སྐྱེས་སར་ཀླུ་སྒྲུབ།
༧གོང་ས་ཏཱ་ལའི་བླ་མ་ནི་བོད་མི་རིགས་ཀྱི་བླ་སྲོག་ཡིན་ལ། མི་རིགས་ཀྱི་བླ་སྲོག་ལ་རྒོལ་བ་ནི་མཐར་གཏུགས་ན་རང་ཉིད་ལ་རྒོལ་བ་ཞིག་ཡིན།
ཐོག་མའི་སྐད་ཆ།
བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་༧གོང་ས་ཏཱ་ལའི་བླ་མ་ནི་བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་ལ། དབུ་ཁྲིད་ཅེས་པའི་ཐ་སྙད་དེའི་རྗེས་འབྲེལ་གྱི་འོས་འགན་ལྕི་མོ་ཁུར་མཁན་དེ་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཁོང་གིས་དགུང་ལོ་ ༡༦ ཐོག་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་འགན་ཁུར་ཞིང་། ཁོང་གིས་འོས་འགན་དེ་ཕྲག་ཏུ་ལེན་སྐབས། བོད་གཞུང་གི་གནད་ཡོད་མི་སྣ་སུས་ཀྱང་འོས་འགན་དེ་འཁུར་བློས་མ་བཟོད་པར། ངན་ས་ནས་བཤད་ན་རྩབ་ཧྲལ་དུ་སོང་བའི་རྒྱལ་སྲིད་དེ་ཁོང་ལ་གཏད་པ་ཞིག་རེད། འདི་བོད་མི་ཚོས་ངེས་པར་དུ་ཤེས་དགོས།
གནས་སྟངས་སྐྱོ་བོ་དེ་འདྲ་ཞིག་གི་འོག་ནས་༧གོང་ས་སྐུ་ཕྲེང་བཅུ་བཞི་པས་ལོ་ཟླ་ཞག་སྦྲེལ་གྱིས་བོད་མི་རིགས་སྐྱོབ་ཐབས་ལ་འབད་པ་ལྷུར་ལེན་བྱས་པའི་བྱུང་རབས་དེ། རང་རེའི་མིག་མདུན་དུ་བྱུང་བའི་གནས་ཚུལ་ཞིག་ལས། དེ་ལོ་ངོ་མང་པོའི་སྔོན་གྱི་རྒྱུས་མེད་ཀྱི་གནའ་གཏམ་ལྟ་བུ་ཞིག་ཡེ་ནས་མིན། ཡིན་ཡང་། རང་རེའི་སྤྱི་ཚོགས་ནང་། སྐབས་ཐོག་གི་རྒྱབ་ལྗོངས་མི་འདྲ་བའི་གནས་སྟངས་འོག་ནས་སྤྱི་ཚོགས་ནང་ཁུལ་དཀྲུག་ཤིང་བྱེད་མཁན་དང་། དེ་མཚུངས་༧གོང་ས་མཆོག་ལ་གཞི་རིམ་གྱི་གུས་བརྩི་ཙམ་ཡང་མེད་པར་སྒྲོ་སྐུར་སྣ་ཚོགས་ཀྱིས་སྐྱོན་བརྗོད་བྱེད་མཁན་ཡོད་པ་དེ་རིགས་ལ། སྐབས་འཕྲལ་གསལ་བཤད་ལན་འདེབས་བྱེད་དགོས་ངེས་ཡིན། ཁོང་ཚོའི་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་དང་ལྷན་དགོས་ངེས་བྱུང་མཚམས། ཁོང་ཚོའི་སྐད་ཆར་ལན་འདེབས་བྱེད་རྒྱུ་ཙམ་མ་ཡིན་པར། ད་དུང་”རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་”ཅེས་པ་ལྟར་རང་རང་སོ་སོ་བྱས་ནས་གནས་ཐབས་ཀྱང་བྱེད་དགོས།
དོན་དངོས་སུ་༧གོང་ས་མཆོག་སྐུ་ཚེ་བརྟན་ཆེད། ཆུ་ཚོད་ཁ་ཤས་རིང་རྫོགས་འགྲོ་བའི་བརྟན་བཞུགས་འབུལ་རྒྱུ་དེ་ཙམ་མིན་པར། རང་གི་མགོ་རུས་སྐམ་པོ་ས་ལ་མ་འཐོར་བར་༧གོང་ས་མཆོག་གི་གསུང་བརྩི་བའི་བརྟན་བཞུགས་དེ་འབུལ་དགོས། ༧གོང་ས་མཆོག་དང་བོད་མི་མང་བར་གྱི་འབྲེལ་བ་དེ་ཆོས་ལུགས་གཅིག་པུ་མིན་ལ། ཆབ་སྲིད་རྐྱང་བ་ཡང་མིན། ལྷག་པར་དུ་ད་ལྟའི་ཆར་༧གོང་ས་མཆོག་ནི་བོད་མི་རིགས་ཀྱི་མཚོན་དོན་ཞིག་ཡིན་ལ། ཆོས། ཆབ་སྲིད། རིག་གཞུང་། འདི་གསུམ་ཀ་དང་འབྲེལ་ནས་བོད་མི་མང་གི་དད་སེམས་དང་། བརྩེ་འདང་དེ་༧གོང་ས་མཆོག་ལ་ཕུལ་ཡོད། བོད་མི་རིགས་ཀྱི་ལོ་རྒྱུས་ནང་འདི་ལྟ་བུའི་དད་སེམས་དང་མཛའ་བརྩེའི་ཆིག་སྒྲིལ་ཞིག་ད་བར་དུ་་བྱུང་མེད། ༧གོང་ས་མཆོག་གིས་ཀྱང་བོད་མི་རིགས་ཀྱི་རེ་བཞག་དང་། དད་འདུན་ཁྱེར་ནས་འཛམ་གླིང་ལ་གཡས་སྐོར་བྱས་ཤིང་། བགྲང་བྱ་ ༧༠ ཙམ་གྱི་རིང་བོད་མི་རིགས་ཀྱི་ཚེ་སྲོག་གི་རྒྱུན་མཐུད་པ་ཡིན།
དེར་བརྟེན། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་མི་མང་གི་བཅའ་ཁྲིམས་ཀྱིས་གཙུག་ཏུ་བཀུར་པའི་མི་རིགས་ཀྱི་དད་འདུན་དང་། བརྩེ་སེམས། མཐུན་སྒྲིལ། སྙིང་སྟོབས་བཅས་ཀྱི་མཚོན་རྟགས་དེ་ཡིན་སྟབས། མི་རིགས་ཤིག་གི་ཡོད་ཚད་མཚོན་པའི་གཅེས་ནོར་དེ་མི་རིགས་རང་ཁོངས་ཀྱི་སྐྱེ་བོ་མི་རེ་ངོ་རེས་གུས་བརྩི་སྲུང་སྐྱོབ་བྱེད་དགོས་པ་ལས་སྐད་ཆ་གཞན་ཤོད་ས་མེད། ཡིན་ན་ཡང་དེང་རབས་དང་། དམངས་གཙོ། སྨྲ་བརྗོད་རང་དབང་སོགས་ལ་བསྙད་བཏགས་ཏེ་འཁྲབ་སྟོན་སྣ་ཚོགས་བྱེད་མཁན་ཚོར་དགོས་ངེས་ཀྱི་གླེང་མོལ་འགའ་ཞུ་འདོད་བྱུང་།
ལེགས་བཤད་རིན་པོ་ཆེའི་གཏེར་ལས།
བདག་ཉིད་ཆེ་ལ་སྐྱེ་བོ་རྣམས།།
སྐྱོན་འཚོལ་འགྱུར་གྱི་དམན་ལ་མིན།།
འཕན་ཟེལ་རིན་ཆེན་ལ་ལྟ་ཡི།།
མགལ་དུམ་ལ་ནི་སུ་ཞིག་སྤྱོད།།
ཁྲིམས་ཐོག་ནས་གླེང་བ།
མི་མང་པོ་ཞིག་གིས་ང་ཚོས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་ཆོག་མིན་དེ། རང་ཉིད་ལ་སྨྲ་བརྗོད་རང་དབང་ཡོད་མེད་ཀྱི་ས་མཚམས་འཛིན་ས་ལྟ་བུར་བརྩིས་ནས། གལ་ཏེ་༧གོང་ས་མཆོག་ལ་སྐྱོན་བརྗོད་མི་འོས་ཚུལ་བཤད་ན། རང་བཞིན་གྱིས་ཁོང་ཚོའི་སྨྲ་བརྗོད་རང་དབང་འཕྲོག་གི་ཡོད་པའི་བསམ་ཚུལ་ཡོད་པ་དེ་ནི། དོན་དངོས་སུ་ལོག་རྟོག་ཅིག་ཡིན་ལ། མི་དེའི་རིགས་ཀྱིས་སྨྲ་བརྗོད་རང་དབང་ཟེར་བ་དེ་ཡང་སྙིང་ཅི་ཞིག་ལ་གོ་བ་མ་ངེས་པའི་སྐྱོན་རེད། སྨྲ་བརྗོད་རང་དབང་ནི། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་བཅུ་དགུ་པར་གཏན་འབེབས་བྱས་ཡོད་ལ། དེའི་བརྗོད་པ་འདི་ལྟ་བུ་ཞིག་རེད།
“སྐྱེ་བོ་རེ་རེར་བསམ་བློ་གཏོང་བ་དང༌། བསམ་ཚུལ་ཐད་བརྗོད་ཀྱི་རང་དབང་ལ་སྤྱོད་པའི་ཐོབ་ཐང་ཡོད། ཐོབ་ཐང་དེའི་ནང་གཞན་གྱིས་ཐེ་བྱུས་བྲལ་བའི་མནོ་བསམ་གཏོང་བ་དང༌། ས་མཚམས་ཀྱི་དབྱེ་འགོག་མེད་པར་གནད་དོན་གང་ཡང་རུང་བའི་སྒོ་ནས་གནས་ཚུལ་དང་བསམ་གཞི་སྤེལ་བའམ། འཚོལ་བ། ལེན་པ་བཅས་ཀྱི་རང་དབང་རྣམས་ཀྱང་ཚུད་ཡོད།”
ཅེས་གསལ། འདི་ནི་ཆེས་གཞི་རིམ་གྱི་ལམ་སྟོན་ལྟ་བུ་ཞིག་རེད། དེ་ནས་རྒྱལ་ཁབ་རང་རང་གི་རྩ་ཁྲིམས་ནང་དུའང་དེ་ལྟར་སྨྲ་བརྗོད་རང་དབང་ལ་འགན་ལེན་བྱས་ཡོད། དཔེར་ན། ཨ་རིའི་རྩ་ཁྲིམས་ཀྱི་དོན་ཚན་དང་པོར།
