དུང་བཀའ་ཟུར་མཆོག་གི་༧གོང་ས་མཆོག་ལ་དད་པའི་མིག་ཆུ་སྐམ་མི་འདུག་ཟེར།
ཀླུ་སྨྱོན་ནི་༢༠༡༦ ལོར་བྱང་ཨ་རིར་སྨྱོ་ནད་ཅན་ཁ་ཤས་བྱུང་བའི་ཁྲོད་ཀྱི་གཅིག་རེད། རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་སྨྱོས་པ་མ་ངེས་ཀྱང་ཉེ་སྔོན་ཀླུ་སྨྱོན་ཡང་བསྐྱར་སྨྱོ་ནད་འཕར་འདུག་ཅེས་གླེང་གིན་འདུག “རང་ལུས་མེར་སྲེག་བྱེད་པ་ལས། ཁྱོད་ཀྱིས་ཀ་ཁ་ག་ང་སྦྱོངས། རང་ལུས་མེར་སྲེག་བྱེད་པ་ལས། དེང་རབས་བཟོ་བཀོད་འཚར་བའི་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་ལྟད་མོར་ཕེབས་”སོགས་སྨྱོ་བཤད་གཟའ་བཤད་མང་བོ་བྱས་སོང་། ཁྱོད་ཚོས་ལྟོས་དང་། ལོ་རྗེས་མ་ཀླུ་སྨྱོན་བོད་དུ་གཉེན་འཕྲད་ལ་འགྲོ་ཐུབ་ཁོ་ཐག་ཡིན།
༢༠༡༦ ལོར་སྔར་བཞིན་རང་བཙན་རྩོད་མཁན་གྱི་མི་ནད་པ་དེ་ཚོས་རང་བཙན་ཞེས་ཁ་གཡང་ཞིག་ཉལ་སའི་ནང་ན་སྒྲོག་བཞིན་འདུག དོན་གྱིས་རང་བཙན་རྩོད་མཁན་གཞོན་ནུ་ཚོགས་པ་འདྲ་ཞིག་ཡིན་ན་ངོ་སོ་བསྟོད། རང་བཙན་སྒྲོག་མཁན་གྱི་མི་ནད་པ་དེ་ཚོའི་དམིགས་ཡུལ་གང་ཞིག་ཡིན་པ་མ་ངེས་ཀྱང་། དེ་ཚོའི་འགོས་ནད་དེ་སྤྱི་ཚོགས་ཀྱི་ཟ་ཟུར་གང་རུང་ནས་མངོན་པ་མ་ཟད། ༢༠༡༦ ལོའི་གྲོས་ཚོགས་གསར་བའི་ནང་དུ་ཡང་དེ་འདྲའི་ནད་པ་ཁ་ཤས་ཐོན་ཡོད་པ་འདྲ།
༢༠༡༦ ལོར་གངས་སྐྱིད་དུ་ཧིན་སྒོར་འབུམ་༧༠༠ལྷག་གི་འགྲོ་སོང་བཏང་ནས་ཐོག་བརྩེགས་ལྔ་ཅན་ཀྱི་ལས་ཁུངས་གསར་རྒྱག་གི་ལས་གཞི་ཞིག་འགྲོ་བཞིན་འདུག ཁང་བརྩེགས་དཀྱིལ་གྱི་སྐས་འཛེག་གི་ཕྱི་དབྱིབས་ནི། དབྱིན་ཡིག་ནང་གི་ཊི་ T ཡི་བཟོ་ལྟ་ཡིན་པ་སོགས་ཕྱི་ནས་བལྟས་ན་འདྲ་ཆགས་པོ་ཞིག་བརྒྱབ་འདུག ཡིན་ན་ཡང་སྟོང་ལ་ཉེ་བའི་རྡ་སའི་རི་ཁུལ་ལ་གནས་པའི་བདག་མེད་ཀྱི་གསར་འབྱོར་བ་རྣམས་སྙིང་རྗེ། ཐབས་ཟད་ཨུ་ཐུག་ནས་རྒྱ་ནག་གཞུང་ཚབ་ཀྱི་སྒོ་འགྲམ་ལ་འཚང་ཁ་རྒྱག་བཞིན་པ་འདི་ད་དུང་བཀའ་ཤག་གསར་བས་མཐོང་མེད་པ་འདྲ།
