རྫ་ཚེ་རིང་བཀྲ་ཤིས།
(དེ་ཡང་ཤིན་ཏུ་བརྩེ་བ་ཉི་ཤུ་བ་ཞེས་པའི་བསྟོད་རྩོམ་འདི་ནི། གུས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དགུང་གྲངས་བརྒྱད་ཅུ་བཞེས་པའི་ལོ་དེར། མདོ་ཁམས་ཆུ་བཞུ་སྒང་དྲུག་གི་ངོས་ནས་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་ཆེད་དེབ་ཅིག་འདོན་གནང་བར་རྩོམ་ཡིག་ཅིག་དགོས་ཞེས་སྐུལ་མ་བྱུང་བ་ལྟར་བྲིས་པ་ཞིག་ཡིན་ལ། སྤྱིར་འབྲི་ཐབས་འདི་སྤྱད་ནས་བྲིས་པའི་རྩོམ་ཡིག་གཞན་ཞིག་སྐབས་དེ་དུས་མཐོང་མྱོང་མེད་ངེས་ཡིན་པར་མ་ཟད། རང་ངོས་ནས་བླ་མ་བསྟེན་པའི་ཚུལ་ལས་བྱུང་བའི་དག་སྣང་ལམ་འཁྱེར་གྱི་འདུན་པ་ཡིད་ལ་ཇི་ཤར་ལྟར་བྲིས་པ་ཁོ་ན་ལགས་མོད། ལོ་འདིར་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་རྗེས་དྲན་གྱི་དྲ་ཚོམས་ཤིག་ཏུ་གཏམ་བཤད་ཅིག་གི་ཆེད། འབྲེལ་ཡོད་རྩོམ་ཡིག་འགའ་ལ་ལྟ་ཀློག་བྱེད་སྐབས། རྡོ་གྲུབ་བསྟན་པའི་བསྟན་པའི་ཉི་མས་ཁོང་གི་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལའང་རྩོམ་ལུས་ཀྱི་འགྲོ་སྟངས་འདི་དང་གཅིག་པ་གཅིག་རྐྱང་ལྟར་བྲིས་གནང་བའི་རྩོམ་ཡིག་ཅིག་མཇལ་ཞིང་། དེ་ཡང་ཁོང་གིས་ཀྱང་རྩོམ་ཡིག་དེར་གཙོ་བོ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གསང་གསུམ་གྱི་ཡོན་ཏན་ལ་བསྟོད་པའི་སྒོ་ནས་མ་ཡིན་པར། གནས་དང་སྤྱོད་ཡུལ་ཁྱི་དང་བཅས་ལ་ཕྱག་འཚལ་བའི་སྒོ་ནས་བསྟོད་པར་མཛད་པ་ཞིག་ཏུ་འདུག་སྟེ། རྩོམ་ཡིག་དེ་ཉིད་དུ།
ཀུན་མཁྱེན་རྗེ་ཁྱོད་ལན་རེ་དྲན་པས་ཀྱང་། །
སྙིང་གི་གདུང་བ་སེལ་ཕྱིར་གལ་ཏེ་ཁྱོད། །
རྗེས་དྲན་མཚན་མར་འགྱུར་ན་དེ་ཡི་སླད། །
དེའུ་མགོའི་ཁྱི་རྣམས་ལའང་བདག་ཕྱག་འཚལ། ། ཞེས་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་བཞུགས་གནས་དེའུ་མགོའི་ཉེ་འཁོར་གྱི་ཁྱི་རྣམ་ལའང་ཕྱག་འཚལ་བ་སོགས་མཇལ་བས་རང་ཉིད་ཀྱིས་སྔར་བྲིས་པ་དེར་ལྷག་ཏུ་ཡིད་ཚིམ་པའམ། བརྗོད་མི་ཤེས་པའི་སྤྲོ་སྣང་ཞིག་ཀྱང་བྱུང་བས། འོག་ཏུ་རྩོམ་ཡིག་དེའང་ཟུར་རྒྱན་གྱི་ཚུལ་དུ་བཀོད་ཡོད་དོ། ། རྩོམ་པ་པོས།)