“གྲོས་ཚོགས་ཀྱིས་ཆོས་ལུགས་ཀྱི་སྒྲིག་འཛུགས་གང་རུང་ལ་དད་མོས་བྱེད་དགོས་པའི་བཅའ་ཁྲིམས་གང་ཡང་གཏན་འབེབས་བྱས་མི་ཆོག་ལ། རང་མོས་ངང་ཆོས་དད་བྱེད་རྒྱུ་དང་། གཏམ་བརྗོད་དང་གསར་འགྱུར་རང་དབང་ལ་ཚོད་འཛིན་བྱེད་མི་ཆོག ད་དུང་མི་དམངས་ལ་ཞི་བདེའི་ངང་འདུ་འཛོམས་བྱེད་པ་དང་། སྲིད་གཞུང་ལ་དགོངས་སྐོར་ཞུས་ནས་རང་ཉིད་དཀར་འདོན་བྱེད་པའི་དབང་ཆ་ཡོད་པར་བྱ་དགོས།”ཞེས་གསལ་ཡོད།
འོན་ཀྱང་ཨ་རིའི་ཁྲིམས་ཀྱི་མདུན་སར། གཤམ་གསལ་གྱི་གནད་དོན་འདི་དག་ལ་སྲུང་སྐྱོབ་མེད་ལ། དེ་དག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་སྲུང་སྐྱོབ་ཡོད་པའི་སྨྲ་བརྗོད་རང་དབང་གི་ཁྲིམས་དོན་ཁོངས་གཏོགས་སུ་ངོས་འཛིན་མེད།
༡ འཆལ་གཏམ། ༢རྫུན། ༣འཚེ་བའི་སྐད་ཆ། ༤སློབ་མའི་གཏམ་བཤད། ༥ཁྱོད་ཀྱི་གྲོགས་པོ་དང་ལས་གྲོགས་ལ་ཕོག་ཐུག་བཏང་བ། ༦ཁྱོད་ཀྱི་ཆབ་སྲིད་ལྟ་བ་མཚོན་པར་བྱེད་པ།
དེ་མཚུངས་སྨྲ་བརྗོད་རང་དབང་རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་སྲུང་སྐྱོབ་བྱེད་བཞིན་པའི་རྒྱལ་ཁབ་གཞན་སུ་ཡིན་ཡང་། གང་ཟག་བྱེ་བྲག་པ་ཞིག་གི་གཏམ་བརྗོད་དེ་རྒྱལ་ཁབ་ཀྱི་རྩ་དོན་དང་འགལ་བར་འགྲོ་བཞིན་ཡོད་ན། དེའི་སྨྲ་བརྗོད་རང་དབང་ལ་སྟངས་འཛིན་བྱེད་བཞིན་ཡོད། དེ་ནི་ཁྱེད་ཀྱི་རང་དབང་འཕྲོག་པ་ཞིག་མིན་པར། ཐུན་མོང་གི་བདེ་འཇགས་དང་འདྲ་མཉམ་གྱི་ཐོབ་ཐང་དེ་སྲུང་སྐྱོབ་བྱས་པ་ཞིག་ཡིན། དཔེར་ན། ཧྥ་རན་སི་ནི་སྨྲ་བརྗོད་རང་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་རུང་། རྒྱལ་ནང་གི་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་དགོས་པའི་རྩ་དོན་རང་བཞིན་ཁག་ཅིག་ཡོད་པ་ནི།
སྐྱེ་བོ་གཞན་གྱི་ཁེ་དབང་དང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་ཚོད་འཛིན་བྱེད་པ་དང་།
མང་ཚོགས་གཞན་དང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་ཚོད་འཛིན་བྱེད་པ།
ད་དུང་ཁྱེད་རང་གཞུང་གི་སྒྲིག་ཁོངས་སུ་ཡོད་ན། ཁྱོད་ལ་དེ་བས་ཀྱང་གནད་དོན་འགའི་ཐད་དགག་བྱ་ཡོད་དེ། དཔེར་ན་རྒྱལ་གླུ་དང་རྒྱལ་དར་ལ་གུས་བརྩི་མི་ཞུ་རྒྱུའི་ཐོབ་ཐང་མེད་པ་ལྟ་བུ་རེད། སྤྱིར་བཏང་ཧྥ་རན་སིའི་རྩ་ཁྲིམས་ཀྱི་དོན་ཚན་ ༡༩ བར་སྨྲ་བརྗོད་རང་དབང་ལ་འགན་ལེན་བྱས་ཡོད་པ་འདི་ལྟ་སྟེ།
“དོན་ཚན་བཅུ་དགུ་པ།
མི་ཚང་མར་རང་གི་ལྟ་བ་དང་གཏམ་བརྗོད་ཀྱི་རང་དབང་ལོངས་སུ་སྤྱོད་རྒྱུའི་དབང་ཆ་ཡོད། དེའི་ཐོག་ནས་ཐེ་ཇུས་མེད་པའི་སྒོ་ནས་རང་ཉིད་ཀྱི་བསམ་འཆར་མཚོན་པར་བྱེད་པ་དང་། རྒྱལ་མཚམས་ཀྱི་དབྱེ་བ་མེད་པར་བཙལ་འཚོལ་བྱེད་པ། ཆ་འཕྲིན་དང་བསམ་བློ་དང་ལེན་དང་། བརྒྱུད་བསྒྲགས་བྱེད་པ་བཅས་ཀྱི་དབང་ཆ་ཡོད།”
ཅེས་གསལ་ཡང་། ཕྱིས་སུ་དོན་ཚན་དེ་སྟངས་འཛིན་བྱེད་སླད། ཟུར་སྣོན་ཁྲིམས་ཡིག་ཨང་བཅུ་པ་བཞག་སྟེ།
“སྤྱིར་བཏང་མི་སུ་ཞིག་ཡིན་རུང་རང་གི་བསམ་འཆར་གྱིས་སྤྱི་ཚོགས་ནང་འགལ་རྐྱེན་བཟོ་མི་རུང་། མ་ཟད་ཆོས་ལུགས་ཀྱི་བསམ་འཆར་ཡིན་ཡང་དེ་བཞིན་ཡིན། བསམ་འཆར་དེ་རིགས་ཀྱིས་གཏན་ཁེལ་བྱས་པའི་ཁྲིམས་དང་སྒྲིག་ལམ་ལ་འགོག་རྐྱེན་མི་བཟོ་བ།”
ཞེས་པ་བསྐྱར་སྣོན་བྱས་ཡོད། གང་ལྟར། འཛམ་གླིང་གི་རྒྱལ་ཁབ་ཚང་མའི་རྩ་ཁྲིམས་ནང་། “སྨྲ་བརྗོད་རང་དབང་ཟེར་བ་དེ་གང་ལ་ཡང་ལྟོས་མི་དགོས་པ་ཞིག་མིན་”(Freedom of Speech Is Not Absolute) ཞེས་འགོད་དགོས་དོན་ཡང་། གནད་འགག་འདི་འདྲར་ཐུག་ཡོད། དེ་སྔོན་ཕྱི་ལོ་ ༢༠༡༥ ལོར་ཧྥ་རན་སིའི་ཟུར་ཟའི་དུས་དེབ་བདུན་རེའི་ཤཀ་ལི་(Charlie Hebdo)ཟེར་བ་ཞིག་ལ་འཇབ་རྒོལ་ཐེབས་སྐབས་ཧྥ་རན་སིའི་རྒྱལ་ཡོངས་སུ་གསར་འགོད་རང་དབང་དང་། སྨྲ་བརྗོད་རང་དབང་གི་ཚད་ཐིག་སོགས་ལ་བགྲོ་གླེང་ཤུགས་ཆེ་བྱུང་། སྐབས་དེར་ཧྥ་རན་སིའི་གཞུང་སྒེར་གྱི་ཚོགས་སྡེ་མང་པོའི་བར་བགྲོ་གླེང་གང་མང་བྱུང་བའི་དཔེ་མཚོན་གྱི་རྩོད་གཞི་གཤམ་གསལ་འདི་དག་ཡིན།
༡ གཏམ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་པ། ཁྲིམས་ལུགས་ཀྱི་ལོ་རྒྱུས་ཡིན་ནམ།
༢ གཏམ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་པ། དམངས་གཙོའི་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གི་ནུས་པ་མ་རེད་དམ།
༣ གཏམ་བརྗོད་རང་དབང་གིས་ཀུན་སྤྱོད་ལ་ཚོད་འཛིན་གང་དག་བྱས་ཡོད་དམ།
༤ བསམ་བློའི་རང་དབང་གིས་ཡོད་ཚད་བརྗོད་དབང་ཡོད་པ་མཚོན་ནམ།
༥ བཅའ་ཁྲིམས་ཀྱིས་གཏམ་བརྗོད་རང་དབང་ལ་འགན་སྲུང་མི་བྱེད་དམ།
༦ སྨྲ་བརྗོད་རང་དབང་ཆ་ཚང་མེད་པའི་རྒྱལ་འབངས་ཤིག་རང་དབང་ཅན་དུ་འགྱུར་སྲིད་དམ།
༧ མི་ཚང་མས་རང་ཉིད་ཀྱིས་ལེགས་ཉེས་དབྱེ་འབྱེད་ཀྱི་ཐག་གཅོད་བྱེད་མི་ཐུབ་བམ།
༨ བསམ་བློ་དང་གསར་སྐྲུན་བྱེད་ནུས་རྦད་དེ་རང་དབང་གི་ཁྲོད་དུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་མ་རེད་དམ།
ཞེས་བརྗོད་གཞི་འདི་དག་གི་ཐད་ནས་དགག་བཞག་བྱས་ཡོད། འོན་ཀྱང་ཧྥ་རན་སིའི་རྩ་ཁྲིམས་ནི། འདི་ལྟ་སྟེ།
