དཔལ་དགྱེས་པ་རྡོ་རྗེ།
ན་མོ་གུ་རུ་ཤཱི་ལ་མ་ཏི་ཡེ།།
༼༡༽ ཀུན་བཟང་རིག་འཛིན་རྒྱལ་བའི་རྒྱལ་ཚབ་རྗེ།།
ཀུན་མཁྱེན་རྒྱལ་བའི་བསྟན་པ་སྐྱོང་བའི་མགོན།།
ཀུན་གཟིགས་ཕན་བདེ་སྤེལ་མཁས་རིན་པོ་ཆེ།།
ཀུན་མཁྱེན་བླ་མའི་མཛད་བཟང་མངོན་པར་བསྟོད།།
༼༢༽ རྒྱལ་བསྟན་སྙིང་པོ་འཛིན་སྐྱོང་སྤེལ་ཀུན་མཁྱེན།།
ཉམས་ཐག་འགྲོ་ཀུན་ཕན་བདེའི་ལམ་ཀུན་སྟོན།།
བཤད་སྒྲུབ་ཕྲིན་ལས་ཀུན་བཟང་ཞིང་ཀུན་གདལ།།
ཀུན་མཁྱེན་བླ་མ་དམ་པ་དུས་ཀུན་རྒྱལ།།
༼༣༽ བསྟན་འཛིན་མཁས་གྲུབ་ཡོངས་ཀྱི་གཙུག་གི་རྒྱན།།
ལུང་རྟོགས་བསྟན་པའི་འཛིན་པའི་དགེ་བཤེས།།
སྐྱེ་དང་དགེ་བཅུའི་སྲོལ་བཟུང་སློབ་དཔོན་མཆོག།
དཀར་ཟས་སྟོན་པའི་བླ་མ་ཡོངས་སུ་བསྔགས།།
༼༤༽ ཡབ་མེས་གངས་རིའི་སྲོལ་རྒྱུན་སྲོག་ཤིང་འཛིན།།
ནད་རིགས་སྔོན་འགོག་བདེ་ཐང་ཚུལ་བཞིན་སྐྱོང་།།
གངས་ཅན་སྲོག་རྩ་སྐད་ཡིག་དར་རྒྱས་སྤེལ།།
བོད་མིའི་སྤྱི་ནོར་ཡིད་བཞིན་ནོར་བུ་རྒྱལ།།
༼༥༽ འཚེ་མེད་ཞི་བདེའི་ལམ་བཟང་དཔལ་ཡོན་སྤྱོད།།
འཛམ་གླིང་ཆོས་མཐུན་དགོངས་པའི་པཎྚི་ཏ།།
ཕྱོགས་རིས་དྲི་མ་དབེན་པའི་དེད་དཔོན་ཆེ།།
སྙིང་གི་མུན་སེལ་བླ་མ་ཞབས་བརྟན་སྨོན།།
༼༦༽ རྣམ་དག་ཆོས་པའི་རང་ཚུགས་མ་ནོར་ནས།།
གནང་དེང་བསམ་བློ་གསར་རྙིང་ཤན་འབྱེད་མཛད།།
ཆོས་ལུགས་གྲུབ་མཐའ་མི་མཐུན་གཅིག་ཏུ་སྒྲིལ།།
རིས་མེད་འགྲོ་བའི་མགོན་པོ་གཙུག་ན་རྒྱལ།།
༼༧༽ གངས་ཅན་བོད་པའི་ལོ་རྒྱུས་རྡོ་རིང་ངོར།།
ཁ་བ་ཅན་གྱི་མ་འོང་མདུན་ལམ་ཆེད།།
གསང་གསུམ་མེ་ལོང་གསལ་བའི་ཉི་མ་ཉིད།།
ནམ་ཡང་ནུབ་པ་མེད་པའི་སྨོན་ལམ་འདེབས།།
༼༨༽ གཞན་ཕན་ཁོ་ན་མཛད་པའི་ཀུ་མུད་གཉེན།།
ལས་ཉོན་ཚ་གདུང་བསལ་བསི་ཞི་བསིལ་སྨན།།
ངེད་ཅག་གངས་ཅན་འདྲེན་པའི་སངས་རྒྱས་དཔལ།།
༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་རྒྱལ།།
ཞེས་པ་རབ་གནས་མེ་བྱའི་སྤྲེལ་ཟླའི་དབང་ཕྱོགས་དགའ་བ་གསུམ་པར་སྐྱབས་གནས་དམ་པ་ཉིད་བསེ་ཁྱུང་དབྲའི་རུས་སུ་འཁྲུངས་པའི་དགའ་སྟོན་པ་ལ་ངོས་དབྲ་རིགས་ཡོངས་ཀྱི་མགྲིན་ཚབ་བྱས་ནས་རྟེན་འབྲེལ་མཆོད་པའི་མནྜལ་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་དབྱིན་ཡུལ་རྫོགས་ཆེན་དུས་འཁོར་འོད་གསལ་རི་ཁྲོད་ནས་སྙིང་ནས་གསོལ་བ་འདེབས་པར་དགེའོ།། ཤྲཱིཿསརྦ་ལོ་ཀ་བི་ཛ་ཡནྟུ།། །།
ངོ་མ་ཚུལ་བློ་ཟེར་བ་དེའི་ལུས་ངག་ཡིད་གསུམ་ལ་ཞིབ་དུ་བལྟས་ན་ལྷག་བསམ་ཅན་གྱི་སྐྱེས་བུ་དམ་པ་ཟེར་བ་འདི་འདྲ་ཞིག་ལོས་ཡིན་བསམ་ཡོང་གི