འདི་གར་བོད་ཕྱི་ནང་གཉིས་ནས་ངག་རིག་སྨྲ་བ་བཅུ་ཕྲག་ལྷག་གིས་སྤྱི་ནོར་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ལ་ཕུལ་བའི་སྙན་ངག་ཁག་གཅིག་འབྱོར་བ་མཆོད་པའི་ཚུལ་དུ་ཆེད་སྒྲིག་བཟོས་ཡོད། འདི་ནི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་སྐུའི་འཁྲུངས་སྐར་ཉིན་རྩོམ་ཡིག་འདྲ་མིན་དང་རྩོམ་ལུས་འདྲ་མིན་གྱིས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་ཆེ་བསྟོད་སོགས་མཚོན་པར་བྱེད་པའི་ཆ་ཤས་གཅིག་རེད། ༧གོང་ས་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། སྐུ་ཚེ་ཞབས་པད་བརྟན་པར་སྨོན།
ཁ་བརྡས།
གངས་ཅན་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་བརྟན།
འགུ་ལོག་དམ་ཆོས་དཔལ་བཟང་།
གངས་རིའི་ལྗོངས་སུ་སྟོན་པ་གཉིས་པ་ཞེས།།
༧ རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུར་བཞེངས་ནས།།
གྲུ་འཛིན་གཉིས་པར་གསེར་ཁྲི་མངའ་གསོལ་མཛད།།
གངས་ཅན་འགྲོ་བའི་མགོན་གྱི་སྐུ་ཚེ་བརྟན།།
ཟབ་མོའི་དོན་ལ་མཁས་པའི་ཕ་མཐར་སོན།།
རིན་ཆེན་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་ཕྱུག།
ཐར་བ་འདོད་པ་རྣམས་ཀྱི་སྐྱབས་གཅིག་པུ།།
ཆོས་ཀྱི་རྒྱལ་མཚན་འཛིན་གྱི་སྐུ་ཚེ་བརྟན།།
གང་གིས་སྐུ་ཚེར་འགྲོ་བའི་དོན་མཛད་པར།།
དགུང་ལོ་བརྒྱ་དང་བཅུ་གསུམ་བཞུགས་ཞལ་བཞེས།།
རླབས་ཆེན་མཛད་པ་མཐའ་ཡས་རྒྱ་མཚོའི་འཇིངས།།
མགོན་ཁྱོད་སྐུ་ཚེ་མི་ཤིགས་བསྐལ་བརྒྱར་བརྟན།།
བོད་མེ་ཕོ་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུར་གུ་རུ་མཚོ་སྐྱེས་རྡོ་རྗེ་སྐུ་འཁྲུངས་པའི་ལོ་དང་། བོད་ཟླ་༥ཚེས་༥ ཉིན། ༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་༨༡ ཕེབས་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། ༢༡༦།༧།༥ ཉིན་མགོན་པོ་གང་གི་སྐྱབས་འོག་པ་འགུ་ལོག་དམ་ཆོས་དཔལ་བཟང་ནས་གུས་ཕྱག་དང་བཅས།
འཕགས་མི།
རྫ་སྐྱེས་ཕུར་བ།
འཇིག་རྟེན་འཕྲུལ་གྱི་གར་མཁན་འདི།།
ངེས་མེད་ཞེ་གཅིག་རེད་མོད་དེ།།
ཁྱོད་ཀྱི་ངག་བློ་འདི་ཙམ་ནི།།
ངེས་ཅན་ཁོ་ནར་བཏགས་ཡོད་དོ།།
ནམ་ཡང་དག་པའི་སེམས་ཉིད་ཀྱིས།།
སྤྲིན་དཀར་བཞིན་དུ་མཇལ་ཏེ་ཡོད།།
བར་སྣང་ལྟ་བུར་བསྒོམས་ཏེ་ཡོད།།
དེ་བས་གང་ཉིད་ནམ་མཁའི་མཐོངས།།
གཞལ་མེད་བློ་རུ་བཞུགས་ཤིག་ཨང་།།
སྤྲུལ་སྒྱུར་ལས་ཀྱི་ཆོ་ག་དང་།།
ནམ་ཕྱེད་འུག་པའི་བཟོ་ལྟ་མཁན།།
བླ་སྤྲུལ་ཕོན་པོའི་ཚོགས་དག་ནི།།
མི་ལྷག་འདུས་གཟུགས་རེད་མོད་དེ།།
རྙོག་མང་རྡུལ་གྱིས་མ་གོས་ཤིང་།།
ཡུན་ཟད་དུས་ཀྱིས་མ་རྙིང་པའི།།
མེ་ཏོག་གངས་ཀྱི་མདངས་ཅན་ཞིག།
ལམ་འགྲམ་ཤེལ་གྱི་གེ་སར་སྟེང་།།
འོད་ཟེར་འཁྱུག་གེར་མངོན་པ་ན།།
དད་སྟོང་མེ་ཏོག་སྤར་མོ་གང་།།
དགེ་སེམས་དང་བཅས་ལན་ཡང་འབུལ།།
ཁྱོད་ནི་འགྲུད་བཞུད་ལམ་དག་ནས།།
ངལ་བས་ཉེན་པར་མ་གྱུར་རམ།།
ཐུགས་དང་གསུང་གི་བདུད་རྩི་དག།
འགྲོ་བའི་དཔལ་ལ་རྟག་ཏུ་འཇོ།།
ལས་ཅན་འགྲོ་བའི་མིག་ནང་དུ།།
རྣམ་དག་གསེར་གྱི་རི་བོ་བཞིན།།
པདྨ་དཀར་པོའི་སྐྱེས་རབས།
འབྲོང་རི་ལྡོམ།
རི་བོ་ནག་རོག་ཉི་ཟླའི་འོད་ལམ་འགོག།
རྫ་རོང་ཆུ་བྲག་མུན་ནག་ཡོལ་བ་འཐུག།
གངས་སྨུག་ལྷགས་རླུང་བུ་ཡུག་རྟག་ཏུ་ཁོལ།།
ཉིན་མཚན་མེད་པར་གཅན་གཟན་འདྲེ་སྲིན་རྒྱུ།།
ཆུ་སྲིན་འཇིགས་ཅན་བརླན་གཤེར་གང་བ་ཅན།།
མི་མེད་སེམས་ཅན་ཚང་ཚིང་ལྷུན་སྟུག་དཀྲིགས།།
རྫུབ་ནགས་ཚེར་མ་རྣོ་དབལ་རྩེ་གསུམ་འཛིངས།།
གདེངས་ཅན་དུག་ལ་དུད་འགྲོ་དབང་མེད་འདྲེན།།
ཉམ་ཆུང་སྲོག་ལ་གཅན་གཟན་གཏུམ་པོ་རྔམས།།
ཤ་རྗེན་དམར་ཟ་ངར་སྐད་ས་གཞི་འདར།།
གཅིག་ལ་གཅིག་ཟ་ཁོར་མོ་ཡུག་ཏུ་འཁོར།།
རོ་ཟན་གྲོང་ལ་རྩེབས་སམ་ཁྱོག་ལ་འཕྱང་།།
དེ་ལྟའི་སྡུག་བསྔལ་སྔོ་མེར་ཀློང་འཁོར་ཞིག།
སྡིག་འབྲས་སྨིན་པ་མཐའ་འཁོབས་ཁ་བ་ཅན།།
ཀོ་ཏམ་དབུས་གྱུར་སངས་རྒྱས་སྟོང་རྩ་ཡིས།།
གདུལ་སྐལ་མ་གྱུར་དཔའ་བཀོང་རབ་གྱུར་ཚེ།།
བག་ཚ་ཞུམ་མེད་སྙིང་སྟོབས་དཔའ་བ་ཞིག།
གྲངས་མེད་བསྐལ་བ་ཀུན་བརྩེགས་ཡ་ཐོག་ཏུ།།
མཐའ་ན་སེམས་འཁོབས་རབ་སྡུག་མ་རྣམས་ཀུན།།
ཐར་ལམ་བཀྲི་ལ་དམ་བཅའ་སྙིང་དུ་བརྐོས།།
ས་བོན་དེ་བཏབ་ཤཱཀ་ཐུབ་ཛེ་ཏའི་ཚལ།།
འོད་ཚལ་དག་ན་ཆོས་སྦྱིན་ཟད་མེད་སྐབས།།
བདུད་རྩིའི་མཚོ་ཅན་པད་འདབ་ཟེ་འུའི་ལྟོར།།
ཁྱེད་སྐུ་ལྷ་བུ་འོད་ཅན་བལྟམས་པར་གྱུར།།
སྣང་བ་མཐའ་ཡས་ཕྱག་གིས་ཁྱེད་ཀྱི་དབུར།།
བྱིལ་བྱིལ་མཛད་དེ་སྨོན་ལམ་ལུང་བསྟན་གནང་།།
ཡིག་དྲུག་དབྱངས་གྱེར་ཆོས་སྐལ་ཡིན་པར་བསྙད།།
ཐག་རིང་བཞུད་ལ་འཁྲེང་སེམས་ཡང་ཡང་བསྟན།།
དེ་ཚེ་པད་འདབ་ཞལ་ཕྱེ་ཁྱེད་སྐུ་ནི།།
དལ་གྱིས་ཚུར་བྱོན་བྱིས་པ་སྙིང་རྗེ་ཞིག།
ལག་ཆུང་ཐལ་སྦྱར་པུས་བཙུགས་ཡང་དམ་བཅས།།
ཁས་བླངས་ཟུར་ཉམས་དབུ་ལུས་གས་ཤིག་སྨྲ།།
རྒྱལ་ཀུན་ངོ་མཚར་ཡིག་དྲུག་དབྱངས་གཅིག་གསུངས།།