“ཧྥ་རན་སིའི་རྩ་ཁྲིམས་ཀྱིས། གཏམ་བརྗོད་རང་དབང་ནི་དམངས་གཙོའི་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་ལས། དེ་གང་ལ་ཡང་ལྟོས་མི་དགོས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད། ཧྥ་རན་སིའི་ཁྲིམས་བཟོ་གྲོས་ཚོགས་དང་ཁྲིམས་ཁང་གིས་གཏམ་བརྗོད་ཀྱི་རང་དབང་དང་། དགོས་ངེས་ཀྱི་དོན་དག་གཞན་དག་བར་དོ་མཉམ་ཡོང་གང་ཐུབ་བྱེད་ཀྱི་ཡོད་པ་དཔེར་ན། རང་དབང་དང་ཁེ་དབང་གཞན་དག་དང་། དེ་བཞིན་སྤྱི་པའི་སྒྲིག་ལམ་ལྟ་བུ་ཡིན། དེར་བརྟེན། སྒེར་གྱི་གསང་དོན་ལ་སྲུང་སྐྱོབ་དང་། ཉེས་མེད་རིགས་འདེད་ལ་སྲུང་སྐྱོབ། སྐུར་འདེབས་དང་བརྙས་བཅོས་ལ་སྔོན་འགོག་ཆེད། གཏམ་བརྗོད་ཀྱི་རང་དབང་དང་། སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་ཆེད། གཏམ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་སྲིད། དེར་བརྟེན། མི་གཞན་ལ་ངན་སྐུལ་བྱས་ནས་བྱས་ཉེས་གསོག་ཏུ་འཇུག་པ་ནི་ཁྲིམས་དང་མི་མཐུན་པ་ཞིག་རེད། ཧྥ་རན་སིའི་ཁྲིམས་ལུགས་ཀྱིས་ད་དུང་འཁོན་འཛིན་གྱི་གཏམ་བརྗོད་བཀག་འགོག་དང་། དམར་གསོད་ཆེན་པོ་དང་། མིའི་རིགས་ལ་གནོད་འཚེ་གཏོང་བའི་བྱས་ཉེས་གཞན་དག་ཁས་མི་ལེན་པའམ་དེར་དག་སེལ་བྱེད་པའི་གཏམ་བརྗོད་སྤེལ་གྱི་ཡོད། གཞན་ཡང་ཧྥ་རན་སིའི་རྩ་ཁྲིམས་ཀྱིས་སྲིད་གཞུང་གི་སྒྲིག་གཞི་དང་དཔོན་རིགས་ལ་མ་ཉེས་ཁག་འགེལ་བྱ་རྒྱུ་གཏན་འགོག་དང་། སྤྱི་པའི་དབང་འཛིན་ལས་ཁུངས་ཀྱིས་སྒྲིག་འཛུགས་དང་དོ་དམ་བྱེད་པའི་སྤྱི་པའི་བྱེད་སྒོའི་ནང་རྒྱལ་གླུ་དང་རྒྱལ་དར་ལ་བརྩི་འཇོག་མི་བྱེད་པ་གཏན་འགོག་བྱ་རྒྱུ་རེད།”
ཅེས་བཀོད་ཡོད་པ་ལྟ་བུ་རེད།
རྒྱ་གར་ནང་དུའང་དེ་ལྟར་ཡིན་ཏེ། དེ་སྔོན་ཕྱི་ལོ་ ༢༠༡༢ ལོར་རྒྱལ་ས་ལྡི་ལིའི་ལྷོ་ཕྱོགས་སུ་བཙན་གཡེམ་གྱི་གནས་ཚུལ་ཐབས་སྐྱོ་བོ་ཞིག་(2012 Delhi gang rape and murder)བྱུང་བའི་དངོས་ཡོད་ལོ་རྒྱུས་ཀྱི་གློག་བརྙན་ཞིག་BBCནས་བཟོས་པར་རྒྱ་གར་གཞུང་གིས་གློག་བརྙན་དེ་འགྲེམས་སྤེལ་བྱེད་བཅུག་མེད། འདི་འདྲའི་སྤྱིའི་བདེ་འཇགས་སྲུང་སྐྱོབ་ཆེད། འགལ་ཟླ་སློང་བྱེད་ཀྱི་གློག་བརྙན་དང་། གཏམ་བརྗོད། དཔེ་དེབ་དཔར་སྐྲུན་བཀག་འགོག་བྱས་པ་སོགས་ནི་གྲངས་ལས་འདས།
འདི་དག་ཚང་མས་སྟངས་འཛིན་བྱེད་དགོས་དོན་དེ་མཐར་གཏུགས་ན། ཁྱོད་གཅིག་བུའི་འདོད་མོས་ལ་བརྩི་བཀུར་བྱེད་རྒྱུ་གལ་ཆེན་པོ་ཡིན་ནམ། ཡང་ན། སྤྱི་ཚོགས་ཁྱོན་ཡོངས་དང་། ཁྱོའི་སྐད་ཆའི་ཁ་གཏད་ཀྱི་མིའི་རང་དབང་ལ་དོ་ཕོགས་འགྲོ་མིན་ལ་བསམ་ཞིབ་བྱེད་དགོས་མིན་གྱི་གདམ་ཀར་ཐུག་ཡོད། འདི་ལྟར་བལྟས་ན། ད་གཟོད་འུ་ཚོ་བོད་པའི་སྤྱི་ཚོགས་ནང་། སྨྲ་བརྗོད་རང་དབང་ཡིན་པས་ངས་ཅི་བཤད་འདོད་པ་དེ་ཤོད་རྒྱུ་ཡིན་ཞེས་ས་མཆོང་གནམ་མཆོང་བྱེད་པ་འདི་ནི། མཐར་གཏུགས་སོང་ན། འུ་ཚོར་ཐུན་མོང་གི་སྲུང་བརྩི་བྱེད་རྒྱུའི་རྩ་ཁྲིམས་ཤིག་མེད་པ་དང་། གཅིག་གྱུར་གྱིས་སྟངས་འཛིན་བྱེད་མཁན་གྱི་སྲིད་གཞུང་ཞིག་མེད་སྟབས། རང་སྣང་གང་ཤར་བྱེད་བཞིན་པ་ཡིན། ཡིན་ན་ཡང་། ཅུང་བཟང་སྤྱོད་ཡོད་པའི་སྒོ་ནས་བཤད་ན། འུ་ཚོ་ཚང་མ་བོད་མི་རིགས་ཡིན་པ་དང་། རང་ཡུལ་རྒྱའི་སྲིད་གཞུང་གིས་བཙན་གནོན་འོག་སྨྲ་བརྗོད་རང་དབང་སོགས་ཤོད་ས་མེད་རུང་། བཙན་བྱོལ་སྤྱི་ཚོགས་ནང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ཀྱི་ཀླད་དུ། འདི་ལྟར་བཀོད་ཡོད་དེ།
“གཞི་རྩའི་ལམ་སྟོན།
དོན་ཚན་དང་པོ། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས། བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང༌། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན། གནས་བབ་འདི་དག་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང༌། རིག་གཞུང༌། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་མཛད་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད།
༡ བོད་མིའི་བདེ་དོན་དང་བསམ་སྤྱོད་ཀྱི་ཡར་རྒྱས། ཆོས་དང་རིག་གཞུང༌། རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ་སྐུལ་ལྕག་གནང་རྒྱུ།
༢ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང༌། འགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང༌། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་གི་དགོངས་པའི་དཔྱད་གཞིར་དགོངས་འཆར་གནང་རྒྱུ།
༣ བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང༌། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང༌། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་ྋགོང་སྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་བཅས།
དོན་ཚན་གཉིས་པ། ཁྱབ་ཚད།
བཅའ་ཁྲིམས་འདིས་བོད་མིའི་སྒྲིག་འཛུགས་ཀྱི་མངའ་ཁོངས་སུ་གཏོགས་པའི་བོད་མི་ཡོངས་ལ་ཁྱབ་པ་ཡིན།”
ཞེས་བཀོད་ཡོད་ལ། འདིའི་ནང་གི་བརྗོད་པ།
“བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན།”
ཞེས་པ་དང་། ཡང་བཅའ་ཁྲིམས་འདིའི་ཁྱབ་ཚད།
“དོན་ཚན་གཉིས་པ། ཁྱབ་ཚད། བཅའ་ཁྲིམས་འདིས་བོད་མིའི་སྒྲིག་འཛུགས་ཀྱི་མངའ་ཁོངས་སུ་གཏོགས་པའི་བོད་མི་ཡོངས་ལ་ཁྱབ་པ་ཡིན།”
ཞེས་པ་ལྟར་དུ་ཁས་ལེན་དགོས་པས། ཁྲིམས་ཐོག་ནས་ཀྱང་ང་ཚོར་༧གོང་ས་མཆོག་ལ་གཞི་རྩའི་གུས་བཀུར་སྤངས་པའི་བརྗོད་པ་ཐ་ཤལ་བས་སྐྱོན་བརྗོད་བྱེད་རྒྱུའི་ཐོབ་ཐང་མེད་ལ། གཞན་གྱི་རང་དབང་ལ་ཅི་མི་སྙམ་པར་རང་ཤེད་ཀྱིས་སྤྱི་ཚོགས་ཀྱི་འཆམ་མཐུན་གཏོར་བརླག་གཏོང་དབང་དེ་བས་ཀྱང་མེད་སྟབས། བོད་མི་ཚོས་༧གོང་ས་མཆོག་ལ་གཞི་མེད་ཀྱིས་མཚན་སྨོད་བྱས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཙམ་མ་ཟད། གནས་ཡུལ་སོ་སོའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཡང་འགལ་ཡོད་པར་ཐེ་ཚོམ་རྩ་བ་ནས་མེད།