བཀའ་ཤག་སྐབས་བཅུ་གསུམ་པའི་སྐབས་སུ་དབུ་བརྙེས་པའི་ཤེས་ཡོན་སྲིད་ཇུས་གསར་བ་ནི་”མགོ་བོ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་ནཱ་ད་ལ་ཐིམ་”ཅེས་པའི་དཔེ་ལྟར་ད་ལྟ་ལྷག་ཡོད་པ་ནི་དཔེ་སྟོན་སློབ་གྲྭ་གཅིག་པུ་ཡིན། ༢༠༡༦ ལོར་དཔེ་སྟོན་སློབ་གྲྭ་ཡང་ཆ་བགོས་མང་བོ་ཞིག་བྱས་སོང་བས་ད་ནི་མི་འགྱང་བར་”ནཱ་ད་ཡང་མི་དམིགས་པ་སྟོང་བ་ཉིད་དུ་གྱུར་”ཞེས་པ་ལྟར་གྱུར་ལ་ཉེ་བས། སྟོང་བའི་ངང་ནས་ཤེས་རིག་བཀའ་བློན་མཆོག་བཀའ་བློན་གྱི་ལོ་ལྔའི་དུས་ཡུན་མྱུར་དུ་གྲུབ་ནས་བྱང་ཨ་རིར་འཕུར་བར་གྱུར་ཅིག་གུ
༢༠༡༦-༡༢-༢༨ ཉིན་བྲིས།
ཨ་ལ་ལ
ཡག་པོ་འདུག འོན་ཀྱང་། བཟང་ངན་གཉིས་ཐད་ནས། གླེང་ཐུབ་ན་ཅུང་རིན་ཐང་ཆེ་བ་ཡོད་པར་མཐོང་།
༄༅། ༢༠༡༦ ལོར་ལེགས་ཉེས་འབུར་ཐོན་དགའ་བྲིས་འདུག་པ་ལེགས་ཀྱང།
ཡག་སྡུག་འབྲིང་གསུམ་ཀ་བྲི་དགོས་པ་ལས། གཡག་མིག་ཞ་རའི་རྕ་ཟ་བ་བཞིན་བྲིས་འདུག་
ཁ་གདངས་ཙམ་གྱིས་འབུ་་་་་་་་
དོན་དང་ལྡན་པ་ཞིག་བྲིས་གནང་འདུག
མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ལྟ་གྲུབ་འོག བོད་མིའི་ས་གནས་རང་སྐྱོང་གི་དབུ་མའི་ལམ་གྱི་མཛད་གཙོ་རྣམས་པས་རྒྱ་ཟས་ལེའུ་བཅུ་བརྒྱད་མཆོད་བཞིན་པའི་དུས་སྐབས་འདི་ལ་རང་ལུས་མེར་སྲེག་བྱེད་བཞིན་པའི་ཉམ་ཆུང་བོད་མི་དེ་ཚོ་ལ་རང་ལུས་མེར་སྲེག་མ་གནང་ཟེར་མི་ཐུབ་པའི་རྒྱུ་མཚན་གང་རེད་དམ། སྙིང་རྗེ་དང་ལྡན་པའི་ཀླུ་སྨྱོན་ལགས་ཀྱི། རང་ལུས་མེར་སྲེག་བྱེད་པ་ལས། ཁྱོད་ཀྱིས་ཀ་ཁ་ག་ང་སྦྱོངས། ཟེར་ནས་ངུ་སྐད་ཤོར་འདུག
༢༠༡༦ ལོ་འདི་ང་ལ་ནི་སྡུག་པོ་རང་མ་བྱུང་། ༡༩༩༦ དང་ ༩༧ བརྩིས་བྱས་ན། ད་མ་བཤད་ན་ལེགས།།