བྱིན་རླབས་ཟིལ་སྦྱིན་སྣང་མཐའ་རིགས་བདག་བཞུགས།།
རང་དོན་དོར་ནས་གཞན་དོན་ལག་ཏུ་ལོན།།
ཁྱེད་ཉིད་བཞིན་འཛུམ་གངས་ཅན་ལྗོངས་སུ་བྱོན།།
ས་དབྱིབས་སྣོད་དང་ནང་བཅུད་སེམས་ཅན་གཟིགས།།
ལམ་བཟང་སྟོན་ལ་ཆོས་ནི་སྟོན་ཐབས་བྲལ།།
སྙིང་རྗེ་དྲག་འཕྱུར་མཆི་མ་སེམས་ལ་དཀུ།།
ཆ་གཅིག་ལྷ་མོ་ཁྱེད་ཀྱི་སྤྱན་ལས་སྤྲུལ།།
ཇོ་མོ་ཁྲོ་གཉེར་མ་དང་འཕགས་སྒྲོལ་མས།།
འདི་ན་རབ་སྡུག་འཚེ་བ་གྲངས་མ་མཆིས།།
བུ་བུ་སེམས་ཤུགས་མ་ཆགས་དཔངས་བསྟོད་དང་།།
འགྲོ་དོན་བྱེད་པའི་སྡོང་གྲོགས་བྱེད་དོ་གསུངས།།
མངའ་རི་སྐོར་གསུམ་ཆུ་ཡི་རྫིང་བུ་བཞིན།།
དབུས་གཙང་རི་བཞི་ཡུར་བ་འཐེན་པ་འདྲ།།
མདོ་ཁམས་སྒང་དྲུག་རྣང་མའི་ཞིང་ལ་སྒྲུན།།
དེ་ཀུན་ཕོན་ཆེར་ཆུ་ཡིས་ཡོངས་སུ་གང་།།
དེ་ནས་འཕགས་པ་བཤུམས་པའི་འཕྲོ་བཅད་དེ།།
ས་ཆུ་བྱིན་རླབས་འབྱུང་བ་རང་སར་ཐིམ།།
ཁ་བའི་མཚོ་བྲི་པྲེ་ཏའི་ས་དབྱིབས་བྱུང་།།
རི་མཐོ་ས་གཙང་གངས་རིའི་ཁྱུད་མོ་ཅན།།
རྩེད་ཐང་བྲག་གི་ཉི་འོད་འཇམ་ས་དེར།།
ཁྱེད་སྤྲུལ་བྱང་སེམས་སྤྲེའུ་སེར་སྐྱ་བ།།
སྙིང་རྗེའི་རྒྱུད་ཕྱུག་ཏིང་འཛིན་ལ་ཞུགས་ཚེ།།
བྲག་སྲིན་བརྐམ་ཅན་འདོད་པ་ཀུན་ཏུ་སློང་།།
འོད་དཔག་མེད་པའི་ལུང་དུ་བསྟན་པ་ལྟར།།
དགའ་མགུའི་ཚུལ་ཞུགས་སྤྲེའུ་ཕྲུག་དྲུག་ཙམ་བྱུང་།།
དེའི་རྒྱུད་འཕེལ་ནས་ལྔ་བརྒྱ་སྟོང་སོགས་འབྱུང་།།
ཁ་ཟས་མ་རྙེད་མ་རྨོས་ལོ་ཏོག་བརྔས།།
རིམ་བཞིན་རྔ་ཆད་གདོང་དམར་བོད་མིར་གྱུར།།
སྤྲེའུ་དྲུག་རུས་ལ་མི་འུ་གདུང་དྲུག་བྱུང་།།
རང་གི་གདུལ་བྱ་རང་གིས་སྤེལ་བ་ཡི།།
ཡི་དམ་ཁྱེད་ལ་ང་ཉིད་ལྷག་པར་དད།།
“པདྨ་དཀར་པོའི་སྐྱེས་རབས།” ཞེས་པའི་སྙན་ངག་འཕགས་པ་སྤྱན་རས་གཟིགས་ཀྱིས་ཐུགས་བསྐྱེད་ཚུལ་ནས་ད་ལྟའི་རང་ཅག་གི་འདྲེན་མཆོག་ཏཱ་ལའི་བླ་བའི་དབར་གྱི་མཛད་རྗེས་རོབ་ཙམ་རྗོད་པར་བྱེད་པ་༧ གོང་ས་མཆོག་གི་འཁྲུངས་སྐར་དོན་དགུ་བའི་ཉིན་དབུ་བཙུགས་ཤིང་། རྟེན་འབྲེལ་གྱི་བབ་ལ་བལྟས་ཏེ་འཁྲུངས་སྐར་རྗེས་མའི་རྗེས་མ་དེའི་ཡང་རྟིང་མའི་རྟིང་མ་དེའི་ཡང་སླད་མའི་སླད་མར་མཇུག་མུ་རུ་སྐྱོང་རྩིས་ཀྱིས་དེ་རིང་རེ་ཞིག་མཚམས་བཞག
དུས་ཀྱི་སྟོན་མཆོག
སེར་ཤུལ་རིན་ཆེན་དོན་གྲུབ།
(འཇིག་རྟེན་ཞི་བདེའི་དེད་དཔོན། འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སློབ་དཔོན་ཆེན་པོ། ༸གོངས་སྐུ་འཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་ཕུལ།)
དེང་འདིར་དུས་ཀྱི་སྙིགས་མའི་རྒུད་པ་རྡུལ་མཚོན་ཕྲ་མོའི་རྒྱུད་ལས་དར།།
ཁྲོ་ཆགས་སྡང་བའི་འགུལ་སྐྱོད་ཀློང་ནས་ཕྲ་རགས་ཉོན་མོའི་དབང་ཤུགས་རྒྱས།།
འཇིགས་པའི་འབར་མདེལ་སྟོང་གི་ཁ་ན་འགྲོ་བའི་ཚེ་སྲོག་འཁོས་ཞན་གྱུར།།
དུས་ཀྱི་སྟོན་མཆོག་ཁྱེད་ཀྱི་གསུང་ལས་འགྲོ་བ་སྐྱོབ་པའི་མཐུ་སྟོབས་གང་།།
ཆོས་ལུགས་རིས་མེད་གཙུག་ཏུ་བཀུར་བའི་སྦྱོར་བའི་སློབ་སྟོན་ཆར་དུ་བསྙིལ།།
འགྲོ་བའི་བཟང་སྤྱོད་གོང་དུ་སྤེལ་བའི་ལྕིད་པའི་ཁུར་ཆེན་ཕྲག་ཏུ་བཞེས།།
གངས་ཅན་བོད་ཀྱི་བདེན་དོན་བརྩོན་བཞིན་བགྲང་བྱ་བརྒྱད་ཅུའི་ཁད་ལ་བསྙེགས།།
ཁྱེད་གྱིས་གནང་བའི་ཐུགས་བསྐྱེད་འདི་དག་དེ་སྔོན་སུ་ཡིས་བྱས་སམ་ཅི།།
འཛམ་གླིང་དཔྱོད་ལྡན་སྐྱེ་བོའི་བློ་ཡིས་མཆོག་གི་དབུ་ཁྲིད་ཁྱེད་ཉིད་བདམས།།
བྱམས་བརྩེའི་དངོས་གྲུབ་མཆོག་ཏུ་སྩོལ་བའི་རེ་ལྟོས་མིག་ཟུང་ཁྱེད་ལ་ཅེར།།
བཟང་སྤྱོད་མེ་སོན་ཁྱེད་ཀྱིས་བསླངས་པར་གཟེངས་བསྟོད་སྟོང་དང་སྟོང་དུ་ཕུལ།།
བྱམས་བརྩེས་ཕོངས་པའི་འགྲོ་བ་འདི་ལ་ཁྱེད་ལས་མཆོག་གི་དངོས་གྲུབ་གང་།།
ཁྱེད་ཀྱི་ཐུགས་བསྐྱེད་རིགས་རུས་བརྒལ་ནས་སྐྱེ་འགྲོའི་བདེ་སྐྱིད་དཔལ་དུ་ཤར།།
བདེ་སྡུག་མཉམ་པའི་རྨང་གཞིའི་ཐོག་ནས་སྤྱི་སྨན་བཟང་སྤྱོད་གསར་དུ་འགྲེལ།།
སྟོང་ལོ་གསར་བའི་བླང་དོར་རྣམ་བཞག་ཆོས་མེད་འགྲོ་བའི་སློབ་སྟོན་གྱུར།།
སྤྱི་སྨན་བཟང་སྤྱོད་ལེགས་པར་འགྲེལ་བར་བསྔགས་དབྱངས་གོ་ལའི་ཁྱོན་ལ་འཕྱུར།།
ཁྱེད་ཀྱིས་ཆོས་དང་ཆོས་ལུགས་དབྱེ་བ་སྔོན་མེད་ལེགས་བཤད་གསར་བ་སྟེ།།
ཁྱེད་ཀྱིས་ཆོས་ཀྱི་གསར་བརྗེ་གླེང་བ་ཕུགས་རིང་འགྲོ་བའི་བདེ་དོན་ཉིད།།
ཆོས་ཚན་ལེགས་པའི་ཕྱོགས་ཆ་བསྡུས་ནས་འགྲོ་བའི་བདེ་དོན་སྒྲུབ་པའི་ཐབས།།
ཁྱེད་ཀྱིས་དུས་དང་མཐུན་པར་གསུངས་པ་ངོ་མཚར་འོད་ཀྱི་གོང་བུ་ཉིད།།
ཚན་རིག་འཕྲུལ་ལས་ཟུང་དུ་འབྲེལ་ལས་སྣ་ཚོགས་རྡུལ་མཚོན་གསར་དུ་བཟོས།།
ཀུན་སློང་ངན་པའི་གཡོ་འགུལ་གཅིག་གིས་ཚེ་སྲོག་གྲངས་མེད་ཐལ་བར་བསྲེས།།
གོ་ལའི་ཚེ་སྲོག་གཅེས་འཛིན་དེ་ཡང་ཀུན་སློང་བཟང་པོའི་ངོས་ལ་བརྟེན།།
ཁྱེད་ཀྱི་བླ་མེད་བཟང་སྤྱོད་མེད་ན་འཛམ་གླིང་ཞི་བདེ་གང་ལས་འོང་།།
ཁྱེད་ཉིད་སྲོལ་རྒྱུན་སྒྲོག་ལས་ཐར་ཀྱང་གནའ་བོའི་ཤེས་རབ་མཆོག་ཏུ་འགྲེལ།།
ཁྱེད་ཉིད་ཡམས་བཤད་རྙི་ལས་ཤོར་ཡང་གོ་དོན་ཕྲ་མོ་སྤོབས་པས་འཆད།།