དཔེར་ན། བོད་མི་ཞིག་གིས་༧གོང་ས་མཆོག་རྒྱལ་ཚོང་བ་(Traitor)རེད་ཅེས་བཤད་པ་དང་། ཡང་ཉེ་ཆར་བོད་མི་གཞན་ཞིག་གིས་བསྟན་པ་བཤིག་པའི་སྟ་རེ་བཟོ་མཁན་རེད་(Destroy religion) ཅེས་བཤད་པ་དེ་དག་ཚང་མ་རྫུན་གཏམ་ཡིན་སྟབས། འཛམ་གླིང་གི་སྨྲ་བརྗོད་རང་དབང་ཆེས་ཆེ་བའི་རྒྱལ་ཁབ་ཨ་རིའི་ཁྲིམས་ཁང་ནས་ཀྱང་དེར་ངོས་ལེན་བྱེད་མི་སྲིད་པ་ཞིག་རེད། དེར་བརྟེན་ཁྲིམས་ཐོག་ནས་སྨྲ་བརྗོད་རང་དབང་ཁ་ལ་ཁྱེར་ཏེ་མཚན་སྨོད་ཞུ་མཁན་ཚོ་ནམ་ཞིག་ཁྲིམས་ཀྱི་མདུན་སར་འགྲོ་དགོས་ཚེ། ཁྲིམས་ལུགས་ཀྱི་ངོས་ནས་རྒྱབ་རྟེན་གང་ཡང་མེད་པ་ཤེས་དགོས། དེར་བརྟེན་ཉེ་ཆར་ལོ་ཆེན་རིན་པོ་ཆེས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གཞུང་དང་། ས་གནས་མན་ཌིའི་གཞུང་ལ། སྐབས་དེའི་༧གོང་ས་མཆོག་ལ་མཚན་སྨོད་བྱེད་མཁན་གྱིས་སྤྱི་ཚོགས་ཀྱི་འཆམ་མཐུན་གཏོར་བརླག་བཏང་བའི་ཉེས་དོན་ཐད་ནས་ཞིབ་འཇུག་བྱེད་དགོས་པའི་འབོད་སྐུལ་བྱེད་དགོས་བྱུང་བ་ལྟ་བུ་རེད།
ལེགས་བཤད་རིན་པོ་ཆེའི་གཏེར་ལས།
དམ་པ་སྲོག་ལ་བབ་ན་ཡང་།།
རང་བཞིན་བཟང་པོ་ག་ལ་དོར།།
ས་ལེ་སྦྲམ་ནི་བསྲེགས་བཅད་ཅིང་།།
དེ་ཡི་ཁ་དོག་ཉམས་མི་འགྱུར།།
བཟང་སྤྱོད་ཀྱི་ཆ་ནས་གླེང་བ།
དྲིན་ཅན་གྱི་དྲིན་ཤེས་དགོས་ལ། དྲིན་ལན་རྒྱ་ཆེ་ས་ནས་འཇལ་མ་ཐུབ་རུང་། དྲིན་ལན་ལོག་འཇལ་མི་བྱེད་པ་དེ་བཟང་སྤྱོད་ཡིན། ༧གོང་ས་ཏཱ་ལའི་བླ་མར་སྐྱོན་བརྗོད་བྱེད་འདོད་ཡོད་པ་དང་། དེའང་རང་གི་འཇོན་ཐངཞིག་ཏུ་རློམ་མཁན་ཚང་མས་བསམ་གཞིག་བྱེད་མ་མྱོང་བའམ། ཡང་ན་བསམ་གཞིག་གིས་མ་འདང་སའི་ཆ་མང་པོ་ཞིག་ཡོད་པ་ལས། གཙོ་བོ་ཞིག་ནི་འདས་ཟིན་པའི་བོད་ཀྱི་ལོ་རྒྱུས་དང་། ལྷག་པར་དུ། ༧གོང་ས་ཏཱ་ལའི་བླ་མའི་སྐུ་ཚེ་དང་འབྲེལ་བའི་བོད་མི་རིགས་ཀྱི་ལོ་རྒྱུས་ཡིན། བློ་ཕམ་རང་བཞིན་གྱི་ཀུན་སློང་ངན་པ་གཞན་ཞིག་གིས་རྒྱུད་བསྐུལ་བ་མིན་ན། ༧གོང་ས་མཆོག་གི་མཛད་རྣམ་ལ་མཇལ་བ་ཙམ་གྱིས་གུས་བརྩི་མེད་པའི་མཚན་སྨོད་བྱེད་མི་སྲིད་པ་ཞིག་ཡིན། བོད་མི་ཚང་མ་ཆོས་དད་པ་ཡིན་དགོས་དོན་མེད་ལ། ལྷག་པར་དུ་ནང་པ་ཡིན་དགོས་དོན་མེད་པས། བོད་མི་ཚང་མས་༧གོང་ས་མཆོག་ལ་དད་པ་བྱེད་དགོས་པའི་བཀའ་རྒྱ་ཞིག་མེད་མོད། འོན་ཀྱང་། བོད་མི་ཚང་མར། ༧གོང་ས་མཆོག་ལ་ཆེས་གཞི་རིམ་གྱི་གུས་བཀུར་བྱེད་དགོས་པའི་བཟང་སྤྱོད་ཀྱི་འོས་འགན་ཞིག་ཡོད་པར་བཤད་མ་དགོས་པས་ན། དེ་ནི་བོད་མི་མི་རེ་ངོ་རེས་བརྩི་སྲུང་ཞུ་དགོས་པའི་གནད་འགག་ཅིག་ཡིན།
༧གོང་ས་ཏཱ་ལའི་བླ་མ་ཁོང་དགུང་ལོ་ ༢ ཐོག་ང་ཚོས་ཁོང་གི་སྐུ་ཡུལ་ནས་བོད་ཀྱི་རྒྱལ་སར་ཁྲིད་ནས་ཡོང་བ་དང་། མཐར་ཁོང་དགུང་ལོ་ ༡༦ སྐབས་ཆོས་སྲིད་ཟུང་འབྲེལ་གྱི་ཐུགས་འགན་ལྕི་མོ་དེ་བཞེས་འཇུག་སྐབས་ཀྱང་ཨུ་ཚུགས་ཀྱིས་བཞེས་བཅུག་པ་ལས། ཁོང་གིས་ང་ལ་ཐོབ་དང་དབང་ཆ་དེ་དགོས་པའི་འཐབ་རྩོད་ཅིག་གིས་དེ་ལྟར་བྱས་པ་གཏན་ནས་མིན། ད་དུང་འདས་ཟིན་པའི་ལོ་རྒྱུས་ཀྱི་བཞུད་ལམ་རིང་མོར་༧གོང་ས་ཏཱ་ལའི་བླ་མས་ཉིན་རེ་དང་ཞག་རེ་བྱས་ནས་བོད་པའི་སྤྱི་ཚོགས་འདིར་ལེགས་བཅོས་ཀྱིས། ད་ཆ་མིའི་ལུང་བར་དམངས་གཙོའི་གཞུང་ཞིག་ཡོད་པ་དེ་༧གོང་ས་ཏཱ་ལའི་བླ་མས་ཤུགས་བརྒྱབ་ནས་ཡོང་བ་ཞིག་ལས། ལོ་རྒྱུས་རང་བཞིན་གྱི་མདུན་བསྐྱོད་དེ་ལྟ་བུ་གཞན་སུ་ཞིག་གིས་སྒྲུབ་པར་ནུས། ༧གོང་ས་ཏཱ་ལའི་བླ་མ་ནི་སངས་རྒྱས་ཆོས་ལུགས་པ་ཞིག་ཡིན་སྟབས། ཁོང་གི་མི་ཚེའི་དམིགས་ཡུལ་ཡང་། སེམས་ཅན་ཐམས་ཅད་ཅེས་ཐུགས་དཀྱིལ་དུ་བཟུང་ཡོད་མོད། འོན་ཀྱང་མཐུན་སྣང་དུ་ཁོང་ནི་བོད་མི་རིགས་ཤིག་དང་། རང་གཞན་ཀུན་གྱི་མདུན་སར་ངོམས་འོས་པའི་བོད་མིའི་དབུ་ཁྲིད་བླ་ན་མེད་པ་ཞིག་ཡིན་སྟབས། ཁོང་ལ་རྒྱལ་ཚོང་པ་དང་། བསྟན་བཤིག་སོགས་ཀྱིས་མཚན་སྨོད་བྱེད་པ་ནི། ལོ་རྒྱུས་ལ་འགན་མ་ཁུར་བ་དང་། རང་ཉིད་ཀྱི་གཏམ་སྤྱོད་ལ་ཡང་འགན་མ་ཁུར་བ། ད་དུང་ཡུལ་དུས་ཚོད་རྩིས་ཀྱིས་དེ་ལྟར་བཤད་ན་ཡང་། ཚར་གཅོད་རྗེས་འཛིན་བྱེད་མཁན་སུ་ཡང་མེད་སྙམ་གྱིས་ངན་ཤེད་བྱས་པ་ལས། དེ་ལ་ཆོས་ཕྱོགས་ཀྱི་དགག་དགོས་ཀྱི་འབྲེལ་བ་དང་། ཆབ་སྲིད་ཀྱི་གོ་དོན་ངེས་ཅན་སྟོན་རྒྱུ་སོགས་གང་ཡང་མེད་པར། སྤྱི་ཚོགས་ནང་རང་ཉིད་དྲིལ་བསྒྲགས་བྱེད་ཐབས་ཙམ་དུ་ཟད་པའི་ཐ་ཤལ་གྱི་སྤྱོད་པ་དེ། དབྱིན་ཚིག་གིས་(Chaos)ཟེར་བ་ཇི་བཞིན་ཟང་ཟིང་ལ་དགའ་ཙམ་དུ་ཟད།
དོན་དངོས་སུ། ༧གོང་ས་ཏཱ་ལའི་བླ་མས་སྐུ་ཚེ་གང་བོར། བོད་མི་རིགས་འདི་རྣམ་དཔྱོད་ཅན་ཞིག་དང་། རྒྱལ་སྤྱིའི་རང་བཞིན་གྱི་རིན་ཐང་ཡོད་པའི་མི་རིགས་ཤིག་གི་ངོས་འཛིན་ཐོབ་ཐབས་གཞིར་བཞག་ནས་འབད་བརྩོན་གནང་ཡོད། ༧གོང་ས་ཏཱ་ལའི་བླ་མས་གནང་བ་མང་དྲགས་པ་ཞིག་དང་། ང་ཚོས་ཁོང་ལ་གཞོག་འདེགས་བྱས་པ་ཉུང་དྲགས་པ་ཞིག་ཡིན། ད་ཆ་༧གོང་ས་མཆོག་དགུང་ལོ་གྱ་ལྔར་ཕེབས་སྐབས་སུ་ཡང་། བོད་མི་རིགས་འདི་ཉིད་ཁོང་གི་ཐུགས་དཀྱིལ་དུ་ཇི་ལྟར་བཟུང་ཡོད་སྙམ་ན།
“ང་བོད་པ་ཞིག་རེད། བོད་རྒྱ་ཆེའི་མི་མང་གིས་ང་ལ་རེ་བ་བརྒྱབ་བསྡད་ཡོད་པ་རེད། ཡིད་ཆེས་བྱས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས། ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་རེད་ལ། གང་ལྟར་དངོས་ཡོད་གནས་ཚུལ་ལ་ང་ལ་རེ་བ་བརྒྱབ་བསྡད་ཡོད་པ་ཡིན་དུས། ལོ་ཤས་གོང་རྒྱ་གར་ཤར་ཕྱོགས་ནས་གནམ་གྲུའི་ནང་འགྲོ་སྐབས་ཤིག་ལ། གནམ་གྲུ་དེ་ཆུང་ཆུང་ཞིག་རེད་ལ། དེ་ཞེ་བོ་ཞིག་གཡུག་སོང་། གང་ཙམ་ཞེད་སོང་། ཨོ་དེ་རིང་ཏ། ག་རེ་ཡིན་འགྲོ་བསམ་སོང་། བསམ་བློའི་ཟུར་དེར། ང་ཏ་ཤི་ན་ཤི། མི་གཅིག་རང་རེད། བོད་རྒྱ་ཆེའི་མི་མང་གིས་ང་ལ་རེ་བ་ཞིག་བརྒྱབ་ནས་བསྡད་ཡོད་སྟབས། དེ་ཚོ་གང་དྲག་བསམ་བྱུང་། དེ་འདྲ་ཡིན་དུས། བོད་རྒྱ་ཆེའི་མི་མང་གིས། ཚུར་རེ་བ་དེ་འདྲ་ཞིག་བརྒྱབ་དུས། ཕར་ཡང་། དེ་ཚོའི་དོན་དག་ལ་བསམ་བློ་གཏོང་རྒྱུ་དང་། ག་ཚོད་ཐུབ་ཐུབ་ཀྱིས་འབད་བརྩོན་བྱེད་དགོས་པ་དེ་ལས་འགན་རེད།”