ཤིན་ཏུ་བརྩེ་བ་ཉིད་ཀྱི་ཐུགས་མངའ་བ། །
ཁ་བ་གངས་རིའི་ལྗོངས་ཀྱི་དཔྲལ་བའི་མིག །
རྒྱ་མཚོའི་བླ་མ་བསྟན་འཛིན་རྒྱ་མཚོའི་དཔལ། །
ཞི་བའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོ། །
ཤིན་ཏུ་བརྩེ་བ་ཉིད་ཀྱི་ཐུགས་མངའ་བ། །
ཁྱེད་ཀྱི་ཞབས་ཟུང་སྙོམས་པའི་རེ་ཁྭ་ཡི། །
དགེ་བའི་རི་མོ་གང་དུ་བྲིས་གྱུར་པའི། །
ས་གཞི་བཟང་པོ་དག་ལ་ཕྱག་འཚལ་ལོ། །
ཤིན་ཏུ་བརྩེ་བ་ཉིད་ཀྱི་ཐུགས་མངའ་བ། །
ཁྱེད་ཀྱི་ཞལ་གསུང་ངེས་ལེགས་བདུད་བརྩིའི་ཆབ། །
དད་པའི་སྙིམ་པ་བཟང་པོས་འཐུང་བ་ཡི། །
སྐྱེ་བོ་དེ་དག་ཀུན་ལ་ཕྱག་འཚལ་ལོ། །
ཤིན་ཏུ་བརྩེ་བ་ཉིད་ཀྱི་ཐུགས་མངའ་བ།་།
ཁྱེད་ཀྱི་ཐུགས་དམ་འཕགས་པ་ཝར་ཏི་བཟང་། །
གཙུག་ལག་ཁང་དང་ལས་ཀྱི་མདུན་ས་སོགས། །
ཕོ་བྲང་ཕྱི་ནང་ཀུན་ལ་ཕྱག་འཚལ་ལོ། །
ཤིན་ཏུ་བརྩེ་བ་ཉིད་ཀྱི་ཐུགས་མངའ་བ། །
ཁྱེད་ཀྱི་ཕྱག་ཟུང་འཇམ་པོས་རེག་པ་ཡི། །
ལྡུམ་རའི་མེ་ཏོག་མཛེས་པའི་ཟེའུ་ཕོར་ཅན། །
བཞད་ཅིང་ཕྱེ་བ་དག་ལ་ཕྱག་འཚལ་ལོ། །
ཤིན་ཏུ་བརྩེ་བ་ཉིད་ཀྱི་ཐུགས་མངའ་བ། །
ཁྱེད་ཉིད་ཕེབས་དང་བཞུད་ཚེ་བརྒྱུད་གྱུར་པའི། །
རྡོ་ཡི་ཐེམ་པ་ཤིང་གི་ལན་ཀན་དང་། །
སྒོ་དང་སྒོ་ཆེན་དག་ལ་ཕྱག་འཚལ་ལོ། །
ཤིན་ཏུ་བརྩེ་བ་ཉིད་ཀྱི་ཐུགས་མངའ་བ། །
ཁྱེད་ཀྱིས་རབ་གསལ་དག་ལ་གཟིགས་ངེས་པའི། །
ནགས་མའི་དྲ་བ་དཀྲིགས་པའི་རི་སུལ་དང་། །
དགོང་ཀའི་མཚམས་སྤྲིན་དག་ལ་ཕྱག་འཚལ་ལོ། །
ཤིན་ཏུ་བརྩེ་བ་ཉིད་ཀྱི་ཐུགས་མངའ་བ། །
ཁྱེད་ཀྱི་ཆེད་དུ་ནངས་པར་སྐད་འབྱིན་ཞིང་། །
ལྗོན་ཤིང་ཡལ་གར་བརྩེན་པའི་འདབ་ཆགས་རིགས། །
སྡུག་གུར་བཀྲ་བ་དག་ལ་ཕྱག་འཚལ་ལོ།་།
ཤིན་ཏུ་བརྩེ་བ་ཉིད་ཀྱི་ཐུགས་མངའ་བ། །
ཁྱེད་ཀྱི་ཆེད་དུ་དགུན་ནི་དྲོད་འབྱིན་ཞིང་། །
དབྱར་གྱི་དུས་ན་བསིལ་བའི་ངད་སློང་བ། །
ཉི་མ་ཟླ་བ་གཉིས་ལ་ཕྱག་འཚལ་ལོ། །
ཤིན་ཏུ་བརྩེ་བ་ཉིད་ཀྱི་ཐུགས་མངའ་བ། །
ཁྱེད་ཀྱི་ཆེད་དུ་བརྟན་པོར་འགྲེང་བྱེད་ཅིང་། །