ཁྱེད་ཉིད་རིང་ལུགས་ལྟ་གྲུབ་ལྡན་ཡང་གཞན་གྱི་གྲུབ་མཐའ་གུས་པས་བཀུར།།
འདི་ཉིད་ཁོ་ནས་ཁྱེད་ཀྱི་མཛད་བཟང་སྟོང་ཕྲག་དགེ་བའི་འོད་ལ་ཐིམ།།
རིས་བཅད་འཐབ་འཛིང་ཆོས་པའི་ལོ་རྒྱུས་ཁྱེད་ཀྱིས་ཞབས་རྗེས་དཀར་པོས་མནན།།
རྨོངས་དད་ཆོ་ག་རྒྱུན་སྲོལ་ནག་པོ་ཁྱེད་ཀྱི་རྣམ་དཔྱོད་མེ་ཡིས་བསྲེགས།།
བཀའ་བསྟན་རི་བོའི་གླེགས་བམ་སྒོ་མོ་ཁྱེད་ཀྱིས་དཀྱུས་མའི་ཁྲོམ་ནས་ཕྱེས།།
ཁྱེད་ནི་བློ་གྲོས་སྐྱབས་ལ་བསྟེན་པའི་དུས་ཀྱི་གསར་བརྗེ་དཔའ་བོ་ཞིག །
ཁྲིམས་ཀྱི་དབང་འཛིན་རིགས་རྒྱུད་དེད་པའི་རྒྱུན་སྲོལ་ཐག་ནག་ཁྱེད་ཀྱིས་བཅད།།
འདི་ཕྱིའི་སྐྱབས་གནས་འདྲེ་ལ་བཅོལ་བའི་རྨོངས་པའི་ཆོ་ག་གཏིང་ནས་བསློགས།།
དུད་འགྲོའི་པགས་རིགས་རྒྱན་དུ་བརྩི་བའི་ཀླ་ཀློའི་སྤྱོད་པར་བཤའ་བཅོས་གནངས།།
ཁྱེད་ནི་འཇིག་རྟེན་ཁྱིམ་ལ་བབ་པའི་ལྷ་མཆོག་སྟོང་གི་ཡང་རྩེ་ཞིག །
ཁྱེད་ཀྱིས་ནང་བསྟན་ལྟོས་གྲུབ་ཕྲ་མོས་ཚན་རིག་བློ་གྲོས་ངལ་གསོར་བསྐྱལ།།
ཁྱེད་ཀྱི་སྤྱི་སྨན་བཟང་སྤྱོད་འགྲེལ་བས་དཔྱོད་ལྡན་འགྲོ་བའི་མགོ་བོ་དུད།།
ཁྱེད་ཀྱི་ཆོས་ལུགས་རིས་མེད་ལྟ་བས་འཛམ་གླིང་གོ་རྟོགས་གསར་བར་འཁྲིད།།
ཁྱེད་ཀྱི་ལེགས་མཛད་བློ་གྲོས་སྟོང་གིས་བསྐལ་བར་འགྲེལ་ཡང་ནུས་རེ་སྐན།།
ཤར་ཕྱོགས་མི་རིགས་ཁྱེད་ཀྱི་སྙན་པས་རྒྱལ་སྤྱིའི་སྡིངས་ཆར་མཛེས་པར་བཞེངས།།
གངས་ཅན་བོད་འབངས་ཁྱེད་ཀྱི་མཚན་ལས་སྤོབས་པའི་མགོ་བོ་སྒྲེང་སྟེ་སྐྱོད།།
སྡུག་བསྔལ་གཡང་ལས་སྐྱོབ་པའི་འོ་དོད་ཕྱོག་དང་ཕྱོགས་ནས་ཁྱེད་ལ་གྱེར།།
ད་ལྟའི་འགྲོ་བའི་བསླུ་མེད་སྐྱབས་མགོན་ཁྱེད་ལས་གཞན་དུ་སུ་ཞིག་མཆིས།།
ཁྱེད་ཀྱི་གསུང་གི་སྨན་མཆོག་གཅིག་གིས་སྐྱེ་འགྲོ་འབུམ་ལ་ངལ་གསོ་སྦྱིན།།
ཁྱེད་ཀྱི་དཔྱད་པ་ཕྲ་མོ་རེ་ཡིས་དཔྱོད་ལྡན་འབུམ་གྱི་བློ་སྒོ་འབྱེད།།
ཁྱེད་ཀྱི་སྤྱི་སྨན་སྦྱོར་བ་རེ་ཡིས་ཁྲི་ཕྲག་སྐྱེ་བོར་མིག་དཔེ་བསྟན།།
ཁྱེད་ཀྱི་མཛད་རྗེས་བསམ་ཐེངས་རེ་རེར་དད་དུང་མ་གནོན་ཤུགས་ཀྱིས་འཕྱུར།།
ཁྱེད་ཉིད་ཡོད་ན་འཛམ་གླིང་འདི་ལ་གསེར་གྱི་ཉི་མ་སེར་བོ་ཡོད།།
ཁྱེད་ཉིད་ཡོད་ན་སྐྱེ་འགྲོ་ཡོངས་ལ་འོད་ཀྱི་ལམ་སྟོན་དཀར་བོ་ཡོད།།
ཁྱེད་ཉིད་ཡོད་ན་གངས་རིའི་ལྗོངས་ལ་རེ་བའི་གསོན་ཤུགས་དམར་བོ་ཡོད།།
ཁྱེད་ཉིད་ཡོད་ན་ཐེར་འབུམ་བདུན་ཅུར་འོད་ཀྱི་གཟི་མདངས་ཉམས་པ་མེད།།
བྱམས་བརྩེས་ཕོངས་བའི་འཛམ་གླིང་འདི་ལ་ཁྱེད་ཀྱི་གདམ་ངག་ཟབ་མོ་དགོས།།
མགོ་འཐོམ་སྐྱེ་འགྲོ་ཁྲི་མ་འབུམ་ལ་ཁྱེད་ཀྱི་བླང་དོར་བཀའ་བཟང་དགོས།།
དད་དམ་འགྱུར་མེད་གངས་ཅན་བོད་ལ་ཁྱེད་ཀྱི་ལམ་སྟོན་དབྱངས་སྙན་དགོས།།
ཁྱེད་སྐུ་མི་ནུབ་ཡུན་རིང་བཞུགས་པར་སྙིང་དང་རུས་པས་གསོལ་འདེབས་ཞུ།།
སྐུའི་འཁྲུངས་སྐར་གྱ་གཅིག་ལ་ཕུལ།
ལྷ་ཆབ་སྦྱིན་པ།
གངས་རིའི་མགུལ་ནས
འོད་ཀྱི་ཐིག་ལེ་ཞིག་མཆེད་དེ
གོ་ལའི་ཡང་རྩེར་འཁྱིལ
དེ་དུས བོད་སྐད་ཀྱི་གདངས
བྱམས་བརྩེ་ཡི་དྲོད
ད་དུང་སུ་ལའང་མཁོ་བའི
ཞི་བདེའི་རོལ་མོ་དཀྲོལ
ཆེས་མཐའ་མཇུག་གི
བོད་ཀྱི་གསོན་ལམ་ཁྱོད་ཡིན་ལ
ཆེས་མཐའ་མཇུག་གི
གངས་རིའི་ཚེ་སྲོག་ཁྱོད་ཡིན་པས
དུས་གཏན་ཏུ
སྲིད་པའི་ཡང་རྩེ་རུ་བཞུགས་རོགས
བགྲང་བྱ་གྱ་གཅིག
དཀའ་སྡུག་གིས་བསྐྱལ་ནའང
དགྱེས་འཛུམ་གྱི་དགོད་སྒྲ
གཏན་ཏུ་ཡལ་མ་མྱོང
༢༠༡༦ ༧ ༥ ལ་ཨོ་གླིང་ནས།
གྱ་གཅིག
ཨ་འཇམ།
ཆིག་དགུ་སུམ་ཅུ་སོ་ལྔ་ནས།།
དེ་རིང་ཉིས་སྟོང་བཅུ་དྲུག་འདི།།
དྲུག་ཅུའི་ཞལ་ངོ་འདྲ་ན་ཡང་།།
དགུ་དགུ་བརྒྱད་ཅུ་གྱ་གཅིག་ཡིན།།
གསུམ་པའི་བཅུ་བདུན་མཚན་མོ་ནས།།
བདུན་དྲུག་བླ་གཟའི་ཉིན་མོའི་བར།།
ང་དགུ་གྱ་དགུ་མང་ན་ཡང་།།
དགུ་དགུ་བརྒྱད་ཅུ་གྱ་གཅིག་ཡིན།།
བཅུ་དྲུག་སྲིད་ཀྱི་ཡུ་བ་ནས།།
དོན་ལྔའི་ཆོས་ཀྱི་རྒྱལ་མཚན་བར།།
ས་ཡ་དྲུག་གི་ཐོད་པའི་མིག།
དགུ་དགུ་བརྒྱད་ཅུ་གྱ་གཅིག་ཡིན།།
ཉིན་མཚན་དུས་དྲུག་གཞན་དོན་བྲེལ།།
བརྒྱ་དང་བཅུ་གསུམ་ཞལ་གྱིས་བཞེས།།
སྟོང་ལོའི་ལྷག་དཀར་རྩ་ཆེན་འདི།།
དགུ་དགུ་བརྒྱད་ཅུ་གྱ་གཅིག་ཡིན།།
སྐུའི་འཁྲུངས་སྐར་ལ་ཕུལ་བའི་ངག་གི་མཆོད་པ།
ཁ་བའི་བདག
མཐའ་ཡས་འགྲོ་བ་བསྒྲལ་བའི་ཁུར་ཆེན་པོ།།
མཐའ་མེད་སྙིང་རྗེ་ཆེན་པོས་ལྷུར་བླངས་ཏེ།།
མཐའ་དག་འགྲོ་ལ་རྟེན་འབྲེལ་ཟབ་མོའི་མཆིད།།
མཐའ་དབུས་ཀུན་ཏུ་སྩོལ་བའི་མགོན་ལ་འདུད།།
ཚོགས་གཉིས་རིན་ཆེན་བྱེ་བས་ལེགས་བསྐྲུན་པའི།།
ལེགས་བཤད་རྒྱ་མཚོའི་གཏེར་གྱུར་བརྗིད་པའི་སྐུ།།
ཉེར་གཅིག་འགྲོ་བའི་བསོད་ནམས་ཡོལ་གོ་རུ།།
ཆོས་ཀྱི་དགའ་སྟོན་འགྱེད་བཞིན་རྟག་བརྟན་ཤོག །
སྙིགས་དུས་འགྲོ་བའི་མོས་རྒྱ་མཚོའི་ཀློང་།།
ལེགས་བཤད་རིན་ཆེན་གཟིངས་ཀྱིས་རབ་བསྐྱོམ་པར།།
བསམ་བཞིན་སྤྲུལ་བའི་ཟློས་གར་བསྒྱུར་མཛད་པ།།
དེད་དཔོན་མཆོག་ཁྱོད་མཇལ་བ་ཨེ་མ་ཧོ།།
རྟེན་འབྱུང་ལྟ་བའི་ཟབ་གནད་ཀུན་གྲོལ་ཀྱང་།།
སྙིང་རྗེས་ཐུགས་རྒྱུད་རབ་ཏུ་བཅིངས་མཛད་པ།།
བཀའ་དྲིན་ཟླ་མེད་བླ་མ་ཆོས་ཀྱི་རྗེས།།