ཅེས་ཐེངས་དུ་མར་གསུངས་པ་ཙམ་མ་ཟད། ཉེ་ཆར་ཐུགས་རྗེ་ཆེན་པོའི་བཀའ་དབང་སྐབས་སུ་ཡང་དེ་ལྟར་གསུངས་པ་འདི་བོད་མི་ཞིག་ཡིན་ཕྱིན། མགོ་རུས་སྐམ་པོ་ས་ལ་མ་འཐོར་བར་བརྗེད་མི་རུང་བ་ཞིག་ཡིན། བོད་མི་རིགས་ཀྱི་འདས་མ་ད་གསུམ་ལ་བསམ་བློ་ནན་ཏན་བཏང་ན། གཞི་ནས་༧གོང་ས་ཏཱ་ལའི་བླ་མའི་བཀའ་དྲིན་གྱི་ཆ་རེ་རེ་བློ་ངོར་འཆར་དཀའ་བ་ཞིག་གཏན་ནས་མིན། འོན་ཀྱང་། འུ་ཚོ། རྒྱལ་ཁབ་ནས་རྒྱལ་ཁབ་ཉུལ་ཏེ་མཐར་བྱ་ཚང་དང་བྱེའུ་ཚང་འདྲ་བ་རེ་འདུག་གནས་སུ་རྙེད་སྐབས། ཁ་སང་གི་བཀའ་དྲིན་ཅན་ཡོད་ཚད་བརྗེད་འགྲོ་བ་འདི་སྐྱེས་བུ་རང་ཉིད་ཀྱི་མི་གཞི་ཞན་དྲགས་པ་ར་སྤྲོད་བྱས་པ་ལས། གོ་རྟོགས་གོང་འཕེལ་དུ་སོང་བའི་དན་རྟགས་ཤིག་རྩ་བ་ནས་མིན་པ་ཤེས་དགོས། གལ་ཏེ་མི་ཤེས་ན། ལོ་ཟླ་ཞག་སྦྲེལ་གྱིས་རང་གི་འདས་ཟིན་པ་འཚོལ་བར་རེམ། གལ་ཏེ། ཁྱེད་བོད་མི་རིགས་ཤིག་ཡིན་སྙམ་ཡོད་ན། ༧གོང་ས་ཏཱ་ལའི་བླ་མའི་བཀའ་དྲིན་དྲན་དགོས། ༧གོང་ས་ཏཱ་ལའི་བླ་མ་ནི་ལུང་ཆུང་ནང་གི་དགོན་བདག་ལྟ་བུ་ཞིག་མིན་པར། མིའི་རིགས་ཐུན་མོང་གིས་བཀུར་འོས་པའི་སྐྱེས་བུ་ཤེས་རབ་ཀྱི་འོད་སྣང་ཅན་ཞིག་ཡིན། ངས་བསམ་པར་བོད་མི་སུ་འདྲ་ཞིག་གིས་༧གོང་ས་ཏཱ་ལའི་བླ་མར་སྐྱོན་བརྗོད་བྱས་ན། དེ་ནི་གང་ཟག་དེའི་བཟང་སྤྱོད་ཀྱི་ཞན་ཆ་ཞིག་ལས། དེར་གནས་ལུགས་ཡོད་ངེས་བསམ་པ་གཏན་ནས་མེད།
ལེགས་བཤད་རིན་པོ་ཆེའི་གཏེར་ལས།
ལེགས་བཤད་མཁས་པའི་བློ་གྲོས་ཀྱིས།།
གོ་ཡི་བླུན་པོས་དེ་ལྟ་མིན།།
ཉི་མའི་འོད་ཟེར་ཤར་བ་ན།།
འགོང་བོའི་བྱ་རྣམས་ལོང་བར་འགྱུར།།
ཤེས་རིག་གི་ཆ་ནས་གླེང་བ།
༧གོང་ས་ཏཱ་ལའི་བླ་མས། ༡) འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་མཐོར་གཏོང་བ། ༢) ཆོས་ལུགས་མཐུན་སྒྲིལ་གྱི་ནུས་ཤུགས་གོང་མཐོར་གཏོང་བ། ༣) བོད་མི་རིགས་ཀྱི་བདེ་ཐབས་གོང་མཐོར་གཏོང་བ། ༤) གནའ་བོའི་རྒྱ་གར་གྱི་ཤེས་ཡོན་བསྐྱར་གསོ་བྱེད་པ་ཞེས་པའི་ཁ་བྱང་འདི་དག་གི་ཐོག་ནས་རྣམ་དཔྱོད་དང་། མདུན་བསྐྱོད་རང་བཞིན་གྱི་ལོ་རྒྱུས་གསར་པ་ཞིག་འབྲི་བཞིན་ཡོད་ལ། ལོ་རྒྱུས་ཀྱི་ཤོག་ལྷེ་རེ་རེ་མཐར་གཏུགས་ན། ༧གོང་ས་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་བོད་མི་རིགས་ཀྱི་གཟི་བརྗིད་ཅིག་ཆགས་བསྡད་ཡོད། དད་པའི་མིག་གཅིག་བུས་མཐོང་དཀའ་ཡང་། འཛམ་གླིང་ལོ་རྒྱུས་ནང་མཚན་སྙན་ཧ་ཅང་ཆེ་བའི་སྐྱེ་ཁམས་རིག་པའི་ཚན་རིག་པ་དར་ཝིན་གྱིས་འགྲོ་བ་མིའི་གཞི་རྩའི་རང་བཞིན་ (biological évolution theory) གྱི་ལྟ་ཚུལ་ལས་བརྒལ་ཏེ། མིའི་གཞི་རྩའི་རང་བཞིན་གཞན་ཕན་རང་བཞིན་ཅན་ཡིན་པའི་དགོངས་ཚུལ་གསར་འདོན་གྱིས། ད་ལྟའི་ཆར་ཚན་རིག་གི་གཞི་རྩའི་ལྟ་གྲུབ་ལ་འགྱུར་བ་འགྲོ་བཞིན་པ་སོགས། མིའི་རིགས་སྤྱི་ཡོངས་ལ་ཕན་ཐོགས་ཆེ་བའི་མཛད་པ་ཅི་བསྐྱངས་ལ་ངོ་མཚར་སྐྱེ་དགོས་པ་ཞིག་ཆགས་ཡོད། འཛམ་གླིང་གི་ཆོས་ལུགས་དབུ་ཁྲིད་གཞན་སུས་ཀྱང་བྱེད་ཐབས་མེད་པའི་ཚན་རིག་གི་སྡེ་ཁག་མང་པོ་ཞིག་ལ། གསར་བཏོད་རང་བཞིན་གྱི་ཞིབ་འཇུག་གི་ཐབས་ལམ་དང་། ལྟ་གྲུབ་ཀྱི་རོགས་འདེགས་གནང་སྟེ། མིའི་རིགས་ཀྱི་བདེ་སྐྱིད་སྔར་ལྷག་ཅིག་ཡོང་ཐབས་སུ་གོམ་གང་མདུན་སྤོས་བྱས་ཡོད། ལོ་རེ་ནས་ལོ་རེ་བཞིན་༧གོང་ས་ཏཱ་ལའི་བླ་མ་འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་ནས་སྤྱི་གཙུག་ཏུ་བཀུར་བཞིན་པ་དེ་ཤེས་ན། བོད་མི་རིགས་ཀྱི་བསམཔའི་དཔལ་ཡོན་ལ་བརྩི་བཀུར་ཐོབ་པ་ཞིག་ཡིན།
ཉེ་བའི་ཆར་ཡང་། དབྱིན་ཡུལ་གྱི་དུས་དེབ་ Watkin ནང་འཛམ་གླིང་གི་སྐྱེས་ཆེན་བརྒྱ་བདམས་པའི་ཨང་དང་པོ་དང་། ཧྥ་རན་སིའི་འཛམ་གླིང་གི་ཆོས་ལུགས་(Le Monde des Religions)ཞེས་པའི་དུས་དེབ་ཀྱི་འདོན་ཐེངས་བརྒྱ་བའི་ནང་དུའང། དུས་དེབ་ཀྱི་ལོ་རྒྱུས་ནང་མཇལ་འཕྲད་ཞུ་མྱོང་བའི་རླབས་ཆེན་གྱི་མི་སྣར་ངོས་འཛིན་ཞུས་པ། གཞན་ཡང་ཧྥ་རན་སིའི་སེམས་ཁམས་རིག་པའི་དུས་དེབ་(PSYCHOLOGIES)ཐོག་ཏུའང། རླབས་ཆེན་གྱི་སློབ་དཔོན་ཉི་ཤུའི་སྐུ་ཚེ་ཞེས་མིའི་རིགས་ཀྱི་ལོ་རྒྱུས་ནང་གྲགས་ཆེ་བའི་སློབ་དཔོན་ཉི་ཤུ་བགྲང་བའི་ནང་དུའང་༧གོང་ས་མཆོག་བདམས་ཡོད། འདི་དག་ཚང་མ་ཟུར་ཙམ་སྨྲོས་པ་ལས། གཞན་ཆ་ཚང་བ་ཞིག་ཤོད་ཐབས་བྲལ། མཐར་གཏུགས་ན། བོད་མི་རིགས་འདི་ཉིད་འཛམ་གླིང་གི་སྤྱི་སྟེགས་སུ་རང་དབང་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ལས་ཀྱང་ལྷག་པའི་མཚན་སྙན་ཞིག་བསྐྲུན་ཡོད།
རང་གིས་གོ་བ་ལོན་ན། ༧གོང་ས་ཏཱ་ལའི་བླ་མའི་ཐུགས་བསྐྱེད་དམ་བཅའ་འདི་དག་བོད་མི་རིགས་ཀྱི་ཐུགས་བསྐྱེད་དམ་བཅའ་ཞིག་ཡིན་ལ། བོད་ཀྱི་ཤེས་རིག་གི་མངལ་ལས་འཁྲུངས་པའི་བྱམས་བརྩེ་དང་རྟེན་འབྲེལ་གྱི་ཉི་ཟླ་གཉིས་ཡིན། འདི་ལྟར་༧གོང་ས་ཏཱ་ལའི་བླ་མའི་དགུང་ལོ་གྱ་ལྔའི་རིང་གི་མཛད་པ་ནི་གཞན་ཕན་ཡིན་ལ། དེའང་འཇིག་རྟེན་མིག་འབྱེད་ཀྱི་སློབ་དཔོན་ཞིག་དང་། ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཏུ་སྣེ་ཁྲིད་པའི་དེད་དཔོན་ཞིག་ཡིན། ད་དུང་ཉེ་ཆར་ཐོན་པའི་གློག་བརྙན། ཏཱ་ལའི་བླ་མ། ཚན་རིག་པ། ཞེས་པ་དེའང་བོད་ཀྱི་ཤེས་རིག་ལ་སྔར་མེད་གསར་བྱུང་གི་གདུགས་དང་། བ་དན། རྒྱལ་མཚན་ལ་སོགས་པའི་བཀུར་བསྟིའི་མཚོན་དོན་ཞིག་ཡིན། ཤེས་ན་དེ་ནི་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་དང་ཉམས་ལེན་གཏིང་ཟབ་གནང་བའི་དགེ་སློང་ཞིག་གི་མཛད་རྗེས་ཡིན།