གྲུང་ཞིང་རྣོ་བའི་མིག་གིས་རྒྱང་འཚོ་བའི། །
སྐུ་སྲུང་ཨ་ར་ཅན་ལ་ཕྱག་འཚལ་ལོ། །
ཤིན་ཏུ་བརྩེ་བ་ཉིད་ཀྱི་ཐུགས་མངའ་བ། །
ཁྱེད་ཀྱི་བསྟི་གནས་རི་བོ་དྷོ་ལ་རྡར། །
དུས་བཞིར་གངས་ཀྱི་ཅོད་པན་མི་རྙིང་བར། །
ཕ་ཡུལ་འདྲ་བ་དེ་ལ་ཕྱག་འཚལ་ལོ། །
ཤིན་ཏུ་བརྩེ་བ་ཉིད་ཀྱི་ཐུགས་མངའ་བ། །
ཁྱེད་དང་ཉེ་བའི་རྡ་སའི་རི་ངོགས་སུ། །
མི་ལོ་དྲུག་ཅུར་ཞིབ་ཅིང་འདྲིས་བྱས་པའི། །
རྒྱ་གར་ཡུལ་མི་དག་ལ་ཕྱག་འཚལ་ལོ། །
ཤིན་ཏུ་བརྩེ་བ་ཉིད་ཀྱི་ཐུགས་མངའ་བ། །
ཁྱེད་ཀྱི་ཐུགས་བསྐྱེད་ཆུ་བོ་རྒྱ་མཚོའི་ཀླུང་། །
སྐྱེ་བོ་དག་གི་བདེ་བའི་འཇུག་ངོགས་ཏེ། །
སྙིང་རྗེའི་འོད་དང་ལྡན་ལ་ཕྱག་འཚལ་ལོ། །
རྒྱལ་བའི་སྲས་པོ་གང་དུ་བཞུགས་པ་དང་། །
བྱང་ཆུབ་སེམས་དཔའི་མཛད་པ་བསྟན་པ་ཡི། །
ཆ་ཤས་རེ་བཞིན་བླ་ན་མེད་པ་སྟེ། །
ཐལ་མོ་སྦྱར་བའི་འོས་སུ་མཆིས་པ་ལགས། །
ཀྱེ་མ་གངས་རིའི་མགོན་པོ་བཀའ་དྲིན་ཅན། །
ཁྱེད་ཉིད་འཆག་དང་བཞུགས་དང་གཟིམས་པ་ཡི། །
གནས་དེར་ཕྱི་ནང་མེད་ཅིང་བར་མེད་པར། །
བྱམས་བརྩེའི་འོད་སྣང་འབའ་ཞིག་སྤྲོ་བ་ལགས། །
གང་དུ་ཁྱེད་ཀྱི་འཛུམ་མདངས་མངོན་པ་ཡི། །
ས་དེའི་རྒན་པོ་བྱིས་པ་བུད་མེད་དང་། །
དར་ལ་བབ་པའི་མི་དག་རེ་རེ་བཞིན། །
དགའ་དང་བཅས་པའི་མིག་དང་ལྡན་པ་ལགས། །
ངས་ནི་ཁྱེད་ཀྱི་མཛད་པ་བསྟན་པ་ཡི། །
གནས་དང་སྤྱོད་ཡུལ་རེ་རེ་རེ་རེ་ཡང་། །
ཁྱེད་ཀྱི་དྲོད་ཀྱིས་ཁྱབ་པར་མཐོང་བ་སྟེ། །
ཁོང་ནས་གུས་ཤིང་གུས་པར་བཏུད་པ་ལགས། །
ང་ནི་ཁྱེད་ལ་ཧ་ཅང་དགའ་བ་ལགས། །
ང་ནི་ཁྱེད་ལ་ཤིན་ཏུ་གུས་པ་ལགས། །
དེ་ཚེ་ཁྱེད་ཀྱི་སྤྱོད་ཡུལ་ཐམས་ཅད་ཀྱིས། །
བདག་གི་སེམས་ལ་བྱིན་གྱིས་རློབས་པར་རྟོགས། །
བདག་ནི་ཤིན་ཏུ་རྨོངས་ཤིང་རྟུལ་བ་སྟེ། །
ཁྱེད་ཀྱི་ཡོན་ཏན་བརྗོད་པར་ཉམ་ཆུང་མོད། །
འོན་ཀྱང་དད་དང་གུས་པ་རྩེ་གཅིག་པས། །
སྤྱོད་ཡུལ་རེ་བཞིན་གུས་པས་བལྟ་བ་ལགས། །
ཤིན་ཏུ་བརྩེ་བ་ཉིད་ཀྱི་ཐུགས་མངའ་བ། །
ཁྱེད་ནི་དགུང་གྲངས་བརྒྱད་ཅུ་དེ་ལྟར་ཡང་། །
ཁ་བ་ཅན་དང་འཛམ་བུ་གླིང་པའི་ཕྱིར། །