ཚེ་རབས་གཏན་དུ་འབྲལ་མེད་རྗེས་འཛིན་ཤོག །
སྟོན་མཆོག་སྨྲ་བའི་ཉི་མ་གང་དེ་ཡིས།།
ལེགས་གསུང་ཆོས་ཀྱི་སྙིང་བོ་རང་རྒྱུད་དང་།།
འདྲིས་ཕྱིར་ཐོས་བསམ་སྒོམ་པར་བརྩོས་ནུས་པར།།
བླ་མ་ཡིད་བཞིན་ནོར་བུས་བྱིན་གྱིས་རློབས།།
འཁྲུངས་སྐར་གྱི་ཉི་མ་ཚེས་ལ་ཉེ་བའི་དུས་སུ་ཚེ་སྔོན་བསགས་པའི་ལས་འབྲས་ཀྱི་རྟེན་སླུ་བ་མེད་པའི་སྟོབས་ཀྱིས་མགོན་པོ་གང་གི་ཞལ་གསུངས་ཡང་ཡང་མཇལ་བའི་སྐལ་བ་ཅན་ཕྲན་ཀ་ཉག་ཚེ་རིང་གིས་རང་ཤག་ནས་བྲིས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག
འཛམ་གླིང་ཞི་བདེའི་དེད་དཔོན།
སེང་གདོང་སྐྱབས།
སྒྲིབ་གཉིས་ཀུན་དག་མཚུངས་བྲལ་མགོན་པོ་གོ་དམ་གང་།།
སྒོ་གསུམ་རབ་གཙང་ཐུབ་དབང་རྒྱལ་བའི་བོད་བསྟན་རྗེ།།
བདེན་བཞིའི་ལོང་རྟོགས་བྱང་ཆུབ་སེམས་དཔའི་ཐུགས་སྲས་མཆོག
སྦྱིན་པའི་ཕར་ཕྱིན་གངས་བདག་ཆེན་མོ་གང་དེར་འདུལ།།
ཚོགས་གཉིས་རབ་ཕྱུག་ལྷུན་པོར་འགྱིངས་པའི་ཟླ་མེད་དཔོན།།
མཁས་བཙུན་བཟང་གསུམ་མངའ་ཐང་བརྙེས་པའི་སྲིད་པའི་ཏོག
གླིང་བཞིའི་མུན་པ་ཐལ་བར་འཇོམས་མཁས་ཉིན་བྱེད་དབང་།།
བཟོད་པའི་ཕར་ཕྱིན་གངས་བདག་ཆེན་མོ་གང་དེར་འདུལ།།
ལུགས་གཉིས་མངའ་ཐང་ཐུགས་ལ་བལྟམས་པའི་དམིགས་མེད་བརྩེ།།
བསླབ་གསུབ་རབ་རྟོགས་གཟི་འོད་ཀུན་ཁྱབ་འོད་ཀྱི་གོང་།།
སྲིད་གསུམ་དབང་བསྒྱུར་ཞི་བདེར་སྙོམ་མཛད་དེད་དཔོན་མཆོག
ཚུལ་ཁྲིམས་ཕར་ཕྱིན་གང་བདག་ཆེན་མོ་གང་དེར་འདུལ།།
བརྒྱད་གཉིས་བཅུ་དྲུག་སྐུ་ཡི་ལང་ཚོ་སྙིང་རྗེ་ཕུང་།།
འགྲོ་དྲུག་ཀུན་བརྩེ་དབྱེར་མེད་བཏང་སྙོམས་ཚད་ཐིག་དཔེ།།
དགེ་ལེགས་འདོད་རྒུ་ཆར་ལྟར་འཇོ་བའི་དཔག་བསམ་ཤིང་།།
བརྩོན་པའི་ཕར་ཕྱིན་གངས་བདག་ཆེན་མོ་གང་དེར་འདུལ།།
མཁྱེན་རབ་སྟོབས་བཅུའི་མཚན་དཔེ་རྫོགས་པའི་མཚུངས་མེད་སྐྱབས།།
ལེགས་བྱ་ཀུན་རྒུས་ཡངས་པའི་མཐར་སོན་སྲིད་པའི་སྲས།
འགྲོ་དྲུག་འདྲེན་མཁས་རིས་མེད་འགྲོ་བའི་སྐྱེས་ཆེན་མཆོག
བསམ་པའི་ཕར་ཕྱིན་གངས་བདག་ཆེན་མོ་གང་དེར་འདུལ།།
འཆད་རྩོད་རྩོམ་གསུམ་བྱང་ཆུབ་ལྗགས་སྟོང་སྦྲུལ་པའི་དཔུང་།།
འདི་ཕྱི་གཉིས་ལུགས་ཐུགས་ལ་མངའ་བའི་སྒྱུ་འཕྲུལ་གཟུགས།།
རིགས་སྟོང་དད་འདུན་རང་འགར་འགུག་པའི་མཐུ་ནུས་རྩལ།།
ཤེས་རབ་ཕར་ཕྱིན་གངས་བདག་ཆེན་མོ་གད་དེར་འདུལ།།
༸གོང་ས་མཆོག་གི་འཁྲུངས་སྐར་ལ་ཕུལ་བ།
གཡུ་སྒང་དགེ་འདུན།
བགྲང་བྱ་གྱ་གཅིག་གདན་དུ་བཏང་བའི་ཁམས་གསུམ་ཉི་མ་སེར་པོ་ཞིག །
འཛམ་གླིང་སྐྱེ་འགྲོ་གཅིག་ཏུ་སྒྲིལ་པའི་མཐོ་སྒང་ལྷ་ཆེན་ཚངས་པ་ཞིག །
གཞན་དོན་ཐམས་ཅད་བདག་གིར་བཞེས་པས་འཕགས་མཆོག་སྤྱན་རས་གཟིགས་དབང་ཞིག །
མི་ཕྱེད་དད་པའི་སྤྱི་བོར་བཀུར་ཏེ་སྒོ་གསུམ་ཕྱག་གིས་མེ་ཏོག་འབུལ།།
རྨི་ལྟས་གྲངས་མེད་རྟགས་དང་བཅས་ཏེ་ཡུམ་ཆེན་བསོད་ནམས་ལྷུམས་སུ་ཞུགས།།
གང་སྐུའི་མེ་ཏོག་འཛུམ་གྱིས་འཁྲུངས་སྐབས་རྐྱེན་ངན་གོད་ཆག་རྦད་ཀྱིས་ཆད།།
ཡབ་ཆེན་སྙུང་གཞིས་མལ་དུ་གནས་ཀྱང་ནད་མེད་གཟུགས་གཞི་ཐང་བོར་གྱུར།།
ངོ་མཚར་ལྟས་ཀྱི་བཀོད་པ་བརྒྱ་ཕྲག་བདག་བློ་ཁབ་རྩེས་བརྗོད་ཐབས་བྲལ།།
ལྷ་བླའི་བཀའ་ལུང་ཡིག་གེ་གསུམ་གྱིས་ཕྱོགས་སྟོན་ཟབ་མོའི་འཚོལ་སྙེགས་ཀྱིས།།
ཨ་མདོའི་(ཨ)སྐུ་འབུམ་བྱམས་པ་གླིང་(ཀ)ནས་བུ་ཆུང་ལྷ་མོ་དོན་གྲུབ་(མ)རྙེད།།
ལེ་དབར་ཁྲི་ཕྲག་གོམ་གྱིས་བཅད་དེ་དབུས་འགྱུར་ཕོ་བྲང་དམར་པོ་རུ།།
མི་འཇིགས་གདོང་ལྔའི་ཁྲི་འཕང་མཐོན་པོར་ཞབས་ཟུང་གསེར་གྱི་འཁོར་ལོ་བཀོད།།
གཞན་ཕན་ཐུགས་ཀྱི་མུ་ཐག་དཀར་པོ་སྟོང་གསུམ་གོ་ལའི་རྩེ་རུ་འཐེན།།
བྱམས་བརྩེ་མུ་མཐའ་མེད་པའི་འོ་མཚོས་འཛམ་གླིང་འཛིན་མའི་མཐའ་རུ་བསྐོར།།
སྙིང་རྗེ་དཔག་བསམ་ལྗོན་པའི་རྩེ་ནས་ཞི་བདེ་ལྷ་བྱས་གསུང་སྐད་སྒྲོགས།།
སྐྱེ་རྒུ་བདེ་སྐྱིད་དཔལ་ལ་འདྲེན་པའི་ས་གསུམ་འགྲོ་བའི་མགོན་པོ་རྒྱལ།།
ཞེས་གཡུ་སྒང་དགེ་འདུན་གྱིས་ ༢༠༡༦ ། ཟླ་ ༧ ། ཚེས་ ༥ ། ཉིན།
གོང་ས་ལྷ་མིའི་དབང་བོའི་སྐུའི་གྱ་སྟོན་ལ་ཕུལ་བ་བསྟོད་ཚིག་པད་དཀར་ཆུན་པོ།
རྩེ་རིག་གྲོལ།
རྒྱལ་ཀུན་གསང་གསུམ་བསམ་མི་ཁྱབ་པའི་མཛོད།།
འཛིན་མཁས་རྒྱལ་བའི་དབང་བོ་གངས་རིའི་མགོན།།
སྲིད་གསུམ་ཕན་བདེ་མ་ལུས་འབྱུང་བའི་གཉེན།།
ལྷ་གཅིག་ཕྱག་ན་པདྨོར་གསོལ་བ་འདེབས།།
ཁྱེད་སྐུ་གསེར་མདོག་ཉིན་བྱེད་འོད་པོ་ཆེ།།
གངས་ཅན་སྐྱེ་དགུའི་བསོད་ནམས་དཔལ་གྱི་ཞིང་།།
ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པ་ཡི།།
དུས་སྟོན་གངས་ལྗོངས་འགྲོ་བའི་བླ་ན་མཐོ།།
མགོན་ཁྱེད་མཚན་དཔེ་ལང་ཚོ་འབར་པའི་ཁར།།
གསུང་དབྱངས་ཡན་ལག་དྲུག་ཅུའི་ཆ་རྫོགས་པའི།།
ཁྱེད་སྐུ་འགྲོ་བའི་དོན་ལ་བལྟམས་པ་ནས།།
གང་བྱོན་གནས་སུ་ཞལ་གདམས་མཚོ་རུ་བསྐྱིལ།།
གང་སྐུའི་ན་ཚོད་པད་མའི་སྐུད་པ་ལྟར།།
ཆེས་ཆེར་ཕྲ་བའི་དུས་ནས་ད་ལྟའི་བར།།
བྱམས་བརྩེའི་ཞགས་པ་རེ་རེའི་འོད་སྣང་གིས།།
གང་བཞུགས་ས་ལ་བྱིན་རླབས་དྲོད་དུ་བསྐྱིལ།།