ཕྱི་རྒྱལ་གྱི་མཁས་པ་ཚོས་༧གོང་ས་མཆོག་ལྟ་བུར་མཐོང་དང་ཆ་འཇོག་བྱེད་སྟངས་འདི་ལྟ་བུ་ཞིག་ཡིན་ཏེ། Aristote. Confucius. Gandhi. Socrate. ལྟ་བུ་སོགས་འཇིག་རྟེན་འདིར་གྲགས་པ་ཆེ་བའི་སློབ་དཔོན་དེ་དག་གི་གྲལ་དུ་ངོས་འཛིན་བྱས་མོད། ལྷག་པར་དུ་ཐེངས་འདིའི་སློབ་དཔོན་ ༢༠ སྐུ་ཚེ་ཞེས་པའི་ནང་ད་ལྟ་འཚོ་ཞིང་གཞེས་པ་༧གོང་ས་མཆོག་ཁོ་ན་ལས་གཞན་སུ་ཡང་མེད།
ཡིན་ཡང་། འུ་ཚོ་བོད་པའི་སྤྱི་ཚོགས་སུ། གང་ལ་ཡང་བསྟུན་མི་དགོས་པའི་རང་དབང་ཟེར་བ་ཁར་ཁྱེར་ནས། རྒྱལ་ཚོང་བ་དང་། བསྟན་བཤིག་ཟེར་བ་སོགས་ནི་སྐད་ཆ་དེ་རིགས་ཤོད་མཁན་ཙམ་དུ་མ་ཟད། བོད་མི་རིགས་དང་། ལྷག་པར་དུ་འུ་ཚོ་མི་རབས་འདིའི་ངོ་ཚ་ཆེན་པོ་ཞིག་རེད། དེས་ན་འདི་ལྟར་ཁོང་ལ་ཅི་ཙམ་ཉེ་བར་བཏུད་པ་དེའི་ཚོད་ཀྱིས་ཁྱེད་རང་ཁོང་ལ་སྙིང་ནས་ཤ་ཚ་ཞིང་། སེམས་གཏིང་ནས་མོས་གུས་སྐྱེ་ངེས་པ་ལས། ད་དུང་དགག་རྒྱག་དང་། ངོ་རྒོལ་བྱེད་ས་ཞིག་གཏན་ནས་མེད།
ལེགསབཤད་རིན་པོ་ཆེའི་གཏེར་ལས།
སྐྱེ་བོ་ངན་པ་འབྱོར་ཐོབ་ཅིང་།།
ལྷག་པར་སྤྱོད་པ་ངན་པར་འགྱུར།།
འབབ་ཆུ་ཇི་ལྟར་བཟློགས་གྱུར་ཅིང་།།
ཐུར་དུ་འབབ་པ་ཁོ་ནར་འདོད།།
འཐབ་རྩོད་ཀྱི་ཆ་ནས་གླེང་བ།
བོད་མི་རིགས་ཀྱི་ཤ་ཞེན་ཡོད་པའི་གངས་ཅན་པ་ཞིག་ལ་མཚོན་ན། རང་ཡུལ་ཆབ་སྲིད་ཀྱི་དཀའ་སྡུག་ཡ་ང་བ་ཞིག་གི་ནང་ལྷུང་སྟེ། སྡུག་ས་ནས་བཤད་ན། བོད་མི་རིགས་ཆག་འཇིག་གི་མཚམས་སུ་སླེབས་སྐབས་འདིར། བོད་མི་རེ་རེའི་སེམས་སུ་ཐེག་དཀའ་བའི་སེམས་ངལ་ཞིག་ཡོད་པར་ཐེ་ཚོམ་མེད་ལ། སྐབས་འགར་དེ་འདྲའི་སེམས་ངལ་གྱི་སྡུག་ཡུས་དེ་མ་ཐེག་པའམ། ཡང་ན། དཀའ་ཁག་དེ་ལྟ་བུར་གདོང་ལེན་བྱེད་མ་ཤེས་པ་ལྟ་བུས། མིག་སྔའི་དཀའ་ཁག་དང་ཆག་སྒོ་ཡོད་ཚད། ལས་ཀྱི་སྣེ་མོར་གཏོགས་པའི་གང་ཟག་བྱེ་བྲག་པའམ། སྐབས་འགར་༧གོང་ས་མཆོག་ལ་ཡང་དེ་ལྟའི་ངན་ཁག་དཀྲི་མཁན་ཡོང་གི་ཡོད། སྤྱིར་ན་གཞོན་ཚོའི་བསམ་ཚུལ་དང་། ལྷག་པར་དུ་གནས་ཚུལ་ཁྱོན་ཡོངས་ལ་རྒྱུས་ལོན་མ་བྱས་པ། སྐབས་འགར་རང་གི་དགོས་མཁོ་བྱེ་བྲག་པའི་ཆེད་དུ་གླེང་ཕྱོགས་བཟོ་བ་སོགས་གནས་སྟངས་མང་པོ་ཞིག་དང་འབྲེལ་བའི་གླེང་གཞི་འདི་རིགས་སྤེལ་མཁན་ཚོས་ངེས་དགོས་པའི་གནད་དོན་འགའ་ཡོད།
1. ༧གོང་ས་ཏཱ་ལའི་བླ་མ་ནི། བོད་ཀྱི་ཆབ་སྲིད་འཐབ་རྩོད་ཀྱི་གསོན་ཤུགས་ངོ་མ་དེ་ཡིན།
ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ནི་བོད་ལ་མཚོན་ན་ཆག་སྒོའི་ཉིན་མོ་ཞིག་ཡིན་ལ། བོད་ཀྱི་ལོ་རྒྱུས་ཀྱི་སྟེང་བོད་ས་ཁྱོན་ཡོངས་རྒྱ་ནག་གི་དབང་འོག་ཏུ་ཤོར་བའི་ཉིན་མོ་ཞིག་ཡིན། འོན་ཀྱང་། དེའི་ཉིན་ཤས་ཀྱི་རྗེས་ཏེ། ཟླ་ ༣ ཚེས་ ༡༧ ནི་བོད་ལ་མཚོན་ན་མུན་ནག་གི་ལོ་ཟླའི་ཁྲོད་ཀྱི་རེ་བའི་ཉིན་མོ་ཞིག་ཡིན་ཟེར་ཆོག དེའང་། ཉིན་དེའི་མཚན་མོར་ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས། སྤྱིར་སེམས་ཅན་ཐམས་ཅད་དང་། ཡང་སྒོས་ལས་སྨོན་གྱིས་འབྲེལ་བའི་བོད་གངས་ཅན་གྱི་ཚེ་སྲོག་རྟ་རྔ་འདྲ་བ་དེ་སྐྱོབ་ཐབས་སུ། དགག་དགོས་ཀྱི་རྒྱུ་མཚན་དུ་མར་དམིགས་ནས་སྟོན་པའི་ན་བཟའ་མར་ཕུད་དེ་བོད་དམག་གི་ལྭ་བ་ཡར་མནབས། ལྷུང་བཟེད་དང་། མཁར་གསིལ་ཕར་བཞག་སྟེ། མེ་མདའ་ཞིག་རྒྱབ་ཏུ་ཁུར་ནས། བོད་མི་རིགས་ཀྱི་ལས་དབང་ལ་རེ་སྨོན་སྟོང་ཕྲག་གིས་མཚམས་སྦྱོར་གནང་བཞིན། ཕོ་བྲང་ནས་ལམ་ལ་བུད་དེ་ཆ་མ་འཚལ་བའི་འགྲུལ་བཞུད་དེས་བོད་མི་མང་ལ་སླར་ཡང་། འགྱེལ་ས་ནས་ཡར་ལངས་རྒྱུའི་རེ་བ་དང་། གསོན་ཤུགས་གསར་པ་ཞིག་བྱུང་།
སྐྱི་གཡའ་བའི་ལོ་ཟླ་དེ་དག་ནང་། བོད་གཞིས་བྱེས་གཉིས་ཀས་མྱངས་པའི་དཀའ་ཁག་དེ་སུ་ཞིག་གིས་བློས་བསླངས་བྱེད་ཐུབ་བམ། རྒྱ་བལ་འབྲུག་གསུམ་ནས་ས་གནམ་གཉིས་ལས་ངོ་ཤེས་པ་མེད་ས་ཞིག་ཏུ་གཞི་ཚུགས་དགོས་པའི་ངལ་བ་ལ་མཐའ་མེད་པ་ཤོད་ཅི་དགོས་ཏེ། གཞིས་བཞུགས་སྤུན་ཟླ་ཚོས་རྒྱ་ནག་དམར་ཕྱོགས་ཀྱི་སྨྱོ་མཆོང་ཆེན་པོའི་བཙན་འཛུལ་དང་གསར་བརྗེའི་ལས་འགུལ་གྱི་དཀའ་སྡུག་གི་རྣམ་གྲངས་ཅི་ཞིག་མྱོང་བ་སུ་ཡིས་དཔོག འོན་ཀྱང་བོད་གཞིས་བྱེས་གཉིས་ཐུན་མོང་ལ། སེམས་ཀྱི་དྲོད་ཁོལ་དང་། རེ་བའི་གཏད་སོ་ཞིག་ཡོད་པ་དེ་ནི། ༧གོང་ས་ཏཱ་ལའི་བླ་མ་ཡིན་ལ། ༧གོང་ས་ཏཱ་ལའི་བླ་མའི་མཚན་སྙན་གྱི་བ་དན་རེ་རེ་ནི། བོད་མི་རིགས་ཀྱི་རེ་བའི་འོད་སྣང་རེ་རེར་སྒོམ་བཞིན་ད་བར་འཚོ་བ་ཡིན། བོད་ནང་དུ་བོད་མི་ ༩༥ % ལྷག་གིས་རྒྱ་གཞུང་གི་དྲག་གནོན་འོག་༧གོང་ས་ཏཱ་ལའི་བླ་མ་ནི་རང་ཉིད་ཀྱི་ལྟ་བའི་མིག་དང་། ཁོག་པའི་སྙིང་ལྟ་བུ་ཞིག་ཏུ་སྒོམ་ནས་ཡོད་པ་འདི་འདྲའི་བློ་གཅིག་སེམས་གཅིག་གི་ལངས་ཕྱོགས་ཤིག་སྲིད་གཞུང་སུ་ལ་ཡང་འཐོབ་དཀའ་བ་ཤོད་ཅི་དགོས། དེར་བརྟེན། བོད་མིའི་རྩ་དོན་འཐབ་རྩོད་ཀྱི་མེ་ལྕེ་ནམ་ཡང་༧གོང་ས་མཆོག་དང་ལྷན་དུ་འབར་བཞིན་ཡོད་ལ། གཏན་ནས་རྒྱུན་ཆད་མ་མྱོང་བ་དེའང་། ༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ཡིན། ༧གོང་ས་མཆོག་གི་བཀའ་སློབ་གཅིག་གི་ནུས་པར་རྒྱ་ནག་གཞུང་གིས་ལོ་ཟླ་ཞག་སྦྲེལ་གྱིས་ཅི་ཙམ་འབད་ཀྱང་ངལ་བ་འབྲས་མེད་དུ་གྱུར་དང་འགྱུར་བཞིན་པ་འདི་ཤེས་ན། བོད་མི་རིགས་རྣམས་སངས་རྒྱ་བར་ཐག་མི་རིང་བར་འདོད།
2. ༧གོང་ས་ཏཱ་ལའི་བླ་མ་ནི། བོད་མི་རིགས་ཀྱི་མཐུན་སྒྲིལ་གྱི་སྐེ་རགས་དམ་པོ་དེ་ཡིན།