ད་དུང་ཡུན་དུ་བཞུགས་པར་གསོལ་བ་ལགས། །
རྫོགས་སོ།།
ཞར་བཀོད།
འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བསྟོད་པ།
རྡོ་གྲུབ་བསྟན་པའི་ཉི་མས་མཛད།
གང་གི་རྨད་བྱུང་ཐབས་དང་སྙིང་རྗེའི་མཐུས། །
འོག་མིན་ཞིང་གི་སངས་རྒྱས་སྲས་བཅས་ཀྱི། །
དབང་བསྐུར་བདུད་བརྩིའང་རབ་དམན་བདག་ལྟ་བུའི། །
སྐལ་བར་ཐོབ་མཛད་དྲིན་ཆེན་ཆོས་ཀྱི་རྗེ། །
ཁྱོད་ཀྱི་ཡོན་ཏན་དྲན་པས་མཆི་མ་གཡོ། །
བཀའ་དྲིན་ཕྲེང་བ་རྗེས་དྲན་ཐལ་མོ་སྦྱོར། །
ད་དུང་བྱང་ཆུབ་བར་གྱི་ཚེ་རབས་ཀུན། །
ཁྱོད་ཞབས་སྤྱི་བོས་ནོད་པར་སྨོན་ལམ་འདེབས། །
གང་གི་ཟེའུ་འབྲུར་མགོན་པོ་ཁྱོད་བལྟམས་པས། །
ལྷར་བཅས་འཇིག་རྟེན་ཀུན་དགའི་གླུ་ལེན་པ། །
གཉོས་ཞེས་གྲགས་པའི་རིགས་ཀྱི་པདྨ་དཀར། །
ཡོན་ཏན་འདབ་བརྒྱ་ལྡན་ལའང་མགོས་ཕྱག་འཚལ། །
གང་དུ་མགོན་ཁྱོད་སྐྱེ་བའི་སྒྱུ་འཕྲུལ་གྱིས། །
བྲིས་པའི་དགེ་མཚན་ཡུན་རིང་གནས་གྱུར་པ། །
གཏེར་ལྷུང་ཞེས་བྱའི་ཡི་གེའི་མེ་ཏོག་གིས། །
མཛེས་པའི་ཡུལ་འཁོར་དེ་ལའང་མགོས་ཕྱག་འཚལ། །
གང་ཞིག་མགོན་ཁྱོད་ལྷུམས་ཀྱི་པདྨོ་ལས། །
རྣམ་པར་གྲོལ་བའི་ལང་ཚོའི་གཟི་འོད་ཀྱིས། །
སྐྱེ་དགུ་ཀུན་གྱི་བསོད་ནམས་ཞིང་མཛད་པ། །
རི་བོ་དེའུ་ཆུང་དེ་ལ་མགོས་ཕྱག་འཚལ། །
རྗེ་བཙུན་འཁྲུངས་ཚེ་དབུ་སྟེང་ཡར་ངོ་ཡི། །
རྫོགས་པ་དང་པོའི་གདུགས་མཛེས་ཉེར་བཟུང་སྟེ། །
སྲིད་ཞིའི་འབྱོར་པ་རྒྱས་མཛད་རེས་ཀྱི་གཟའ། །
དཔལ་ལྡན་ཟླ་བའི་སྲས་ལའང་མགོས་ཕྱག་འཚལ། །
གང་ཞིག་རིག་འཛིན་གཞོན་ནུའི་ཟླ་བ་ནི། །
དང་པོར་འཆར་ཚེ་རང་གི་ཡོན་ཏན་ཚོགས། །
ས་ལ་དགའ་སྟོན་བཤམས་པ་ལྟར་བཀོད་པ། །
རྒྱུ་སྐར་ལྷ་མོ་ནབ་སོ་དེ་ལའང་འདུད། །
ཀུན་མཁྱེན་རྗེ་ཁྱོད་ལན་རེ་དྲན་པས་ཀྱང་། །
སྙིང་གི་གདུང་བ་སེལ་ཕྱིར་གལ་ཏེ་ཁྱོད། །
རྗེས་དྲན་མཚན་མར་འགྱུར་ན་དེ་ཡི་སླད། །
དེའུ་མགོའི་ཁྱི་རྣམས་ལའང་བདག་ཕྱག་འཚལ། །
ལི་ཐུར་བདུན་པའི་ཉེར་བདུན་ལ་གཟའ་སྐར་འདི་གཉིས་འཛོམ་པར་ཁ་བྱང་ཐེབས་པ་མཐོང་བས་རྐྱེན་བྱས་ཏེ་བླ་མ་དྲན་ནས་སོ། །