གང་གི་ཐུགས་བསྐྱེད་ཀུན་ཁྱབ་སྒེག་མོ་ལས།།
སྲིད་གསུམ་སྐྱེ་འགྲོ་བདེ་བའི་སྨན་གཅིག་ཏུ།།
ཁྱེད་སྐུ་སྐད་ཅིག་ཙམ་ལ་བཞུགས་པའི་སར།།
གང་ཞུས་དོན་ལ་ལུང་བསྟན་བདུད་རྩི་བསྐྱིལ།།
གང་གི་མཛད་བཟང་སྟོང་གསུམ་རྒྱ་མཚོ་ལས།།
འཛམ་གླིང་སྐྱེ་དགུའི་ཞི་བདེའི་ལམ་བཟང་ལ།།
བྱམས་བརྩེའི་རླབས་ཀྱི་ཕྲེང་བ་རེ་རེས་ཀྱང་།།
གང་ཕན་རྒྱལ་སྲས་མཛད་པ་ཀློང་དུ་བསྐྱིལ།།
མདོར་ན་ཁྱེད་སྐུ་གསེར་གྱི་ལྷུན་པོ་ལ།།
ཆ་ཙམ་བསྟོད་པའི་ཆུ་ཐིག་རྡོག་པོ་འདི།།
གང་སྐུའི་འཁྲུངས་སྐརནབསུ་དང་ལྷན་གཅིག་ཏུ།།
ཞབས་ཟུང་ཕྱིར་ལ་འགོད་པའི་སྨོན་ལམ་འདེབས།
འཁྲུངས་སྐར་གྱ་གཅིག་པ་བསུ།
ཁ་བའི་འབྲོག་མོ།
གངས་ལྗོངས་ཡུལ་ལ་གསེར་གྱི་ཉི་མ་ཞིག།
ཤར་ཡང་དྲོད་འཁོལ་མྱོང་སྐལ་མ་ལྡན་ཡང་།།
འཛམ་གླིང་སྲིད་པའི་རྩེ་ནས་འཆར་བ་ཡིས།།
གླིང་བཞིའི་མུན་པ་རྨང་ནས་ཁྱེད་ཀྱིས་བཅོམ།།
གོ་ལའི་མངའ་བདག་སྟོན་པ་ཁྱེད་ཉིད་དེ།།
སྐྱེ་དགུའི་འདི་ཕྱི་ཀུན་གྱི་སྐྱབས་གནས་ཡིན།།
བགྲང་བྱ་བརྒྱད་ཅུ་གྱ་གཅིག་ཧྲིལ་བོའི་རིང་།།
གཞན་ཕན་སྙིང་རྗེའི་ཕྱག་ཟུང་རིང་ནས་བརྐྱངས།།
ཁྱེད་སྐུ་རྟག་བརྟན་རྡོ་རྗེའི་གཟི་འོད་ཀྱིས།།
འཛམ་གླིང་སྤྱི་དང་ལྷག་དོན་གངས་རིའི་ལྗོངས།།
བསྐལ་བའི་མཐར་ཡང་སྐྱོང་བའི་བཀའ་དྲིན་དུ།།
མི་ཕྱེད་དད་དམ་གཙང་མའི་མཆོད་པ་འབུལ།།
2016/7/6
བསྟོད་དབྱངས་དུང་གི་སྨོན་ཚིག
ཆབ་མདོ་ངག་ཕུན།
སྔོན་བྱོན་ལོ་པཎ་རྣམས་ཀྱི།།
ངལ་བ་ལྷོད་མེད་མཛད་དེ།།
གངས་ལྗོངས་སྲིད་པའི་ཞིང་ལ།།
ཆོས་རིག་དར་སྤེལ་མཛད་ཡོད།།
བཀའ་དྲིན་ཅན་གྱི་ཆོས་རྒྱལ།།
སྲོང་བཙན་སྒམ་པོ་ཁོང་གིས།།
གངས་ལྗོངས་བོད་རིགས་ཡོངྶ་རྫོགས།།
གོང་བུ་གཅིག་འདྲིལ་མཛད་ཡོད།།
མཁན་སློབ་ཆོས་གསུམ་གདན་འཛོམས།།
བརྡ་ཆད་གཏན་འབེབས་མཛད་ཅིང་།།
ཤེས་རིག་འོད་སྟོང་འབར་བ།།
གངས་ལྗོངས་ཆོས་ལྡན་བསྐྲུན་ཡོད།།
འགྲོ་བ་ཡོངས་ཀྱི་མགོན་སྐྱབས།།
སྤྱན་རས་གཟིཌ་ཀྱི་རྣམ་འཕྲུལ།།
གངས་ལྗོངས་བོད་མིའི་ལྷ་སྐལ།།
སྐྱབས་མགོན་ཡིད་བཞིན་ནོར་བུ།།
གངས་ལྗོངས་ཞིང་ལ་འཁྲུངས་ནས།།
ལོ་ངོ་གྱ་གཅིག་འཁོར་བའི།།
རྟེན་འབྲེལ་དགའ་སྟོན་ཉིན་མོར།།
འཚམས་འདྲི་སྙིང་ནས་ཞུ་འོ།།
གངས་ལྗོངས་ཆོས་རིག་ཡོངྶ་རྫོཌ།།
གཏོར་བཤིག་ཚད་མེད་བཏང་ཡང་།།
མགོན་ཁྱེད་ཐུགས་རྗེའི་དྲིན་ལས།།
མ་ཡལ་གསོན་པོར་གནས་ཡོད།།
མི་ཡུལ་ས་མཐའི་ལུང་པར།།
བཞུཌ་དགོས་བྱུངབ་ཡིན་ཡང་།།
བྱམས་བརྩེའི་ཐུགས་སྟོབས་ཉིད་ལས།།
འཛམ་གླིང་ཞི་བདེར་སྦྱིན་སོང་།།
དགུང་ལོ་གྱ་གཅིག་ཕེབས་ཀྱང་།།
ངལ་བ་ལྷོད་མེད་མཛད་ཅིང་།།
འཛམ་གླིང་ཤར་ནུབ་ཕེབས་ཏེ།།
ཆོས་ཀྱི་ཆར་པ་ཕབ་མཛད།།
མགོན་ཁྱེད་གསུང་ཚིག་རེ་རེའི།།
སྐྱེ་བོ་འབུམ་ཕྲག་དུ་མར།།
བདེ་བའི་འོད་སྣང་སྦྱིན་མཛད།།
བཀའ་དྲིན་ཅན་གྱི་མགོན་སྐྱབས།།
གངས་ལྗོངས་མི་རིགས་ཡོངས་རྫོཌ།།
འཇིག་ཉེ་འགྱུར་བའི་སྐབས་ལ།།
མགོན་ཁྱེད་ཐུགས་རྗེའི་དྲིན་ལས།།
མ་འཇིག་གསོན་པོར་གནས་ཡོད།།
ས་ཆ་ལག་མཐིལ་ཙམ་མེད།།
འོན་ཀྱང་མགོན་ཁྱེད་ཐུགས་རྗེའི།།
གངས་ཕྲུག་འབུམ་ཕྲག་དུ་མ།།
གནའ་དེང་ཤེས་ཡོན་བསྐྲུན་ཡོད།།
བཙན་བྱོལ་བོད་མིའི་སྒྲིག་འཛུགས།།
ལས་ཁུངས་མ་ལག་བཅས་པ།།
ཚགས་ཚུད་སྲ་བརྟན་མཛད་ཡོད།།
བཀའ་དྲིན་ཅན་གྱི་མགོན་སྐྱབས།།
བཀའ་དྲིན་བླ་མེད་ཆེ་བའི།།
༸རྒྱལ་བ་བསྟན་འཛིན་རྒྱ་མཚོ།།
སྐུ་ཚེ་ཡུན་རིང་བརྟན་ཞིང་།།
ཐུགས་ཀྱི་བཞེད་དོན་འགྲུབ་སྨོན།།
ཞེས་པ་འདི་ནི་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་དགུང་གྲངས་གྱ་གཅིག་ཕེབས་པའི་འཁྲུངས་སྐར་ལ་དད་འདུན་ཆེན་པོའི་སྒོ་ནས་ཆབ་མདོ་ངག་ཕུན་གྱིས་སྨོན་ཚིག་འདི་ཉིད་བྲིས་པའོ།
བཀྲལ་བ།
སྐྲན།
_____ སྐུའི་འཁྲུངས་སྐར་གྱ་གཅིག་པར་ཕུལ་བ།
ལམ།
མུན་པ།
འོད་སྣང་།
འཇིག་རྟེན་འཇིག་རྟེན་དུ་བསྐྲུན་པ།
ཚེ།
སྡུག་བསྔལ།
བདེ་སྐྱིད།
མི་ཚེ་མི་ཚེ་རུ་འགྲེལ་བ།
ཁྱེད།
དམག་འཁྲུག
ཞི་བདེ།
འཛམ་གླིང་རྒྱུ་འབྲས་སུ་སྦྲེལ་བ།
༢༠༡༦/༠༧/༠༥ མཚན་མོར།
ཁྱོད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
གྲིབ་མ།
རྫ་མཐོན་པོ་ཞིག་གི་རི་རྩེ་ནས་ཆས་ཏེ།
ཐང་བདེ་མོ་ཞིག་ལ་འཛུམ་གྱིས་སླེབས་དུས།
ངེད་མིང་སྲིང་དག་གིས་ཁྱེད་ལ་རེ་བས་བལྟས་ཤིང་ཡོད་ཚད་བཅོལ།
ཁྱེད་ནི་དྭངས་གཙང་གི་དྲི་མས་མ་གོས་པའི་རི་སྐྱེས་མེ་ཏོག་བཞིན།
ནམ་ཡང་འོད་དུ་འཚེར་བའི་སྐར་ཆེན་དེ་ཡིན་ན།
དེ་རིང་ངས་ཅིས་ཀྱང་ཁྱེད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་དགོས།
ངའི་ཡ་ཆུང་ཁོག་གི་སྙིང་དང་འདྲ་བའི་ཁྱོད །
ཐེག་པར་དཀའ་བའི་ཁྲེས་པོ་ཞིག་རྒྱབ་དུ་འཁུར་ནས།
སྙན་ཞིང་འཇེབས་པའི་གླུ་གཞས་དེ་ངག་ལ་གྱེར་དུས།
ཡོད་ཚད་ལ་ཁ་བས་གཡོགས་པའི་བྱེའུ་ཆུང་དག
རྣ་བ་ཀྲོང་ཀྲོང་གིས་ཁྱེད་ཀྱི་ཕྱོགས་སུ་ཅེར་བ་གྲངས་ཀྱིས་མི་ལོན།