༧གོང་ས་ཏཱ་ལའི་བླ་མ་ནི། བོད་ཀྱི་བླ་སྤྲུལ་གཞན་མང་དག་ཅིག་དང་གཏན་ནས་མི་འདྲ་བར། མཁས་བཙུན་བཟང་གསུམ་གྱིས་རབ་ཏུ་ཕྱུག་པའི་དབུ་ཁྲིད་ཅིག་ཡིན་སྟབས། འདྲ་མཉམ་གྱིས་འཁོར་འབངས་བསྐྱངས་ཤིང་། ཤེས་རིག་གིས་མུན་པ་བསལ་ནས། དེ་སྔའི་རྗེས་ལུས་ཀྱི་སེམས་ཁམས་ཡོངས་སུ་བསྒྱུར་ཏེ། ད་ཆ་ཤེས་རབ་ཅན་གྱི་བུ་ཞིག་ཡིན་ན། དེ་སྔའི་དགོས་མེད་ཀྱི་ཞེན་ཁ་ཕྱོགས་རེས་ལ་དོན་སྙིང་སྦུ་ཙམ་མེད་པའི་ངེས་ཤེས་བརྟན་པོ་རྙེད་དུ་བཅུག་ཡོད། ༧གོང་ས་མཆོག་གིས་དུས་རྒྱུན་ཇི་ལྟར་སྨོན་པ་བཞིན། བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། ། བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང༌། ། སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། ། བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག། ཅེས་པ་ལྟར་ཐུགས་ཞུམ་པ་སྐད་ཅིག་ཙམ་དུ་ཡང་མ་གནང་བར། རང་རེའི་སྤྱི་ཚོགས་ཀྱི་ཆོལ་ཁ་དང་། ཆོས་བརྒྱུད་སོགས་ཀྱི་ཁྱོའི་ཁ་དང་ངའི་རྣ་ཞེས་པའི་ཙག་དང་བསེར་བུ་ཡོད་ཚད་ལ། གདོང་ལེན་མཐར་ཕྱིན་པར་མཛད་པའི་སྙིང་སྟོབས་ཀྱི་གོ་ཆ་བཙན་པོར་སུ་ཡིས་འགྲན་ནུས། ད་ཆ་སྤྱིར་འཛམ་གླིང་། བྱེ་བྲག་བོད། ཡང་སྒོས་ཚོགས་སྡེ་དང་། མི་སྒེར་ཚུན་ཆད་ནས། མཐུན་ལམ་རྡོག་རྩ་ཆིག་སྒྲིག་ཐོག་འབད་མཁན་ཞིག་ཡིན་ན། རང་གི་བྱས་པ་དེ་མཆོད་པ་ཕུན་སུམ་ཚོགས་པ་ཞིག་གི་ཚུལ་གྱིས་༧གོང་ས་མཆོག་ལ་འབུལ་བ་དང་། ཅི་སྟེ་དེ་ལས་ཕྱིན་ཅི་ལོག་པའི་ལམ་དུ་ཞུགས་ནས་ཡོད་ན། ༧གོང་ས་མཆོག་གི་འཁོར་དུ་བཏུད་མི་ཐུབ་པ་ལྟ་བུའི་གནས་སྟངས་ཡོད་པ་འདིས། ༧གོང་ས་མཆོག་ནི། ཆོས་ཕྱོགས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱོན་པའི་བྱང་ཆུབ་སེམས་དཔའ་ཡིན་ངེས་པ་ཙམ་མ་ཟད། རང་རེ་འཇིག་རྟེན་པའི་མཐུན་སྣང་དུའང་། ཡོད་ཚད་གཉེན་དང་། གྲོགས་སུ་བལྟས་ནས་གཞན་
ཕན་གྱི་ལས་བཟང་པོ་འབའ་ཞིག་གཉེར་བས་
ན། སྤྱིར་འཛམ་བུ་གླིང་་། ཡང་སྒོས་བོད་མི་རིགས་ཀྱི་མཐུན་སྒྲིལ་གྱི་སྐེ་རགས་དམ་པོ་དེ་ཡིན་པ་ལ་རྩོད་པ་ཅི་ཞིག་ཡོད།
3. ༧གོང་ས་ཏཱ་ལའི་བླ་མ་ནི། བོད་གཞིས་བྱེས་གཉིས་ཀྱི་མགྲིན་ཚབ་པ་གསོན་པོ་དེ་ཡིན།
བོད་གཞིས་བྱེས་གཉིས་སུ་གྱུར་ནས་བཟུང་། ༧གོང་ས་མཆོག་ནི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་མི་མང་གི་བདེ་སྡུག་གི་འབོད་སྒྲ་སྒྲོག་པའི་ཆེས་མཐོའི་མགྲིན་ཚབ་པ་དེའང་ཡིན། བོད་མི་མང་གི་སེམས་གཏིང་གི་སྨྲེ་ངག་ཇི་ལྟ་བ་ཤེས་མཁན་དེ་༧གོང་ས་མཆོག་ཉག་གཅིག་ཡིན་ལ། དེ་ཇི་ལྟར། གང་ནས། སུ་ལ་ཤོད་དགོས་པ་མཁྱེན་མཁན་དེའང་༧གོང་ས་མཆོག་ལས་ལྷག་པ་ཞིག་མེད། ཆོས་དད་ཀྱི་སྐད་ཆ་ཞིག་བསྲེས་ནས་བཤད་ན། ཚེ་རབས་ནས་ཚེ་རབས་ཞེས་པའི་ལོ་རྒྱུས་རིང་བོའི་བོད་མིའི་སེམས་ཁམས་ཀྱི་བདག་པོར་གྱུར་པའི་འཕགས་མཆོག་ཐུགས་རྗེ་ཆེན་པོས་བོད་མི་མང་གི་སྐུ་གསུང་ཐུགས་གསུམ་གྱི་ཚབ་བྱས་ནས། འཛམ་བུ་གླིང་ལ། བོད་མི་མང་གི་དཔལ་ཡོན་གྱི་དངོས་གྲུབ་སྩལ་ཞིང་། མིག་སྔའི་བོད་མི་རིགས་ཀྱི་གནས་བབ་ལ་གཞིགས་པའི་དགོས་ངེས་ཀྱི་རོགས་རམ་ཡང་བཙལ་ཡོད། དེ་ལྟར། ༧གོང་ས་ཏཱ་ལའི་བླ་མས་བོད་མི་རིགས་ཀྱི་མགྲིན་ཚབ་པ་བྱས་པ་དེ། སྤྲང་བོ་སློང་དུ་སོང་བ་ལྟ་བུ་མིན་པར། རང་ལ་དགོས་པ་ཞིག་འཚོལ་དུ་སོང་ཁར། གཞན་ལ་མཁོ་བ་ཞིག་སྦྱིན་པར་སོང་བ་ཡང་ཡིན་པས་འདི་ལྟ་བུའི་རླབས་ཆེན་གྱི་མགྲིན་ཚབ་པ་ཞིག ༧གོང་ས་ཏཱ་ལའི་བླ་མ་ལྟ་བུ་ལས་གཞན་སུ་ཞིག་གིས་བྱེད་ནུས།
4. ༧གོང་ས་ཏཱ་ལའི་བླ་མ་ནི། བོད་རྒྱ་ཞི་མོལ་གྱི་གསང་བའི་ལྡེ་མིག་དེ་ཡིན།
༧གོང་ས་ཏཱ་ལའི་བླ་མ་ནི། ནམ་ཡང་རྫུན་མི་སྨྲ་བའི་སྐྱེས་བུ་ཞིག་ཡིན་ལ། མ་གཞི་འདས་སོང་ལ་འགྱུར་བ་གཏོང་ཐབས་ཡེ་ནས་མེད་པས། ཡུལ་དུས་གནས་སྐབས་གང་དུའང་། “ལོ་རྒྱུས་ཀྱི་ཐོག་ནས་བོད་རྒྱ་ནག་གི་ཆ་ཤས་སམ། ཁོངས་གཏོགས་རེད་”ཅེས་པ་འདི་ནམ་ཡང་ཁས་ལེན་ཐབས་མེད་པ་སུ་ལ་ཡང་འགྲེལ་བཤད་མི་དགོས་པར་སེམས། ཕྱི་ལོ་ ༡༩༧༧ ཡས་མས་ནས་བོད་རྒྱ་ཞི་མོལ་རབ་དང་རིམ་པ་བྱས་པར་གཞིས་བྱེས་གཉིས་བར་གཉེན་འཕྲད་འགྲོ་བསྐྱོད་སོགས་ཀྱིས་མཚོན་པའི་གྲུབ་འབྲས་ཆེ་ཆུང་སྣ་ཚོགས་བྱུང་ཡོད་མོད། འོན་ཀྱང་། བོད་རྒྱའི་ཆབ་སྲིད་ཀྱི་དཀའ་ཁག་ཡོངས་སུ་སེལ་བའི་དཀའ་གནད་དེ་ད་དུང་ཐག་ཆོད་མེད་སྟབས། དེར་བོད་རིགས་ནང་ཁུལ་དུ་འཁང་ར་བྱེད་མཁན་དང་། ཧ་ལམ་དེ་༧གོང་ས་མཆོག་གིས་མ་འཇོན་པའམ། ཡང་ན། བོད་མིའི་སྒྲིག་འཛུགས་ཀྱི་འཐབ་རྩོད་ལངས་ཕྱོགས་དབུ་མའི་ལམ་གྱིས་མ་འགྲིག་ཚུལ་སོགས་ཤོད་མཁན་ཡོད་མོད། ཞིབ་མོར་བལྟས་ན། བོད་རྒྱའིདབང་འོག་ཏུ་ཤོར་རྐྱེན་དེའང་། མི་གཅིག་གིས་བྱས་ཉེས་མིན་པར། དེ་ལ་བགྲང་བྱ་མང་པོའི་རིང་གི་རྒྱུ་རྐྱེན་ཡོད་ལ། སྐབས་བབས་ཀྱི་གནས་ཚུལ་ཡང་ཡོད། ད་ཆ་བོད་རྒྱ་ཞི་མོལ་ཡོང་དགོས་ན། དེར་འཕྲལ་ཡུན་གྱི་རྒྱུ་རྐྱེན་སྣ་ཚོགས་ཤིག་ཡོད་པ་ལས། དེ་མི་གཅིག་གིས་ཁས་ལེན་ཞིག་གིས་སྒྲུབ་ཐུབ་པ་ཞིག་མིན། ད་ལྟའི་ཆར། རྒྱ་ནག་གཞུང་གིས་བོད་རྒྱ་ཞི་མོལ་ཡོང་བར་ཆ་རྐྱེན་གཉིས་བཏོན་ཡོད།
གཅིག་ནི། ལོ་རྒྱུས་ཐོག་ནས་བོད་རྒྱ་ཁོངས་ཡིན་པ་ཁས་ལེན་དགོས་པ།
གཉིས་པ། ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་བོད་ཅེས་པ་ཡོང་ཐབས་མེད་པ་དེ་རེད།