རྡོ་གྲུབ་བསྟན་པའི་ཉི་མ་སྙན་ངག་ཡིན་ནི་རེད་ར། འདི་ཅང་སྙན་པོ་ཞིག་མ་རེད་དེ། བྱིན་རླབས་ཅན་ཞིག་ལོས་ཡིན་འདོད་ཀི
ཉིད་ཀྱི་སྙན་རྩོམ་ལ་ཤིན་ཏུ་དགའ།
གངཞིག་སྐྱེས་པའི་ཕ་ཡུལ་རྒྱབ་བསྐྱུར་ནས།
མགོན་ཁྱོད་ཞབས་ཀྱི་རྗེས་སུ་བསྙེགས་བྱས་ནས།
ཉིན་མཚན་ཁྱེད་ཀྱི་གདམ་ངག་ཐོས་བྱེད་པ།
ཁྱེད་ཀྱི་ཉན་ཐོས་རྣམས་ཀྱང་ཕྱག་འཚལ་ཡུལ།
གང་ཞིག་ས་མཐར་ཐོར་ནས་ཉིན་མཚན་ལ།
ཁྱེད་ཀྱི་སྙིང་གཏམ་བྱང་ཆུབ་སེམས་མཆོག་གི
ཀུན་ཁྱབ་བྱེད་པོ་བླ་ཟུར་གྲྭ་ཟུར་དག
ཁོ་བོའི་ཕྱག་གི་ཡུལ་ཡིན་མགོས་ཕྱག་འཚལ།
གང་ཞིག་ཤེས་རིག་དཔལ་ཡོན་ཆེས་བཀྲ་བ།
ལྷག་བསམ་དད་པ་དཀར་ལ་འཇོན་ཐང་ཆེ།
རྟག་ཏུ་སྤྱི་སྨན་ཞབས་ཞུའི་འཁུར་བོ་ཅན།
ཁྱེད་ཀྱི་བཀའ་བློན་རྣམས་ཀྱང་ཕྱག་གི་ཡུལ།
གང་ཞིག་ཆོས་དང་རིག་གཞུང་ཐོས་རྒྱ་ཆེ།
སྐད་དང་ཡི་གེ་མཁྱེན་པས་ཀུན་ལ་ཕན།
རྒྱ་དང་མགོ་སེར་ཡོན་ཏན་དབང་གིས་འདུས།
ཁྱེད་ཀྱི་བུ་ཕྲུག་རྫ་ཚེ་སོགས་ལ་བཏུད།
ཤིན་ཏུ་བཅུ་གསུམ་ཡོད་པའི་སྙན་ཚིག་འདི། །
ད་ལྟའི་དུས་སུ་བྲིས་ན་ཤིནད་ཏུ་ཞེས། །
ན་རྗེས་ཡང་འཇུག་ད་དྲག་རྙིང་པ་དེ། །
སླར་ཡང་ཕེབས་བསུ་ཞུས་ན་ག་འདྲ་འོངས། །
ང་ནི་ཛམ་གླིང་འབྲི་དུས་འ་དེ་དང་། །
དྭང་བླངས་འབྲི་དུས་ཝ་ཟུར་ལྷག་པར་མཐོང་། །
ཤིནད་ཏུ་ཤིན་དུར་མ་ནོར་རང་ཐོབ་ད། །
སླར་ཡང་བསྐྱར་སྣོན་གནང་ན་ཕན་ངེས་འདུག །
རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་བསྟན་པའི་ཉི་མ་
་
https://bo.wikipedia.org/wiki/%E0%BD%A2%E0%BE%A1%E0%BD%BC%E0%BC%8B%E0%BD%82%E0%BE%B2%E0%BD%B4%E0%BD%96%E0%BC%8B%E0%BD%A2%E0%BD%B2%E0%BD%93%E0%BC%8B%E0%BD%94%E0%BD%BC%E0%BC%8B%E0%BD%86%E0%BD%BA%E0%BC%8B%E0%BD%A0%E0%BD%87%E0%BD%B2%E0%BD%82%E0%BD%A6%E0%BC%8B%E0%BD%98%E0%BD%BA%E0%BD%91%E0%BC%8B%E0%BD%96%E0%BD%A6%E0%BE%9F%E0%BD%93%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%89%E0%BD%B2%E0%BC%8B%E0%BD%98%E0%BC%8B