ཁྱེད་ནི་སྨུག་སྤྲིན་གྱི་ཀློང་གི་ཉི་འོད་བཞིན་ལན་རེར་མཐོང་ཞིང་།
སྐབས་རེར་རིང་དུ་གྱེས་འགྲོ་བས།
རེ་བཅོལ་ལ་འདུ་ཤེས་ཟབ་པའི་བྱེའུ་ཆུང་དག
ནམ་ཡང་དངངས་སྐྲག་གི་ཁྲོད་ན་འདར་གྱིན་ཡོད།
འོན་ཀྱང་དེ་རིང་ངས་གཉོམ་ཆུང་དག་གི་ལས་དབང་མི་གླེང་ལ།
ཐེག་པར་དཀའ་བའི་སྐྱོ་གདུང་དག་གྱང་མི་བཤད།
དེ་རིང་ངས་དགའ་བ་འཛུམ་གྱིས་བསུ་བཞིན།
ངོམ་དུ་རེ་བའི་ཁྱེད་ཉིད་ལ་རང་སེམས་མཚོན་པའི་ལེགས་སྐྱེས་ཤིག་འབུལ་འདོད།
སྐྱབས་ཀྱི་དམ་པ་ལགས།
འདི་ནི་མི་ཆུང་ཞིག་གི་ལག་ཟུང་ལས་ཐོན་པའི་མེ་ཏོག་རྐང་གཅིག་ཡིན་ཡང་།
ང་ཡིས་རུས་པའི་རྐང་དང་སེམས་ཀྱི་མཐིལ་ནས་ཕུལ་བའི་ལྷད་མེད་དྭངས་གཙང་གི་མེ་ཏོག་རྐང་གཅིག་ཡིན་པས།
ཁྱེད་ཀྱིས་འོ་ཇ་མངར་མོ་ཞིག་གི་ཚུལ་དུ་དལ་གྱིས་བཞེས་རོགས། ངའི་སྐྱབས་མགོན་ལགས།
ཁྱེད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
ཁྱེད་ཀྱི་ཉི་འོད་ཀྱིས་ང་ཚོའི་སེམས་རྩ་གསོས།
ཁྲོ་གཏུམ།
ཉི་འོད་ཀྱི་གོ་ས་ན
འོད་དུ་འཚེར་བའི་བྱམས་བརྩེ་ཞིག
༧གོང་ས་མ་མཆོག
ངས་ཁྱེད་ཀྱི་འཁྲུངས་སྐར་བསུ།
སའི་གོ་ལའི་ཉིན་སྲིབ་ལས
མི་སེམས་ཀྱི་འཁྱགས་རོམ་བཅོམ་པའི་བདག་པོ
༧གོང་ས་མ་མཆོག
ངས་ཁྱེད་ཀྱི་འཁྲུངས་སྐར་བསུ།
ཤེས་བྱ་སྣ་ཚོགས་ཀྱི་བང་རིམ་བརྩེགས་ས་རུ
བསམ་པའི་དཔལ་ཡོན་གྱི་སྙིང་བོ་སྩོལ་མཁན
༧གོང་ས་མ་མཆོག
ངས་ཁྱེད་ཀྱི་འཁྲུངས་སྐར་བསུ།
ཞབས་ཀྱིས་བཅག་པའི་ས་སྒང་རིལ་མོ་འདིར
མི་སེམས་སྣ་ཚོགས་ཀྱི་དཔྱིད་ཀ་གསོ་མཁན
༧གོང་ས་མ་མཆོག
ངས་ཁྱེད་ཀྱི་འཁྲུངས་སྐར་བསུ།
2016/07/06ཉིན།
ཁྱེད་ཀྱི་འཁྲུངས་སྐར།
ལྗོན་པ།
རྩལ་གྱིས་དྲེགས་པའི་འཁྱུག་འགྲོས་ཤིག་གིས
མཚོ་ཁར་མི་འཇིགས་པའི་རི་མོ་བྲིས
དེ་དུས ཟད་མི་ཤེས་པའི་རྒྱ་མཚོ་དེ་ནི་དགའ་འཛུམ་མོ
གཤོག་འགྱུར་གྱི་རླུང་སྔོན་པོ་ཞིག་གིས
བར་སྣང་མཐོངས་སུ་མིའི་སྐས་རྐང་བཙུགས
དེ་དུས འགུལ་བཞིན་པའི་གངས་རི་ནི་རུས་རྐང་སྲ་མོ་དེའོ
མྱུག་གསར་གྱི་ཡུ་བ་ལྗང་ཁུས
ས་གཞིའི་གཏིང་རུམ་ལ་བདུད་རྩིའི་དབུགས་དབྱུང་བསྩལ
དེ་དུས འཆི་བ་བོར་བའི་སྐྱེ་དངོས་ནི་མིའི་རིགས་ཀྱི་སྤུན་ཟླའོ
སྐྱེས་ཆེན་ལྷ་མོ་དོན་འགྲུབ།
ནག་ཕྱོགས།
༧ གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་གུས་ཕུལ།
ལྷ་མོ་དོན་འགྲུབ།
བོད་ཤར་ཕྱོགས་ནས་འཚེར་བའི་ཉི་མ་སེར་པོ།
རི་བོ་ཧི་མ་ལ་ཡའི་ཉག་འཕྲང་ནས་འཆར་དུས།
ས་ཆེན་གྱི་གོ་ལ་ཟླུམ་པོ་འདིར།
མུན་སེལ་གྱི་འོད་སྣང་དང་དྲོད་ཁོལ་ཞིག་སྦྱིན་བྱུང་།
སྐུ་ཚེ་བརྟན། ཁྲི་ལོར་ཤོག
ལྷ་མོ་དོན་འགྲུབ།
ཕྱོགས་བཞི་གླིང་དྲུག་ལ་བསྐྱོད་ཐེངས་རེ་རེར།
བྱམས་བརྩེ་དང་ཞི་དུལ་གྱི་ལམ་སྟོན་རེ་མཛད་དུས།
ཡངས་པོའི་འཇིག་རྟེན་འདིར།
མི་ཚེ་བཟང་སྤྱོད་ཀྱི་ལམ་བུ་ཆེན་པོ་ཞིག་བསྐྲུན་བཞིན།
སྐུ་ཚེ་བརྟན། ཁྲི་ལོར་ཤོག
ལྷ་མོ་དོན་འགྲུབ།
ས་མཐོ་མི་རིགས་ཞིག་གི་བདེ་སྡུག་ཕྲག་ཏུ་ཁུར་ནས།
སྐྱེས་འགྲོ་གང་ཞིག་གི་གདོང་བ་འཛུམ་གྱིས་བསུ་བཞིན།
མཐོ་སྒང་གི་མི་རིགས་འདིའི་ཆེད།
ལྟ་བ་ཚད་མེད་ཀྱི་བདེན་དོན་དེ་འཚོལ་བར་བསྙེགས།
སྐུ་ཚེ་བརྟན། ཁྲི་ལོར་ཤོག
07 / 06 / 2016
སྟོན་པ་༧ཏཱ་ལའི་བླ་མ།
མདའ།
སྤོབས་པའི་སྙིང་ཕུར་རུས་ལ་གཏུག་སྟེ་གཞན་དོན་མཛད་པ་ཁུར་དུ་འཁྱེར།།
གསེར་གྱི་སྨྲ་ལྕེ་འོད་ཀྱིས་གཡོ་བས་འཇིག་རྟེན་ཧྲིལ་བོར་ཁ་མིག་ཕྱེ།།
བརྩེ་ཆེན་ཐུགས་ཀྱི་དཀྱེལ་རྒྱ་གདེང་བས་གནའ་འོག་འཚོ་བས་སྲོག་དབུགས་སྐྱོང་།།
མི་ཡུལ་དགེ་བའི་བླ་དང་སྲོག་གཅིག་༧བསྟན་འཛིན་རྒྱ་མཚོ་རྒྱལ་གྱུར་ཅིག།
རིས་གཅོད་གྲུབ་མཐའི་འཛིང་རཊ་གཏོར་ཏེ་འཆམ་མཐུན་གསེར་གྱི་ཐག་པས་སྤྲེལ།།
རྒོལ་བརྡུང་ཁྲག་གི་བཞུར་རྒྱུན་བཅད་ནས་ཞི་བདེའི་དབུ་འཕང་དགུང་ལ་བསྟད།།
ས་ཆེན་སྒུལ་བའི་གསུང་གི་བདེན་པས་འཇིག་རྟེན་རྒུད་པའི་མཐའ་སྣེ་བཀག།
ཕོ་རབ་སྙིང་ལ་རུས་པ་བཅུག་སྟེ་རྔུལ་ཆུའི་བཞུད་ལམ་གསེར་གྱིས་བྲིས།།
༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་གྱ་གཅིག་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་བསུ།
གཙང*ཀུན་དགས།
དགྱེས་འཛུམ་ཞལ་གྱི་གཟི་བྱིན་འབར་བས་འགྲོ་བའི་ཡིད་ཀྱི་གདུང་བ་འཇོམས།།
བདེན་སྨྲ་གསུང་གི་གདངས་དབྱངས་ཟབ་པས་རིས་མེད་ཆོས་ཀྱི་སྟོན་པར་བཀུར།།
བརྩེ་ཆེན་ཐུགས་ཀྱི་མཁྱེན་རླབས་རྒྱས་པས་འཛམ་གླིང་ཞི་བདེའི་ལམ་དུ་འཁྲིད།།
ཐེར་འབུམ་བདུན་གྱི་ཕན་བདེའི་གཉེན་གཅིག་སྐྱབས་མགོན་ཁྱེད་ལས་གཞན་མ་མཆིས།།
—————————–***—————————-
[ཟུར་བཀོད།]
བརྒྱད་ཅུ་གྱ་སྟོན།
ཁྱུང་བཟང་།
ལ་མོ་བརྒྱད་ཅུ་རྔུལ་ཆུས་བརྒལ།
རྔུལ་ཐིགས་རེ་རེས་མི་སེམས་བརླན།
ལ་མོ་བརྒྱད་ཅུ་ནི་མཆོད་རྟེན་བརྒྱད་ཅུ་ཡིན།
ཆར་རླུང་ལས་སིང་སིང་འཁྲོལ་བའི་གཡེར་དྲིལ་དེས།
ལང་ལོང་འཕྱོ་བའི་རླབས་རྒྱུན་འཇགས་པར་བྱེད།
ལ་རྩེ་རེ་རེ་ནས་ཉི་འོད་བཞིན་འཚེར།