བསམ་གཞིག་ཅུང་བྱེད་ཤེས་པའི་མི་སུ་ཞིག་གིས་བལྟས་ཀྱང་། ཆ་རྐྱེན་འདི་གཉིས་ཁས་ལེན་སྲིད་པར་མཐོང་ནས་ཆ་རྐྱེན་དུ་བཏོན་པ་ཞིག་མིན་ལ། གལ་ཏེ་ཆ་རྐྱེན་འདི་གཉིས་ཁས་བླངས་ཕྱིན། དེ་ནས་ཞི་མོལ་སང་ཡོང་གནང་ཡོང་དེའང་མ་རེད། ཆ་རྐྱེན་འདི་གཉིས་གནས་སྐབས་རིང་གྲོས་མོལ་གྱི་བརྒྱུད་རིམ་འགོག་ཐབས་སམ། གྲོས་མོལ་བྱེད་མ་འདོད་པའི་རྟགས་མཚན་དང་། གནས་སྐབས་རིང་ཁ་འགོག་ཐབས་ཤིག་རེད། ཇི་ལྟར་ཡང་། རྒྱ་ནག་ལ་མི་དགོས་པ་དེ་དཀའ་ཉོག་ཡིན་ལ། བོད་ལ་ཡང་དེ་མཚུངས་རེད། དེས་ན། དེ་འདྲའི་མི་དགོས་པའི་དཀའ་ཉོག་དེ་སེལ་ཐུབ་མཁན་ཞིག་ཡོད་པ་དེ་ནི། ༧གོང་ས་ཏཱ་ལའི་བླ་མ་ཡིན་པ་ལས། གཞན་སུ་གཅིག་ཀྱང་མེད། ༧གོང་ས་ཏཱ་ལའི་བླ་མའི་ལྷག་བསམ་དང་། མཁྱེན་དཔྱོད། ད་དུང་ཆོས་ཕྱོགས་ཀྱི་སྟོབས་ཤུགས་བཅས་ཀྱིས་བོད་མི་མང་གི་སེམས་ཁམས་གཅིག་ཏུ་བསྡུས་ཤིང་། ཁོང་གིས་ཇི་ལྟར་ལམ་བསྟན་ན། བོད་མི་མང་དེར་ཤར་བསྐྱོད་བྱེད་ངེས་པ། རྒྱ་ནག་གཞུང་གིས་གསལ་རྟོགས་ཡོད་པས། རྒྱ་ནག་གཞུང་ལ་སྟབས་བདེའི་ངང་འབྲེལ་བ་བྱེད་སའི་མི་སྣ་ཞིག་ཡོད་ཡོད་པ་རེད།
མི་སྣ་དེའང་། འབྲེལ་བ་བྱེད་ཐབས་མེད་སའམ། ཆབ་སྲིད་དང་། ལྟ་གྲུབ་ཀྱི་བར་ཐག་ཧ་ཅང་རིང་བའི་མི་སྣ་དེ་འདྲ་མིན་པར། རང་གཞན་གཉིས་ཕན་གྱི་དགོངས་ཡངས་ཟབ་མོ་བཞེས་གནང་མཁན་ཞིག་ཡིན་པ་དེའང་། རྒྱ་ནག་གཞུང་ལ་མེད་དུ་མི་རུང་བའི་དགོས་མཁོ་ཞིག་ཆགས་བསྡད་ཡོད།
དེར་བརྟེན་སྔ་འཕྱི་ཙམ་མ་གཏོགས་རྒྱ་ནག་གིས་དཀའ་ཉོག་འདི་སེལ་ཐབས་བྱེད་ངེས་ལ། དེའང་འདི་སེལ་དགོས་ན། ༧གོང་ས་ཏཱ་ལའི་
བླ་མ་ལ་རེ་རྒྱུ་ལས་གཞན་ལག་པ་གཏོང་ས་སུ་གཅིག་ཀྱང་མེད། ད་དུང་༧གོང་ས་ཏཱ་ལའི་བླ་མ་ནི། བོད་མི་ས་ཡ་ ༦ གི་ཁེ་ཕན་ཙམ་དུ་མ་ཟད། རྒྱ་རིགས་ས་ཡ་ ༤༠༠ ཡས་མས་ཤིག་གི་དད་མོས་ཀྱི་དམིགས་པ་གཏོད་ས་ཡིན་སྟབས།
དེ་འདྲའི་མི་ས་ཡ་མང་པོས་གུས་བཀུར་ཞུ་སའི་
དབུ་ཁྲིད་དེ་བོད་དང་རྒྱ་ནག་ཏུ་གདན་འདྲེན་རྒྱུ་ནི། རྒྱ་མི་རིགས་དང་། རྒྱལ་ཁབ་དེའི་དགོས་
མཁོ་ཆེན་པོ་ཞིག་ཀྱང་ཡིན་པ་འདིས། སླར་ཡང་། ༧གོང་ས་ཏཱ་ལའི་བླ་མ་ནི་བོད་རྒྱ་ཞི་མོལ་གྱི་གསང་བའི་ལྡེ་མིག་རེད་ཅེས་བཤད་ཆོག་པ་ཤེས་ཐུབ། ད་ཆ་རྒྱ་ནག་གི་དཀའ་ངལ་
ཆེ་ཤོས་ཤིག་ནི། བཟང་སྤྱོད་ཉམས་པའི་སྤྱི་ཚོགས་ཤིག་གི་ངོ་བོར་གནས་ཡོད་པ་འདི། གལ་ཏེ་ལེགས་བཅོས་ཤིག་བྱེད་དགོས་ན། དེ་འདྲའི་ལེགས་བཅོས་གནང་ཐུབ་མཁན་དེ་༧གོང་ས་ཏཱ་ལའི་བླ་མ་ཉག་གཅིག་ཡིན་པ་འདི་ཡང་། གུང་ཁྲན་ཏང་གིས་ཤེས་གསལ་ཡིན།
གང་ལྟར། ད་བར་བོད་རྒྱའི་དཀའ་ངལ་སེལ་མ་ཐུབ་པ་དེ་༧གོང་ས་མཆོག་གིས་མ་འཇོན་པ་དང་། གནང་དགོས་ངེས་ཤིག་མ་གནང་བ་རྩ་བ་ནས་མིན་པར། ཁ་གཏད་ཀྱི་དབང་ཤུགས་དང་། གནས་བབ་གཙོར་བཟུང་གིས་རྒྱལ་སྤྱིའི་འགྱུར་འགྲོས་དང་འཁོར་བསྐྱོད་ཅིག་གིས་དབང་གིས་ཡིན་པ་ཤེས་སླ་ལ། རྒྱ་ནག་གུང་
ཁྲན་ཏང་རང་ཉིད་ཀྱང་། ཕྱོགས་མང་པོའི་གནོན་ཤུགས་འོག་འདི་ལྟར་མུ་མཐུད་མདུན་བསྐྱོད་མི་ཐུབ་པའང་ས་རིས་ཐང་གསལ་ཡིན་སྟབས། ང་ཚོ་བོད་མི་རིགས་ཀྱིས་རང་ཚུགས་བརྟན་པོའི་ངང་དང་པོར་རང་ཉིད་བརྟན་
སྲུང་བྱེད་དགོས་ལ། དེ་མཚུངས་འཐབ་རྩོད་རྒྱུན་འཁྱོངས་བྱས་ན། འུ་ཚོའི་སེམས་ལ་བརྣག་བསྡད་པ་དེ་འཐོབ་པའི་ཉིན་མོ་ཞིག་ཡོད་པ་དུས་རབས་ཉེར་གཅིག་པའི་ཤེས་ལྡན་མི་སྣ་སུ་ཞིག་གིས་མི་ཤེས། འདི་ལྟར་བལྟས་ན། ༧གོང་ས་ཏཱ་ལའི་བླ་མ་ནི། བོད་ཀྱི་སྣོད་བཅུད་གཉིས་ཀའི་འོད་སྣང་དེ་གོ་ལ་ཟླུམ་པོ་འདིར་ངོ་སྤྲོད་གནང་མཁན་དེ་ཡིན་ལ། ཡལ་ཉེན་ཆེ་བའི་བསྐལ་བ་ཡ་ཐོག་གི་མི་རིགས་འདི་དང་། འཛམ་གླིང་གཡས་བཞག་གི་ཚུལ་དུ་ངོམས་ཆོག་པའི་བོད་ཀྱི་རིག་གཞུང་འདི་ཉིད་ཆག་འཇིག་གི་གནས་ནས་སྐྱོབ་མཁན་དེའང་ཡིན་པ་མ་ཟད། ཆབ་དཔལ་དམག་ཤུགས་གང་ཅིའི་ཐད་སྟོབས་རྒྱས་པའི་རྒྱ་ནག་དམར་པོའི་གཞུང་གིས། སྟབས་བདེ་བོ་ཞིག་གི་ངང་ནས་བོད་མི་རིགས་རྨེག་མེད་དུ་གཏོང་མ་ཐུབ་པའི་གནད་ཀ་ཡང་། མཐར་གཏུགས་ན།
༧གོང་ས་མཆོག་གིས་གཙོས་རྟེན་འབྱུང་ལྟོས་གྲུབ་ཀྱི་འོད་སྣང་ཞིག་ཡིན་པ་ཤེས་དགོས། དེ་ལྟར་ཤེས་དགོས་ངེས་མང་དག་ཅིག་ཡོད་པ་འདི་ཚོ་ཤེས་ན། ད་གཟོད་ཁྱོད་ལ་ཆེས་མ་མཐའི་ལས་འགན་ཞིག་ཡོད་པ་དེ། ༧གོང་ས་མཆོག་ལ་བརྩི་བཀུར་ཞུ་དགོས་པ་ལས། ཁོང་དགག་རྒྱག་རྒོལ་རྡུང་བྱེད་ས་དེ་མིན་པ་གསལ་རྟོགས་ཡོང་གི་རེད།
ལེགསབཤད་རིན་པོ་ཆེའི་གཏེར་ལས།
ཡོན་ཏན་ལོག་པར་སྦྱངས་པ་འགའ།།
ལེགས་པར་སྦྱངས་པ་ཁྱད་དུ་གསོད།།
ཝ་བ་མེད་ན་གླིང་ཕྲན་འགའ།།
ཡན་ལག་ཉམས་པའི་སྐྱོན་དུ་བྱེད།།
༸གོང་ས་མཆོག་ལ་སྒྲོ་སྐུར་སྣ་ཚོགས་ཀྱིས་སྐྱོན་བརྗོད་བྱེད་མཁན་ཡོད་པ་དེ་རིགས་ལ་སངས་རྒྱས་དངོས་སུ་བྱོན་ནས་དེ་ལྟར་མི་བྱའོ་ཅེས་གསུངས་ནའང་ཉན་མི་སྲིད། དེ་མིན་མཁས་པ་རྣམས་དང་ང་ལྟ་བུའི་རྨོངས་པས་གཅོང་ནད་དེ་སེལ་རྒྱུ་དཀའ་བས་སྣང་མེད་དུ་བཞག་ན་ཡིད་སྨོན་ཅན་ལ་མི་སྙན་པའི་སེམས་འཚོར་སོགས་མི་ཡོང་བའི་ཕན་པ་དང། མི་ངན་པས་བརྗོད་ཚིག་ལ་རྗེས་དེད་ཀྱང་མི་ཞུ་བས་ཉེས་དམིགས་ལས་མཐར།
གཞི་ནས་དེ་ལྟའི་མི་བོད་མི་ས་ཡ་ ༦ ནང་ཆེར་ཉུང་པའི་ངལ་བ་སད་པའི་དོན་ཆུང། གོ་དོན་མ་ནོར་རོགས། དེ་མིན་ད་ལྟ་མཇིང་པ་སྦོམ་པོ་བྱེད་པའི་ནུས་པ་དེ་ཡང་ཁོང་ཉིད་ལས་བྱུང་པ་ལས་གལ་སྲིད་ཁོང་རྒྱ་གར་ཡུལ་དུ་ཞབས་སོར་འཁོད་མེད་པ་དང་ཁོང་གི་བཀྲིན་ལ་བརྟེན་ནས་བོད་པ་ང་ཚོར་རྒྱ་གར་གཞུང་ནས་བཙན་བཅོལ་གོ་སྐབས་གནང་མེད་ན་རྒྱ་དམར་པོས་ལུས་ཀྱི་མགོ་ཡང་བཀྱག་རྒྱུའི་དུས་ཚོད་སྤྲད་མེད་པ་ཤེས་གལ། གཞན་ཁོང་གི་ཆེ་བའི་ཡོན་ཏན་དང་བོད་མི་ང་ཚོར་བརྩེ་པའི་བཀྲིན་སོགས་སུ་མཁས་པས་ཡིག་ལམ་དུ་འབུལ་ཐུབ་ནའང་མིའི་ཚེ་དང་ལོངས་སྤྱོད་ལས་འཇལ་དཀའ་བའི་གནས་ཞིག་མིན་ནམ་བསམ་ལགས་སོ།།