མི་སེམས་ཀྱི་དགུན་ཁ་རེ་རེ་ཞུ་བར་མཛད།
ཁ་བ་ས་ལ་འཐིམས་པའི་རླན་གཤེར་ལས།
མེ་ཏོག་འགའ་རེའི་མགོ་བོ་ཀྲོག་ཀྲོག་བྱས།
དུས་དེ་ལ ཀུན་གྱིས་ཞི་བདེ་རུ་བོས།
བ་དན་དཀར་པོ་ཞིག་དང་མཚུངས་པའི་སྐྲ་ལོ་དེས།
གངས་རི་དྲན་གྱིན་པའི་མིག་མདངས་ནི་སྤྱན་ཤེལ་གྱི་ར་བ་བརྒལ་ཏེ།
ད་ནི་ཟ་འགྲམ་གྱི་སྐྱི་གཉེར་དེད་ནས་ཟགས་ཀྱིན་འདུག
དེ་ནི་མི་སེམས་སྨྲེང་བར་བྱེད་པའི་བསྡུས་གཟུགས་ཤིག་རེད།
འདི་ནས་ལམ་བུ་གང་ཞིག་གི་མཐའ་ན་འུ་ཅག་གི་ཁྱིམ་གཞི་ཡོད་ཅེས།
གངས་ལ་དྲིས་ན་གངས་རི་ཧད་དེ་འདུག
འདི་ནས་ལོ་ཟླ་དུ་ཙམ་གྱི་ཕྱིས་ན་འུ་ཅག་གི་དགྱེས་འཛོམས་ཡོད་ཅེས།
མཚོ་ལ་དྲིས་ན་མཚོ་མོ་བཤུམས་ཀྱིན་འདུག
ས་ཡ་དྲུག་པོའི་གས་སྲུབས་ལ་ལག་པ་སྲིང་ན།
དེ་ནི་ཆུ་སྲིན་གྱི་ཁ་དང་འདྲ་བར་འཇིགས་ཉེན་གྱིས་ཡོངས་སུ་གཏམས་འདུག
འདིའི་སྐབས་སུ།
སེམས་ཀྱི་ཞེད་སྣང་ལ་བྱབས་ཁྲུས་གནང་མཁན་གྱི་དཀོན་མཆོག་ཅིག་གང་ནའང་མེད་དེ།
གལ་སྲིད་ཡོད་ན་དེ་ནི་ཁྱེད་ཁོ་ནའོ།
ཡིན་ཡང་ཁྱེད་ཀྱི་སྐུ་ཚེ་བརྟན་རྒྱུ་ལས།
ང་ལ་རེ་བ་གང་ཡང་མེད།
བྱེས་གྱར་དང་ལྷན་འཛོམས་སྐད་པ་དག་ཀྱང་།
ཁྱེད་ཀྱིས་ཡོང་དུས་དྲུད་ནས་འོངས་པ་ཞིག་མིན་ལ།ཁྱེད་ཁོ་ནས་ཅིས་ཀྱང་དྲས་ཤིང་འདྲུབ་དགོས་པའི་དོར་མ་དེ་ཡང་མིན་ན།
ང་ལ་ཉི་མ་ཡོད་པས་ཆོག་གོ།
༢༠༡༥ ༥ ༥ ཉིན་རེབ་གོང་ནས།
སྐུའི་གྱ་སྟོན་ལ།
ཕྱིར་རྟོག
ཤཱ་ཀྱའི་རྒྱལ་པོའི་ཡན་ལག་དྲུག་ཅུ་གཅིག་ཏུ་བཟླུམས་ན་ཁྱོད་ཀྱི་གསུང་།།
ཀླུ་སྒྲུབ་བྱམས་མགོན་ཟབ་དང་རྒྱ་ཆེ་ཟུང་དུ་བསྒྲིལ་ན་ཁྱོད་ཀྱི་ཐུགས།།
ཉི་མ་ཟླ་བའི་འགྲོས་དང་མཐུན་པར་འཛམ་གླིང་བསྐོར་བ་ཁྱོད་ཀྱི་སྐུ།།
དུག་དང་མཚོན་དང་གཡོ་སྒྱུའི་འདམ་ལས་ཁྱོད་ནི་མེ་ཏོག་པད་དཀར་བཞིན།།
གསུང་ཚིག་རེ་རེས་བློ་དམན་བདག་ཀྱང་ཉིན་ཞག་དུ་མ་བག་ལ་བཀོད།།
འཛུམ་མདངས་རེ་རེས་སྐལ་ལྡན་ཡོངས་ཀྱི་སྙིང་ལ་མི་ཟད་སྤྲོ་སྣང་སྦྱིན།།
ཕྱག་རྒྱ་རེ་རེས་འཛམ་གླིང་ཆེ་དགུ་འདར་མ་འདུར་གྱི་ལས་ལ་འགོད།།
ས་སྟེང་འདི་ན་ཁྱོད་ལས་ལྷག་པ་ཁྱོད་ལས་རན་པ་སུ་ཞིག་མཆིས།།
དད་དང་མོས་པའི་རླུང་ཤུགས་དྲག་པོས་བ་སྤུའི་རྩི་ཤིང་རབ་ཏུ་གཡོ།།
རིང་དང་ཉེ་ནས་ཁྱོད་ལ་ཅེར་བའི་རེ་མིག་ཆེམ་ཆེམ་སྐར་ཚོགས་བཞིན།།
རྣམ་དཔྱོད་ཡངས་པའི་འཇུག་ངོགས་ཉིད་ལ་བྱམས་དང་བརྩེ་བའི་གོམ་ཁ་གཞལ།།
འཛམ་གླིང་ཞི་བདེའི་དེད་དཔོན་ཞེས་བྱ་ཆེས་མཐོའི་གཟེངས་བསྟོད་གྲུ་ཆར་བསྙིལ།།
འཇིག་རྟེན་འདི་ན་ནོར་བུ་འོད་འབར་ཁྱེད་ཉིད་གཅིག་སྟེ་སྐུ་ཚེ་རིང་།།
འཇིག་རྟེན་འདི་ན་ཞི་བདེའི་འོད་སྣང་ཁྱེད་ཉིད་འབའ་ཞིག་སྐུ་ཚེ་རིང་།།
འཇིག་རྟེན་འདི་ན་ཆོས་པ་ཡིན་མིན་ཀུན་གྱི་སྟོན་པ་ཉིད་གཅིག་སྟེ།།
འཇིག་རྟེན་འདི་དང་ཕྱི་མའི་སྐྱབས་གཅིག་བདག་གི་སློབ་དཔོན་བཀའ་དྲིན་ཅན།།
2015/06/20
བརྒྱད་ཅུའི་གྱ་སྟོན།
སེང་གདོང་སྐྱབས།
སྲིད་པའི་ཡབ་ཆེན་ཡིན་པའི་མི་ཕོ་ཞིག
ལྷག་བསམ་གངས་རི་ཡིན་པའི་རྣལ་འབྱོར་ཞིག
འཚོ་གཞིས་ཕལ་བ་ཕལ་བའི་སྤྲང་བོ་ཞིག
ང་ཡི་བླ་མ་དགུང་ལོ་བརྒྱད་ཅུ་ཡིན།།
རྒྱལ་མཚམས་རིས་མེད་བསྐྱོད་པའི་རྒོད་པོ་ཞིག
མི་སྐད་དག་མ་སྨྲ་བའི་དྲང་སྲོང་ཞིག
ཐུགས་གཤིས་ཡོ་འཁྱོགས་མེད་པའི་བྱིས་པ་ཞིག
ང་ཡི་བླ་མ་དགུང་ལོ་བརྒྱད་ཅུ་ཡིན།།
འགྲོ་ཀུན་ཐུགས་ཀྱིས་མི་འདོར་ཨ་མ་ཞིག
འཚེ་མེད་ཞི་བ་སྐྱོང་བའི་དམག་མི་ཞིག
འཛམ་གླིང་ཞི་བདེར་འཁོད་པའི་ཀ་བ་ཞིག
ང་ཡི་བླ་མ་དགུང་ལོ་བརྒྱད་ཅུ་ཡིན།།
སྲིད་ཀྱི་ཆོ་ལོས་དཔོན་དུ་བཀུར་དེ་ཆུང་།
ཆོས་ཀྱི་འཁོར་ལོས་བླ་མར་བརྩི་དེ་དམན།།
མདོར་ན་མི་དོན་སྨྲ་བའི་དགོངས་ཡངས་དེ།།
ས་ཆེན་ཧྲིལ་གྱིས་ཁེབས་པའི་སྤྱི་ནོར་ཡིན།།
བོད་རིགས་ཆེད་དུ་ཆབ་སྲིད་གླེང་། །
ཆོས་རིགས་ཆེད་དུ་མཐུན་འབྲེལ་གླེང་། །
ཛམ་གླིང་ཆེད་དུ་ནང་དོན་གླེང་། །
གླེང་མི་གྱ་གཅིག་དགའ་སྟོན་ཞུ། །
༸གོང་ས་བཅུ་བཞི་པ་ཆེན་པོ། །
་
བོད་རིགས་སྐྱོབ་ཕྱིར་ཆབ་སྲིད་གླེང་། །
ཆོས་རིགས་མཐུན་ཕྱིར་མཐུན་འབྲེལ་གླེང་། །
མི་རིགས་བདེ་ཕྱིར་ནང་དོན་གླེང་། །
གླེང་མི་ཁྱོད་གཅིག་སྤྱན་རས་གཟིགས། །
སྐུ་དངོས་ཁྱོད་ལ་གུས་ཕྱག་འཚལ། །
་
སྐུ་ཁམས་བཟང་ཞིང་སྐུ་ཚེ་བརྟན། །
གསང་གསུམ་ཡོན་ཏན་ཆ་ཤས་ཀྱང་།།
སུ་དང་གང་གིས་བརྗོད་པར་ནུས།།
ཆོས་ལ་ཤེས་ནས་དད་ཐོབ་པ།།
འདི་ཡང་ཁྱོད་ཀྱི་་བཀའ་དྲིན་ཉིད།།
མེ་ཏོག་ཅིག
རྫབ་དོང་ཞིག་ལས་སྐྱེས་ཀྱང་
མཚར་སྡུག་གིས་བཞད་
དྲག་མདངས་ཡལ་མ་མྱོང་བའི་ཁྱེད་
གཡའ་དང་རྡུལ་གྱིས་མ་གོས་བའི་ཁྱེད་
ཏན་ཏན་ལྷ་སྒྲུང་ཞིག་གི་རྩོམ་འཕྲོས་གཞན་ཞིག་ཡིན་པ་འདྲ།
ས་ཆེན་རྔུལ་ནག་གིས་བརླན་དུས་
ཁྱེད་ཁོ་ནས་འཇིག་རྟེན་གྱི་མཛེས་བ་བསྐྲུན་
ཨུ་དུམ་ལྦ་ར་
བསྟན་བཅོས་ལས་བཏུས་བའི་ཐ་སྙད་དེ་
མིའི་རིགས་ཀྱིས་བློས་བསླང་བྱ་མ་ཐུབ་པའི་གསང་ཚིག་དེ་
ཏག་ཏག་ཁྱེད་རང་ཡིན་པ་འདྲ།
ཁྱེད་ཀྱི་དྲི་ཞིམ་དང་མཛེས་སྡུག་
འོད་སྣང་དང་གཟི་བྱིན་གྱིས་
སྣོད་བཅུད་ཀྱི་འཇིག་རྟེན་
གཞིས་ཀ་སྣུམ་པོ་ཞིག་གི་རྟོག་འཆར་ལ་བརྫངས་སོང་ཨང་
ཨུ་དུམ་ལྦ་ར།
མ་གཞི་ཁྱེད་ནི་ལེགས་སྐྱེས་ཤིག
བླ་དང་གོང་ན་འཕགས་པའི་ལེགས་སྐྱེས་ཤིག
ཁྱེད་ཀྱི་ནུས་བྱིན་གྱི་དོད་དུ་
ཁྱེད་རང་གླེང་བ་ལས་གཞན་ཅི་ཞིག་གིས་མཚོན་ནམ་
བཀྲག་མདངས་ལ་ཆོས།
ཁྱེད་སྐུ་ཤིན་དུ་མཛེས་པའི་མེ་ཏོག་གྱི།
གཞན་ཕན་དྲི་མས་ཡུལ་ཕྱོགས་ཀུན་ལ་ཁྱབ།
བྱམས་དང་བརྩེ་བའི་རང་གདངས་མཚར་པོ་དེར།
སུ་ཡིས་བལྟས་ཀྱང་ཡིད་ལ་བདེ་བ་འདྲེན།
ཁྱེད་གསུང་ཤིན་དུ་སྙན་པའི་གླུ་ཆུང་དེ།
སུ་ཡིས་ཉན་ཀྱང་རྣ་བར་ཞི་བདེ་འདྲེན།
བདེན་དང་རིགས་པའི་གླུ་ཚིག་དྲོན་པོ་དེ།
སུ་ཡིས་ཐོས་ཀྱང་ཐར་པའི་སྤོབས་པ་སྦྱིན།
ཁྱེད་ཐུགས་ཤིན་དུ་བརྩེ་བའི་ཟླ་འོད་དེ།
སུ་ལ་ཕོགས་ཀྱང་ཡིད་ཀྱི་མུན་པ་སེལ།
ལྷད་མེད་བརྩེ་བའི་ལྷག་བསམ་འོད་དཀར་དེ།
སུ་ལ་འཕྲོད་ཀྱང་སྡུག་བསྔལ་རྩད་ནས་བྱིན།
རྒྱལ་བ་བསྟན་འཛིན་རྒྱ་མཚོ་དྲིན་པོ་ཆེ།
གཞན་གྱི་དོན་དུ་སྐུ་ཚེ་རིང་པོར་བཞུགས།
འཁྲུག་ཟིང་བསོད་བཅོམས་རྐུ་འཕྲོག་ལ་སོགས་པའི།
གནོད་པའི་རྒྱུ་ཀུན་གཏིང་ནས་རྩད་དུ་གསོལ།
བཅུ་ཕྲག་ངག་རིག་སྨྲ་བའི་རྩོམ་མཇལ་བས་།
ལུས་ངག་ཡིད་སུམ་དད་པས་མཆོད་པ་འབུལ་།
སྣང་སྟོང་ཆོས་སྐུར་གསལ་བའི་མེ་ཏོག་འདི་།
རང་སེམས་སྟོང་པ་དྲི་མེད་ལྷ་ལ་འབུལ་།
ཀ་དག་རིག་པའི་དབང་ཕྱུགས་གངས་ཅན་མགོན་།
ཁམས་སུམ་འགྲོ་བ་འདྲེན་པ་ཤ་ཀྱའི་སྲས་།
གང་གི་སྐུ་ཚེ་རི་རྒྱལ་ལྷུན་པོ་ལྟར་།
ངོ་མཚར་གླིང་འདིར་མི་ནུབ་རྟག་བརྟན་ཤོག་།
ཅོང་རོང་མུན་པའི་གླིང་གི་སྐྱེ་འགྲོ་ཀུན་།
ཆོས་མཐུན་དཀར་པོའི་དགེ་ལ་ལམ་བསྟན་ནས་།
རྗེ་བརྩུན་བླ་མ་ཁྱེད་ཀྱི་བཀའ་དྲིན་ནི་།
ཉི་ཟླ་མ་ནུབ་དེ་སྲིད་གླིང་འདིར་གནས་།
ཏ་ཐ་ག་ཏའི་བསྟན་ལ་འཇུག་པའི་བློ་།
ཐ་དད་ལྟ་བ་མ་འདྲེས་སོ་སོར་བཞག་།
དམ་པའི་ཡོན་ཏན་ས་གསུམ་ཡོངས་ལ་ཁྱབ་།
ནམ་མཁའ་མ་ཡལ་དེ་སྲིད་བཞུགས་སོ་གསོལ་།
དཔེ་རྒྱན་མངོན་སུམ་འདུལ་བྱའི་བློ་དང་བསྟུན་།
ཕར་ཕྱིན་དྲུག་གི་ཉམས་ལེན་གནད་དུ་དཀྲོལ་།
བུ་རབས་ཚ་བརྒྱུད་བློ་ཁ་ཆོས་ལ་བསྒྱུར་།
མང་བཀུར་རྒྱལ་པོའི་སྐུ་ཚེ་རྟག་བརྟན་ཤོག་།
རྩ་སྟེང་ཟིལ་བ་ཙམ་གྱི་ནག་པོའི་ལས་།
ཚ་ཟེར་ཉི་མའི་འོད་ཀྱི་སྐད་ཅིག་བཅོམ་།
འཛམ་གླིང་ཞི་བདེའི་རླབས་ཆེན་རྟགས་མ་བཞེས་།
ཝེར་མའི་ཚོགས་རྣམས་རྟག་ཏུ་གྲོགས་འཕྲིན་ཟབ་།
གཞན་ཕན་བྱ་བ་གླིང་འདིར་རླབས་ཀྱིས་སྦྱིན་།
བཟང་པོའི་སླབ་བྱ་ཕ་མས་བུ་ལ་བསྡམས་།
འུ་ཅག་བོད་འབངས་བསོད་ནམས་དགུང་ལ་སྟེགས་།
ཡ་རབས་བཟང་སྤྱོད་བོད་མིའི་མདུན་ལམ་བསྟན་།
རབ་བྱུང་ངུར་སྨིག་གར་གྱི་རྣམ་རོལ་བསྟན་།
ལེགས་པའི་ལམ་ལ་འཇུག་པ་ཤིང་རྟའི་སྲོལ་།
ཤ་ཀྱའི་རྒྱལ་ཚབ་སྐུ་ཚེ་རྒྱས་བརྒྱུར་ཅིག་།
ས་ཆེན་འདི་རུ་ཞི་བདེའི་ཆོས་འཁོར་བསྐོར་།
ཧྲི་ཡིག་དཀར་པོ་འོད་ཟེར་འཕགས་པའི་སྐུ་།
ཨ་ཡིག་བདུད་རྩ་ིལས་ཅན་སྤྱི་བོར་སྨིན་།
རབ་བྱུང་ངུར་སྨིག་ནམ་བཟའ་ཆུང་ནས་གྱོན། །
ལེགས་པའི་ལམ་བཟང་མཛད་པ་དར་ནས་བསྟན། །
ཤཀྱའི་ཆོས་ཀྱི་རྒྱལ་ཚབ་གཞོན་ནས་གྱུར། །
ས་ཆེན་འདི་རུ་ཆོས་འཁོར་མང་པོའི་ནང་། །
ཧྲི་ཡིག་བྱང་ཆུབ་སེམས་ཀྱི་ཐབས་མཆོག་དང་། །
ཨ་ཡིག་ཤེར་ཕྱིན་ཡི་གེ་གཅིག་མས་གྲོལ། །
རང་རིགས་བོད་རིགས་ཡོངས་ལ་ཕ་མ་ལྟར། །
ལུགས་བཟང་ལུགས་ཟུང་ལམ་སྟོན་མཐའ་ཡས་སྩལ། །
ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས། །
ས་ཆེན་འདི་རུ་ཞབས་འདྲེན་མ་ཞུས་པར། །
ཧ་ཅང་སྲིད་ན་དཀོན་པའི་བཀའ་སློབ་རྣམས། །
ཨ་མའི་བུ་ཚོའི་སྙིང་ལ་ཆོངས་ཤིག་ཨང་། །
ར་མ་ལུག་གི་སྐད་ཆ་ཤོད་སྟངས་ཞོགས། །
ལ་རྒྱ་ལྡན་པའི་བོད་སྐད་གཙང་མ་ཞིག །
ཤ་ཁྲག་གཅིག་པའི་སྐད་ལུགས་ཤོད་ཤེས་ཤིག །
ས་མཐོ་བོད་སྒང་མི་ཁྱུར་ཚུད་ཐབས་དགོས། །
ཧ་ཅང་སྙན་པའི་བོད་སྐད་ཞེ་ས་དང་། །
ཨ་མའི་ཡོན་ཏན་བུ་གུར་འཇགས་དགོས་འདུག །
ལྷ་ཅིག་རྒྱ་གཅིག་འཁྲུངས་སྐར་འདི། །
་
བླ་གཟའ་ལྷག་པར་འཁྲུངས་དང་གཅིག །
ལྷག་དཀར་ལས་འགུལ་སྤེལ་དང་གཉིས། །
ལྷག་གཟར་གྱ་གཅིག་འཁེལ་དང་གསུམ། །
སྐྱབས་གསུམ་བྱིན་རླབས་རྟེན་འབྲེལ་གསུམ། །
་
འཇོམས་གསུམ་ཉིན་མོར་རྟེན་འབྲེལ་ཞུ། །
ཡ་མཚན་ཞིག་མཇལ་བ།
https://www.facebook.com/GreatBeingsoftheWord/videos/609730335856620/
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་དཀྱིལ་འཁོར་བཅུ་དྲུག་གཞོན་ནུའི་རང་མདངས་དད་ལྡན་གདུལ་བྱའི་ཁམས་སུ་ཀུན་ཏུ་བཟང་པོའི་ངང་ཚུལ་དུ་དུས་ཀུན་ཏུ་ཐུགས་སྤྲོ་བའི་ངང་དུ་བཞུགས་པའི་གསོལ་བ་དང་སྨོན་ལམ་འདེབས་པ་ཡིན། །
བསྟན་པ་འཛིན་པ་བསྟན་འཛིན་རྒྱ་མཚོ་མཆོག་།
བསྟན་པའི་མངའ་བདག་གངས་ཅན་མགོན་པོ་མཆོག་།
བསྟན་པ་འདི་ལ་སྟོན་པ་གཉིས་པར་གྲགས་།
བསྟན་པ་ཡུན་རིང་གནས་པའི་བཀྲིས་ཤོག་།
འཁྲུངས་སྐར་སྲུང་བརྩིའི་དྲ་ཐག
https://www.youtube.com/watch?v=oh9xgevUXQA